ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཉི་ཧོང་གི་གཡས་ཤོག་པ་ཚོས་རྩ་ཁྲིམས་འགྱུར་བཅོས་གཏོང་ཐབས། 


༄༅།། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གིས་དམག་དཔུང་རྒྱུན་འཛིན་བྱེད་མི་ཆོག་པའི་རྩ་ཁྲིམས་ཤིག་གཏན་ལ་ཕབ། འདས་པའི་ལོ་༧༥་ལྷག་ལ་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀས་འགན་ལེན་བྱས་ནས་དཀའ་ངལ་མ་འཕྲད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དམག་དཔུང་རྒྱ་སྐྱེད་དང་ཉི་ཧོང་ལ་འཁྲུག་རྩོད་སློང་རྒྱུ་ཇེ་མང་དུ་སོང་། དེར་བརྟེན་ཉི་ཧོང་གི་སྲིད་དོན་པ་ལྟ་བ་མཁྲེགས་འཛིན་ཅན་ཚོས་རྒྱལ་ཁབ་ཀྱི་ཞི་བའི་རྩ་ཁྲིམས་བསྐྱར་བཅོས་བྱེད་དགོས་ཞེས་གླེང་སློང་བྱེད་འགོ་ཚུགས། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་གསར་དུ་གྲོས་ཚོགས་ཀྱི་འོས་འདེམས་སྐབས་སུ་རྒྱལ་ཁ་ཐོབ་པའི་ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་གཡས་ཤོག་གི་ལྟ་བ་འཛིན་པའི་གྲོས་ཚོགས་འཐུས་མི་ཚོས་རྩ་ཁྲིམས་འགྱུར་བཅོས་བཏང་སྟེ་ཉི་ཧོང་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་གཏོང་དགོས་པའི་བསམ་བློ་གཏོང་གི་ཡོད་ཅིང་། ཐོག་མ་དེར་ཉི་ཧོང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གསུམ་ཆའི་གཉིས་ལྷག་རྩ་ཁྲིམས་འགྱུར་བཅོས་གཏོང་རྒྱུ་དེར་འཐད། གཉིས་པ་དེར་ཉི་ཧོང་གི་འོས་འདེམས་སྐབས་སུ་ཉི་ཧོང་གསར་གཏོད་ཚོགས་པ་ཞེས་པའི་ལྟ་བ་མཁྲེགས་འཛིན་གྱི་སྲིད་དོན་ཚོགས་པ་ཞིག་ལ་གྲོས་ཚོགས་འཐུས་མི་༤༡་གི་གདན་གྲངས་ཐོབ་སྟེ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་ཨང་གསུམ་པར་གྱུར། འཐུས་མི་དེ་དག་གིས་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་ལྟ་བ་མཁྲེགས་འཛིན་ཅན་གྱི་འཐུས་མི་ཚོར་རྒྱབ་སྐྱོར་བྱ་རྒྱུ། གསུམ་པ་དེར་ཉི་ཧོང་གི་མི་མང་དམངས་གཙོ་ཚོགས་པ་ཞེས་པའི་རྙིང་ཞེན་ཚོགས་པ་དང་ཉི་ཧོང་གསར་གཏོད་ཚོགས་པ་གཉིས་མཉམ་འབྲེལ་བྱས་ནས་ཁྱོན་བསྡོམས་ཤོག་ཁག་དེར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་༥༢་ཀྱི་གདན་གྲངས་ཐོབ། དེས་ན་ཉི་ཧོང་གི་རྩ་ཁྲིམས་འགྱུར་བཅོས་གཏོང་རྒྱུ་དེར་རྒྱབ་སྐྱོར་བྱེད་མཁན་འཐུས་མི་མང་བ་ཡོད་པའི་གནས་ཚུལ་ཐོན།།

