ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཉི་ཧོང་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བཅོས།


Taiwan Japan Defense
Taiwan Japan Defense

༄༅།། རྒྱ་ནག་གི་ཕྱོགས་གཏོགས་པ་ཉི་ཧོང་བའི་ཚོགས་པ་ཁག་གི་ཤུགས་རྐྱེན་ཉམས། ཉི་ཧོང་གཞུང་གིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་རྣམ་འགྱུར་གསལ་པོ་སྟོན་དགོས་ཞེས་ལངས་ཕྱོགས་འཛིན་མཁན་གྱི་ཤོག་ཁག་དེའི་སྟོབས་ཤུགས་རྒྱས།

༄༅།། རྒྱ་ནག་གི་ཕྱོགས་གཏོགས་པ་ཉི་ཧོང་བའི་ཚོགས་པ་ཁག་གི་ཤུགས་རྐྱེན་ཉམས། ཉི་ཧོང་གཞུང་གིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་རྣམ་འགྱུར་གསལ་པོ་སྟོན་དགོས་ཞེས་ལངས་ཕྱོགས་འཛིན་མཁན་གྱི་ཤོག་ཁག་དེའི་སྟོབས་ཤུགས་རྒྱས། ཕྱི་ཟླ་༩་པའི་ཚེས་༡༠་ཉིན་ཉམས་ཞིབ་པ་མ་ས་ཡ་ཨི་ནོ་ཡུས་ཞེས་པ་ཞིག་གིས་དཔྱད་རྩོམ་བྲིས་པ་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་ལུང་འདྲེན་བྱས་པ་ལྟར་ན། ད་ལྟ་ཐེ་ཝན་མཚོ་འགག་གི་ཛ་དྲག་ཇེ་ཆེ་དང་རྒྱ་ནག་གི་དམག་གི་སྟོབས་ཤུགས་རྒྱ་སྐྱེད་འགྲོ་བཞིན་པར་ཡར་ཐོན་རྒྱལ་ཁབ་ཁག་གིས་བློ་འཚབ། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་མིག་དཔེ་བལྟས་ནས་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱས་ཏེ་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་ལ་འགྱུར་བ་ཐེབས་སྲིད་པའི་ཉེན་ཁ་ཆེ་རུ་སོང་། ཉེ་ཆར་ཕྱི་ཟླ་༦་པའི་ནང་ཚོགས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཚོགས་འདུའི་ཐོག་ཏུ་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གནད་འགག་ཆེན་པོ་ཡིན། མཚོ་འགག་ཕྱོགས་གཉིས་ཀྱི་འགལ་ཟླ་རྣམས་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་ཞེས་བཀོད། ལྷག་པར་དུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཚོགས་འཐུས་རྒྱལ་ཁབ་ཨ་མི་རི་ཀ་དང་ཉི་ཧོང་གཉིས་ཀྱིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་རྣམ་འགྱུར་གསལ་པོ་བསྟན། འདི་ནི་ཨ་རི་དང་ཉི་ཧོང་གཉིས་ཀས་ཐེ་ཝན་གྱི་གནད་དོན་གླེང་སློང་བྱས་པ་ཐེངས་གཉིས་པ་ཡིན་ཞིང་། ༢༠༢༡་གི་ཕྱི་ཟླ་༤་པའི་ནང་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་སྐབས་དེའི་ཉི་ཧོང་གི་སྲིད་བློན་སུ་གྷ་གཉིས་ཀྱི་ཆེས་མཐོའི་ཐུག་འཕྲད་གྲོས་མོལ་སྐབས་སུའང་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་ཞེས་ནན་གྱིས་བརྗོད། འདི་ནི་༡༩༦༩་ནས་ཉི་ཧོང་དང་ཨ་མི་རི་ཀའི་འགོ་ཁྲིད་ཚོས་སྤེལ་བའི་ཐུན་མོང་གི་སྤྱི་བསྒྲགས་ནང་དུ་ཐེ་ཝན་ཞེས་འཁོད་པ་ཐེངས་དང་པོ་ཡིན་པའི་གནས་ཚུལ་ཐོན་འདུག

ཉམས་ཞིབ་པ་མ་ས་ཡ་ཨི་ནོ་ཡུའི་དཔྱད་རྩོམ་དེར་འདས་པའི་ལོ་མང་རིང་ཉི་ཧོང་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེ་ཁ་གསལ་མེད་པ་ནི་རྒྱལ་ནང་གི་ཆབ་སྲིད་རྙོག་འཛིང་ཆེ་བ་དེར་ཐུག་འདུག ཉི་ཧོང་གིས་ཆེད་མངགས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེ་ཁ་གསལ་མེད་པར་བཏང་བ་ཞིག་མ་རེད། ཉི་ཧོང་དང་ཨ་རིའི་འབྲེལ་བ། ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ་ཅི་ཞིག་ཡིན་རུང་ཐེ་ཝན་གྱི་གནད་དོན་ནི་ཚོར་སྐྱེན་རྣོ་བར་མ་ཟད། ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་ནང་ཁུལ་དུའང་ཐེ་ཝན་གྱི་ཕྱོགས་གཏོགས་པ་དང་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོས་འཐབ་རྩོད་དྲག་པོ་རྒྱག་གི་འདུག ཐེ་ཝན་གྱི་དམག་འཁྲུག་ལ་ཉི་ཧོང་མཉམ་ཞུགས་བྱེད་དགོས་མིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འབྲེལ་བ་ཆགས་ཡོད་པ་སྟེ། ཉི་ཧོང་གི་རྩ་ཁྲིམས་སུ་ཕྱི་ལ་དམག་དཔུང་གཏོང་མི་ཆོག་ཅེས་བཀོད་ཡོད་པས་གནད་དོན་དེ་རྙིང་ཞེན་རིང་ལུགས་པ་དང་ལེགས་བཅོས་རིང་ལུགས་པའི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་འདུག་ཅེས་བསྟན། ༡༩༦༩་ལོར་ཉི་ཧོང་དང་ཨ་མི་རི་ཀས་སྤེལ་བའི་ཐུན་མོང་གི་སྤྱི་བསྒྲགས་དེར་ཐེ་ཝན་ལ་བཙན་འཛུལ་བྱུང་ཚེ། ཉི་ཧོང་གཞུང་གིས་རང་གི་ས་ཐོག་ཏུ་བཀྲམ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཐེ་ཝན་གྱི་སྲུང་སྐྱོབ་ལ་གཏོང་ཆོག་པའི་འགན་ལེན་ཡོད། ཨ་མི་རི་ཀས་ཨོ་ཀི་ན་ཝ་གླིང་ཕྲན་ཡང་ཉི་ཧོང་ལ་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་ཁས་བླངས། ཉི་ཧོང་གཞུང་གིས་ཐེ་ཝན་གྱི་གནད་དོན་ནི་ཉི་ཧོང་གི་རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་མེད་པ་ཞིག་མིན་པའི་ལངས་ཕྱོགས་བཟུང་། དེ་བཞིན་༡༩༧༢་ལོར་རྒྱ་ནག་ལ་འཁྲུག་རྩོད་མི་སློང་བའི་ཆེད་དུ་ཉི་ཧོང་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཐེ་ཝན་རྒྱ་ནག་ལ་ཕྱིར་སློག་བྱས་པ་ཡིན་ཞེས་གྲོས་མཐུན་ནང་དུ་བཀོད་ཀྱང་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་གང་ལ་ཐེ་ཝན་ཕྱིར་སློག་བྱས་པ་ཡིན་མིན་གསལ་ཁ་མ་གཏད། གྲོས་མཐུན་དེར་ཐེ་ཝན་མཚོ་འགག་ཏུ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་ཞེས་ཚིག་འབྲུ་དེ་དག་ནན་གྱིས་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་མཇུག་དེར་ཡུ་རེ་ཤི་ཡ་བསྐྱར་ཞིབ་གསར་ཁང་གི་དྲྭ་ཚིགས་སུ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་དེ་དག་གི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་དང་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལང་སྲིད་པའི་ཛ་དྲག་ལ་གྲ་སྒྲིག་བྱ་རྒྱུ་འགོ་ཚུགས། ཉི་ཧོང་གི་རྒྱལ་སྲུང་ལྷན་ཁང་གིས་རི་ཡུ་ཀིའུ་གླིང་ཚོམ་ཐོག་ཏུ་སྣུམ་མཛོད་དང་མདེལ་མཛོད་འཛུགས་སྐྲུན་བྱ་རྒྱུའི་གྲོས་མགོ་བཏོན། རི་ཡུ་ཀིའུ་གླིང་ཚོམ་ནི་ཐེ་ཝན་དང་རྒྱང་ཐག་སྤྱི་ལེ་༡༡༠་ལས་མེད་ཅིང་། རྒྱལ་སྲུང་བློན་ཆེན་ཧ་མ་དྷས་ཉི་ཧོང་གི་ལྷོ་ནུབ་གླིང་ཚོམ་དེའི་ཐོག་ཏུ་མདེའུ་མཚོན་སྐྱེལ་འདྲེན་བྱས་ནས་འགོག་རྒོལ་གྱི་ནུས་པ་ཆེ་རུ་གཏོང་དགོས། ཨོ་ཀི་ན་ཝ་དང་ཀི་ཡུ་ཤུ་གླིང་ཕྲན་གཉིས་ཀྱི་བར་དུ་ཆགས་པའི་ཨ་མ་མཱི་ཨོ་ཤི་མ་གླིང་ཕྲན་ཐོག་ཏུའང་མདེལ་མཛོད་འཛུགས་སྐྲུན་བྱ་རྒྱུ་ཡིན། ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་དང་ཐེ་ཝན་གྱི་དམག་འཁྲུག་སྐབས་སུ་ཨ་མི་རི་ཀའི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པར་ས་གནས་གཞན་ཁག་ཏུའང་སྣུམ་མཛོད་དང་མདེལ་མཛོད་འཛུགས་སྐྲུན་བྱ་འཆར་ཡོད་ཅེས་བསྒྲགས། ༢༠༢༢་ལོའི་ཉི་ཧོང་གི་རྒྱལ་སྲུང་ཡིག་ཆ་དཀར་པོ་དེར་ནན་སེ་གླིང་ཚོམ་ཐོག་ཏུ་འཕུར་མདེལ་དང་གློག་ཆས་མཚོན་ཆ་བཙུགས་ནས་འཐབ་འཁྲུག་གི་ནུས་པ་ཆེ་རུ་གཏོང་འཆར་ཡོད་ཅེས་འཁོད། ད་ལོ་ཉི་ཧོང་གི་གླིང་ཕྲན་གསུམ་གི་ཐོག་ཏུ་གློག་ཆས་མཚོན་ཆའི་རུ་ཁག་༣་བཙུགས། ༢༠༢༣་ལོར་ཐེ་ཝན་དང་ཆེས་ཐག་ཉེའི་མཚོ་ནང་དུ་ཆགས་པའི་ཉི་ཧོང་གི་ཡོ་ན་གུ་ཎི་གླིང་ཕྲན་ཐོག་ཏུ་གློག་ཆས་མཚོན་ཆའི་དམག་དཔུང་འགྲེམ་འཇོག་བྱ་རྒྱུ། ༢༠༡༦་ནས་ཉི་ཧོང་གིས་ཡོ་ན་གུ་ཎི་གླིང་ཕྲན་ཐོག་ཏུ་དམག་མི་༡༦༠་ཡས་མས་ཤིག་བཀྲམ། ལོ་རྗེས་མའི་ཕྱི་ཟླ་༣་པའི་ནང་དུ་ཉི་ཧོང་གིས་ཨོ་ཀི་ན་ཝའི་ལྷོ་ནུབ་ཕྱོགས་ཀྱི་ཨི་ཤི་གྷ་ཀི་གླིང་ཕྲན་ཐོག་ཏུ་དམག་གྲུ་རྩ་གཏོར་དང་བར་སྣང་དུ་འཕེན་རྒྱུའི་འཕུར་མདེལ་འཛུགས་འཆར་ཡོད་འདུག ༢༠༡༩་ལོར་ཉི་ཧོང་གིས་ཨ་མ་མཱི་ཨོ་ཤི་མ་གླིང་ཕྲན་དང་༢༠༢༠་ལོར་མཱི་ཡ་ཀོ་གླིང་ཕྲན་ཐོག་ཏུ་འཕུར་མདེལ་བཙུགས།།

༢༠༢༢་ལོའི་ཉི་ཧོང་གི་རྒྱལ་སྲུང་ཡིག་ཆ་དཀར་པོར་ཐེ་ཝན་གྱི་ཚན་པ་དེ་ལྡབ་གཉིས་ཆེ་རུ་བཏང་སྟེ་ཐེ་ཝན་གྱི་ཉེ་འཁོར་དུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་ནི་ཉི་ཧོང་གི་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་གསལ་བཀྲོལ་བྱས་ཤིང་། ཀྲོག་ཁིའོ་རྒྱལ་སྤྱིའི་ཡེ་ཤུའི་སློབ་གྲྭ་ཆེན་མོའི་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་སེ་ཊེ་ཧྥེན་ན་གྷིས་བཤད་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་གྱི་མཚོ་འོག་བརྡ་འཕྲིན་སྐུད་ཐག་རྣམས་གཅོད་ཐུབ་པ་དང་འཕྲུལ་རིག་ལག་རྩལ་ལ་གཏོར་བཤིག ཐེ་ཝན་མཚོ་འགག་གི་གནས་བབ་ལ་འགྱུར་བ་གཏོང་ཐུབ་པ་བཅས་ཀྱིས་མཚོ་གླིང་དེ་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་འགག་རྩ་ཞིག་ཏུ་གྱུར། ཉི་ཧོང་གི་སྲིད་བློན་འདས་པོ་ཤིན་ཛོ་ཨ་བྷེ་དང་སྲིད་བློན་གཞོན་པ་ཟུར་པ་ཏ་རོ་ཨ་སོ། དེ་བཞིན་ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་གནད་ཡོད་སྲིད་དོན་པ་མང་དག་ཅིག་གིས་ཐེ་ཝན་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་གླེང་སློང་ཤུགས་ཆེན་བྱུང་། ཉམས་ཞིབ་པ་སེ་ཊེ་ཧྥེན་ན་གྷིས་དེང་སྐབས་ཉི་ཧོང་གཞུང་གིས་སྔ་མོ་ནས་ཐེ་ཝན་གྱི་བདེ་འཇགས་དང་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་གཉིས་གཅིག་ཏུ་འབྲེལ། ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱུང་ན་ཉི་ཧོང་གི་ཕྱི་དགྲའི་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་ཞེ་ཕུགས་ཀྱི་ལྟ་བ་རྣམས་མངོན་གསལ་དོད་པོས་ཕྱི་ལ་སྒྲོགས་ཀྱི་ཡོད་པ་རེད་ཅེས་བཀྲལ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ལ་འཚམས་འདྲིར་མ་ཕེབས་གོང་དུ་ལོ་འདིའི་ཕྱི་ཟླ་༥་པར་ཎི་ཀེ་གསར་འགྱུར་ལས་ཁང་གིས་ཉི་ཧོང་བ་ཚོར་སྐད་ཆ་དྲིས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༩༠་ལྷག་གིས་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལང་སྲིད་པར་ཉི་ཧོང་གིས་གྲ་སྒྲིག་བྱེད་དགོས་ཀྱི་འདུག་ཅེས་ལན་བཏབ། ཉི་ཧོང་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༡་གིས་རྩ་ཁྲིམས་ལ་འགྱུར་བཅོས་བཏང་ནས་གྲ་སྒྲིག་བྱ་དགོས་ཟེར། ཉི་ཧོང་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༦༡་གིས་སྔོན་ཆད་ཉི་ཧོང་གི་དམག་སྟོབས་རྒྱ་བསྐྱེད་ནས་ཇུས་ཉེས་བྱུང་ཡང་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་ལན་གླན།།

ཨ་རིའི་ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་དང་ཨེ་ཤི་ཡའི་ཆབ་སྲིད་ཉམས་ཞིབ་པ་ཧྥུ་མཱི་ཀོ་སཱ་ས་ཀིས་བཤད་པ་ལྟར་ན། ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་རྒྱ་ནག་གིས་དམག་སྦྱོང་བྱས་ནས་འབེན་ཕོག་འཕུར་མདེལ་༥་ཉི་ཧོང་དམིགས་བསལ་དཔལ་འབྱོར་བསྟི་གནས་ཀྱི་མཚོ་ཁོངས་སུ་ཕོག་པ་རེད། ཉི་ཧོང་བ་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དགྲ་ཟླ་ཞིག་ཡིན་པའི་འདུ་ཤེས་ཤུགས་ཆེ་རུ་ཕྱིན་འདུག མི་དམངས་ཀྱི་ལྟ་ཚུལ་ལ་འགྱུར་བ་ཐེབས་ཀྱི་ཡོད་པར་ཉི་ཧོང་གཞུང་གིས་བསམ་ཞིབ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་དགོས། ཉི་ཧོང་བ་མང་དག་ཅིག་ཨ་མི་རི་ཀར་དོགས་པ་ཡོད་པས་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་གལ་ཆེ། ད་དུང་ཉི་ཧོང་གིས་རྡུལ་ཕྲན་མཚོན་ཆ་བཟོ་དགོས་པའི་ལྟ་ཚུལ་འཛིན་མཁན་ཡང་འདུག ཨུ་རུ་སུས་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱས་པ་དང་ཡུཀ་རེན་གྱི་དམག་འཁྲུག་ལ་ཨ་མི་རི་ཀས་བར་འགོག་བྱ་རྒྱུར་ཐེ་ཚོམ་འཛིན་གྱི་ཡོད་པས་ཐེ་ཝན་ལ་དམག་འཁྲུག་ལངས། ཉི་ཧོང་དང་རྒྱ་ནག་གཉིས་ཀྱིས་དམག་འཁྲུག་བརྒྱབ་ཀྱང་ཨ་མི་རི་ཀས་ཉི་ཧོང་ལ་སྲུང་སྐྱོབ་བྱ་རྒྱུ་ངེས་གཏན་བྲལ་ཞེས་ཉི་ཧོང་མི་དམངས་ཀྱི་གྲས་སུ་ཨ་མི་རི་ཀར་ཡིད་ཆེས་མེད་མཁན་ཇེ་མང་དུ་སོང་འདུག་ཅེས་བཤད། ལོ་ཤས་གོང་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་བ་དང་རྒྱ་དམག་གིས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ཉི་ཧོང་གཞུང་གིས་མངོན་གསལ་མེད་པར་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ཁག་འགྱུར་བཏང་སྟེ་ཉི་ཧོང་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་རྣམ་འགྱུར་སྟོན་རྒྱུ་མངོན་གསལ་ཇེ་དོད་དུ་གཏོང་བཞིན་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༨་པའི་ཚེས་༢༠་ཉིན་ཌིབ་ལོ་མེ་ཊི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་ཏ་ཀ་ཧ་ཤི་ཞེས་པའི་ཉི་ཧོང་བ་ཞིག་གིས་དཔྱད་རྩོམ་བྲིས་པ་དེར་འཁོད་པ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ་དང་རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་ཚུགས། ཉི་ཧོང་ལ་ཐེ་ཝན་སྲུང་སྐྱོབ་བྱེད་ཐུབ་པའི་དམག་གི་སྟོབས་ཤུགས་མེད་པ་ངོས་ཟིན། དེར་བརྟེན་ཕྱི་ཟླ་༨་པའི་ཚེས་༦་དང་༧་གཉིས་ལ་ཉི་ཧོང་གི་ཞིབ་འཇུག་ཁང་ཞིག་གིས་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གདན་འདྲེན་ཞུས་ནས་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་པའི་སྐབས་སུ་ཉི་ཧོང་གཞུང་གིས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སྦྱོང་བརྡར་སྤྲད། སྦྱོང་བརྡར་དེའི་སྐབས་སུ་༢༠༢༧་ལོ་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་དྲན་ཡིན་པ་དང་ཐེ་ཝན་ལ་བཙན་འཛུལ་བྱུང་། རྒྱ་ནག་གིས་སན་ཁ་ཀུའམ། ཏིའོ་ཡུའི་གླིང་ཕྲན་གྱི་བདག་དབང་བརྩད་ནས་ཉི་ཧོང་ལ་འཁྲུག་རྩོད་བསླངས། ཉི་ཧོང་གིས་ཐེ་ཝན་ལ་སྲུང་སྐྱོབ་དང་དེང་སྐབས་ཉི་ཧོང་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་གླིང་ཕྲན་དེ་དག་གི་བདག་དབང་ལ་སྲུང་སྐྱོབ་ཀྱིས་རྒྱ་ནག་ལ་ཕྱོགས་གཉིས་ནས་གདོང་ལེན་བྱེད་དགོས་པར་འགྱུར། ཐེ་ཝན་གྱི་དམག་འཁྲུག་སྐབས་སུ་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་དེར་འཕྲལ་དུ་འགྱུར་བ་ཐེབས་རྒྱུ་ཡིན་མིན། ཐེ་ཝན་གྱི་གནས་བབ་ལ་འགྱུར་བ་ཐེབས་ན་ཉི་ཧོང་གི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ཡིན་མིན་རྟོག་ཞིབ་བྱ་དགོས། ཐེ་ཝན་གྱི་དམག་འཁྲུག་བརྒྱུད་ནས་ཉི་ཧོང་ལ་ཐད་ཀར་རྒོལ་རྡུང་འཕོག་རྒྱུ་ཡིན་མིན། ཉི་ཧོང་གཞུང་གིས་གནས་ཚུལ་འབྱུང་སྲིད་པ་དེ་དག་ལ་སྔོན་ནས་བསམ་ཞིབ་བྱས་ནས་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས་པའི་ལམ་སྟོན་བྱས་འདུག

XS
SM
MD
LG