གལ་སྲིད་ཉི་ཧོང་གི་རྩ་ཁྲིམས་སུ་དམག་འཁྲུག་གཏན་དུ་སྤང་དགོས། ཉི་ཧོང་གིས་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་རྒྱུན་འཛིན་བྱེད་མི་ཆོག་ཅེས་འཁོད་པའི་དོན་ཚན་༩་པར་བསྐྱར་བཅོས་བྱེད་ཚེ། ཉི་ཧོང་གཞུང་གིས་སླར་ཡང་དམག་དཔུང་རྩ་འཛུགས་བྱེད་ཆོག་པ་དང་རྒྱ་ནག་གིས་བཙན་འཛུལ་བྱས་ནས་དགོས་ངེས་བྱུང་ན་ཐེ་ཝན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆོག་པའི་རང་དབང་འཐོབ་རྒྱུ་ཡིན་ཞིང་། ༢༠༢༡་ལོ་འདིར་ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་ལྟ་བ་མཁྲེགས་འཛིན་པ་ཚོས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་ལངས་ཕྱོགས་བཟུང་། ད་ལྟའི་བར་དུ་ཉི་ཧོང་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་ཐུབ་མེད་ཀྱང་༢༠༡༢་ནས་ཉི་ཧོང་གི་རང་སྲུང་དམག་དཔུང་གི་ནུས་པ་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་དང་བྱང་ཀོ་རི་ཡའི་ཉེན་ཁ་འགོག་རྒྱུ་མགོ་བརྩམས། ༢༠༡༣་ལོར་སྲིད་བློན་ཤིན་ཛོ་ཨ་བྷེས་རྒྱལ་ཡོངས་བདེ་འཇུགས་འཐབ་ཇུས་གསར་གཏོད་བྱས་པར་མ་ཟད། ༢༠༡༤་ལོར་ཉི་ཧོང་གི་རྩ་ཁྲིམས་དོན་ཚན་༩་པའི་གོ་དོན་ལ་མཚན་ཉིད་གསར་པ་ཞིག་བཞག་ནས་ཉི་ཧོང་གིས་ཕྱིའི་རྒྱལ་ཁབ་ཁག་གི་མཚོ་དམག་ལ་མཉམ་འབྲེལ་ཐོག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཆོག་ཅེས་གསར་དུ་བཀྲལ། ༢༠༡༥་ལོར་ཉི་ཧོང་གི་གྲོས་ཚོགས་སུ་གྲོས་གཞི་དེར་འོས་ཤོག་འཕངས་པའི་སྐབས་སུ་མི་དམངས་དང་ཕྱོགས་འགལ་ཚོགས་པ་ཁག་གིས་ངོ་རྒོལ་དྲག་པོ་བྱུང་། ༢༠༡༨་ལོར་ཉི་ཧོང་གཞུང་གིས་ལོ་བཅུའི་རྒྱལ་སྲུང་འཆར་གཞི་ཞེས་པའི་ཡིག་ཆ་གསར་པ་ཞིག་བཀྲམ་ནས་མཚོ་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུའི་ཐག་བཅད། ད་སྔ་ཉི་ཧོང་གི་དམག་གྲུ་དེ་དག་གི་ཐོག་ཏུ་ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་འཁྱེར་ཐུབ་ཀྱི་མེད་པ་རེད།།

ཉི་ཧོང་གི་གྲོས་ཚོགས།
ཉི་ཧོང་གི་གྲོས་ཚོགས།

དེང་སྐབས་ཉི་ཧོང་གསར་གཏོད་ཚོགས་པ་གྲོས་ཚོགས་སུ་འཐུས་མི་གྲངས་མང་ཨང་གསུམ་པར་གྱུར་ཡོད་པས་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་ནང་དུ་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས། ཉི་ཧོང་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་གཏོང་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པའི་འཐུས་མི་ཚོས་རྩ་ཁྲིམས་ལ་འགྱུར་བཅོས་གཏོང་དགོས་པའི་གྲོས་གཞི་འདོན་རྒྱུ་ཉག་ཅིག་ཏུ་གྱུར། ཉི་ཧོང་གི་གྲོས་ཚོགས་འོག་མར་འཐུས་མི་༤༦༥་ཡི་གདན་གྲངས་ཡོད་པའི་ཁོངས་ནས་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པ་དང་དེའི་མཐུན་གྲོགས་ཉི་ཧོང་གསར་གཏོད་ཚོགས་པར་འཐུས་མི་༣༤༥་ཡི་གདན་གྲངས་ཐོབ། འདི་ནི་ཉི་ཧོང་གི་གྲོས་ཚོགས་སུ་འཐུས་མི་གསུམ་ཆའི་གཉིས་ལོངས་དགོས་ན་གདན་གྲངས་༣༢༤་འཐོབ་དགོས་པ་དེ་ལས་མང་བ་ཐོབ་ཡོད་པས་རྩ་ཁྲིམས་འགྱུར་བཅོས་གཏོང་ཐུབ་རྒྱུའི་ནུས་པ་ཆེ་རུ་སོང་། འོན་ཀྱང་ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་འཐུས་མི་མང་པོ་ཞིག་ལ་རྩ་ཁྲིམས་འགྱུར་བཅོས་དང་དམག་དཔུང་རྩ་འཛུགས་བྱ་རྒྱུའི་འདོད་པ་མེད་པ། ལྷག་པར་དུ་ཉི་ཧོང་གི་ན་གཞོན་ཚོས་དམག་དཔུང་བསྐྱར་འཛུགས་དང་རྒྱལ་སྲུང་འགྲོ་གྲོན་སྤར་རྒྱུ་དེར་རྒྱབ་སྐྱོར་བྱེད་དཀའ། ཉི་ཧོང་གི་ན་གཞོན་ཚོས་ཉིན་རེའི་འཚོ་བའི་དཀའ་ངལ་སེལ་ཐབས་དང་དབུལ་ཕྱུག་དོ་མཉམ་མེད་པ་སྙོམས་དགོས་པའི་བསམ་བློ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། ཨ་མི་རི་ཀའི་དབང་སྒྱུར་འོག་ཏུ་གཏན་ལ་ཕབ་པའི་ཉི་ཧོང་གི་རྩ་ཁྲིམས་སུ་བུད་མེད་ལ་ཐོབ་ཐང་འདྲ་མཉམ་དང་རྒྱལ་ཁབ་ཀྱི་བདག་དབང་མི་དམངས་ལ་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་གསར་འགོད་རང་དབང་། ཉི་ཧོང་གཏན་དུ་དམག་དཔུང་མེད་པའི་ཞི་བདེའི་རྒྱལ་ཁབ་ཅིག་ལ་གནས་དགོས་ཞེས་འཁོད། ཉི་ཧོང་གི་གཡོན་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་འགྱུར་བ་བཏང་ན་མི་དམངས་ཀྱི་ཐོབ་ཐང་དེ་རྣམས་ཕྱིར་བསྡུ་བྱེད་སྲིད་ཅེད་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

བདུན་ཕྲག་སྔོན་མར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་རྩ་ཁྲིམས་ལ་འགྱུར་བཅོས་གཏོང་ཐུབ་མེད་ཀྱང་དོན་དངོས་སུ་ཉི་ཧོང་གི་དམག་དོན་ཡར་རྒྱས་གཏོང་མི་ཆོག་པའི་ཁྲིམས་ཡིག་དེ་ནུས་མེད་དུ་གྱུར་འདུག ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་དང་འཇར་མན་ཎིའི་རྒྱལ་སྲུང་བློན་ཆེན་གཉིས་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཉམ་འབྲེལ་བྱ་དགོས། འཇར་མན་གྱི་དམག་གྲུ་ཞིག་ཉི་ཧོང་གི་མཚོ་ཁར་བབས་པ་ནི་འཇར་མན་གཞུང་གིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས་པ་གནད་འགག་ཆེན་པོར་རྩི་བཞིན་པའི་རྟགས་མཚན་རེད་ཅེས་གནས་ཚུལ་སྤེལ། འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་མངའ་ཁུལ་དེ་འཛམ་གླིང་གི་དམག་དོན་འཐབ་ཇུས་ལ་ཆེས་གནད་འགག་ཅན་ཞིག་ཏུ་གྱུར་ཡོད། མངའ་ཁུལ་འདི་རང་དབང་དང་ཞི་བདེ། འཛམ་གླིང་གི་བདེ་སྡུག་བཅས་ལ་འབྲེལ་བ་ཡོད་པ་དང་ང་ཚོས་རང་གི་དམག་གྲུ་ཞིག་བཏང་ནས་འཇར་མན་ཎིས་ཐུན་མོང་གི་ལྟ་གྲུབ་ལ་གོང་བཀུར་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་བཤད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་དང་འཇར་མན་ཎི་གཉིས་ཀར་ཕམ་ཉེས་བྱུང་སྟེ་འཇར་མན་ཎི་ཤར་ནུབ་གཉིས་སུ་དུམ་བུར་བགོས། ཉི་ཧོང་ཨ་མི་རི་ཀའི་དབང་སྒྱུར་འོག་དང་ཨ་རིས་གཏན་ལ་ཕབ་པའི་རྩ་ཁྲིམས་ཀྱི་དབང་སྒྱུར་འོག་ཏུ་ཚུད། དུས་རབས་༢༡་པ་འདིར་ཉི་ཧོང་དང་འཇར་མན་ཎི་གཉིས་ཀས་དམག་གི་སྟོབས་ཤུགས་སླར་གསོ་བྱེད་དགོས་པ་ཞིག་ཏུ་གྱུར།།

ཨ་རི་དང་ཉི་ཧོང་། ཧྥ་རན་སི་བཅས་ཀྱི་མཉམ་འབྲེལ་དམག་སྦྱོང་།
ཨ་རི་དང་ཉི་ཧོང་། ཧྥ་རན་སི་བཅས་ཀྱི་མཉམ་འབྲེལ་དམག་སྦྱོང་།

ཉི་ཧོང་གི་རྩ་ཁྲིམས་ལ་འགྱུར་བཅོས་བཏང་སྟེ་བསྐྱར་དུ་དམག་དཔུང་རྩ་འཛུགས་བྱེད་ཆོག་མིན་ལ་ཨ་མི་རི་ཀས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཐུབ། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༩་པའི་ཟླ་དཀྱིལ་དེར་ཉི་ཧོང་གི་སྐམ་དམག་༡༠༠༠༠༠་ལྷག་གིས་ལྕགས་ཁྲབ་འཁོར་ལོ་དང་རླངས་འཁོར་༢༠༠༠་ཡས་མས། དམག་འཐབ་གནམ་གྲུ་༡༢༠་བཏང་ནས་མཉམ་འབྲེལ་དམག་སྦྱོང་ཆེན་པོ་ཞིག་བྱས་ཤིང་། ཨ་རིའི་མོས་མཐུན་མེད་པར་ཉི་ཧོང་གིས་དམག་སྦྱོང་བྱེད་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་གིས་ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དཔུང་འཛུལ་དང་རྒྱ་སྐྱེད་གཏོང་གི་ཡོད་པ་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་ཐད་ཀར་འབྲེལ་བ་འདུག ཉི་ཧོང་གི་སྐམ་དམག་སྦྱོང་བརྡར་འདི་འཐབ་འཁྲུག་གི་ནུས་པ་ཆེ་རུ་གཏོང་རྒྱུ་དང་བཙན་འཛུལ་ལ་འགོག་རྒོལ། དམག་སྡེ་རེ་རེས་རང་གི་ལས་འགན་འགྲུབ་ཐུབ་རྒྱུ་དམིགས་འབེན་དུ་བཟུང་ནས་དམག་སྦྱོང་བྱེད་ཀྱི་ཡོད། ཉི་ཧོང་ལ་ཚུར་རྒོལ་བྱུང་ན་ང་ཚོར་བཙན་འགོག་གི་ནུས་པ་ཡོད་པ་ཞིག་བྱེད་ཐུབ་རྒྱུའི་གདེང་ཚོད་ཡོད། ད་ལྟའི་དུས་སྐབས་འདིར་ཉི་ཧོང་གི་མཐའ་འཁོར་ཡོངས་སུ་ཞི་བདེ་བརྟན་ལྷིང་མེད་པའི་ཛ་དྲག་ཆེ་རུ་འགྲོ་བཞིན་འདུག་ཅེས་ཉི་ཧོང་གི་དམག་དཔོན་ཞིག་གིས་གསར་འགོད་པའི་དྲི་བར་ལན་བཏབ། བྱང་ཀོ་རི་ཡས་ཉི་ཧོང་གི་རྒྱ་མཚོའི་ནང་དུ་འཕུར་མདེལ་ཚོད་ལྟ་བྱས་ནས་ཉེན་ཀ་འབྱུང་གི་ཡོད་པ་དང་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ་ནས་ཉི་ཧོང་གི་བདེ་འཇགས་ལ་ཉེན་ཁ་འཕྲད། ཉི་ཧོང་གི་དམག་དཔོན་ཚོས་རང་གི་ཁ་གཏད་པ་སུ་ཡིན་རྒྱལ་ཁབ་ངོས་འཛིན་དང་མིང་འབོད་བྱེད་ཀྱི་མེད་ཀྱང་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་ཇེ་མང་དུ་གཏོང་གི་ཡོད་པ་དང་དམག་གི་སྟོབས་ཤུགས་རྒྱ་སྐྱེད། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འཁྲུག་རྩོད་སློང་གི་ཡོད་པར་དམིགས་ནས་ཉི་ཧོང་གིས་དམག་སྦྱོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG