༄༅།། སང་ཉིན་གཟའ་པ་སངས་ཉིན་ཐེ་ཝན་དང་ཉི་ཧོང་གི་གཞུང་འཛིན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོས་དྲྭ་ལམ་དུ་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་སོགས་ལ་གྲོས་མོལ་བྱ་རྒྱུའི་གནས་ཚུལ་ཐོན། ཕྱི་ཟླ་༨་པའི་ཚེས་༢༦་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་དང་ཐེ་ཝན་གྱི་གཞུང་འཛིན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོའི་གྲོས་མོལ་དེ་རྒྱ་ནག་གི་འཇིགས་སྐུལ་དང་བཙན་འཛུལ་གྱི་ཉེན་ཁ་ཡོད་པར་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྱི་གྲོས་མོལ་ཞིག་རེད། འདི་ནི་ཉི་ཧོང་གིས་གྲོས་མགོ་བཏོན་པའི་ཐེ་ཝན་དང་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མོལ་ཐེངས་དང་པོ་ཡིན་ཞིང་། ད་ཐེངས་ཀྱི་གྲོས་མོལ་སྐབས་སུ་ཕྱི་འབྲེལ་དང་རྒྱལ་སྲུང་། མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་གནད་དོན་ཁག་ལ་གྲོས་མོལ་བྱ་འཆར་འདུག་ཅེས་གནས་ཚུལ་སྤེལ། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལཱོ་ཊི་ཁྲེང་གིས་སང་ཉིན་གྱི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་ཚུད་པའི་གནད་དོན་ཁག་ཅིག་ལ་གྲོས་མོལ་བྱ་འཆར་ཡོད་ཅེས་བསྒྲགས། ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་སཱ་ཏོས་ནོར་སྲིད་ཚགས་པར་གྱི་གསར་འགོད་པར་ང་ཚོས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ཡོད། དེས་ན་གྲོས་མོལ་འདི་ཐེ་ཝན་དང་ཉི་ཧོང་གི་བློན་ཆེན་རིམ་པའི་གྲོས་མོལ་གྱི་ཚབ་བྱེད་ཆོག ཐེ་ཝན་གྱི་མདུན་ལམ་ནི་ཉི་ཧོང་གི་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ལ་འབྲེལ་བ་དམ་ཟབ་ཡོད་པས་གྲོས་མོལ་འདི་གནད་འགག་ཆེན་པོ་ཡིན། ཉི་ཧོང་གིས་ཐེ་ཝན་གྱི་གནས་སྟངས་དེ་ངོས་འཛིན་འདི་འདྲ་ཞིག་བྱེད་ཀྱི་ཡོད། མ་འོངས་པར་ཉི་ཧོང་དང་ཐེ་ཝན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅེས་བཤད།།
ལཱོ་ཊི་ཁྲེང་ནི་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་རྒྱལ་སྤྱིའི་ལས་དོན་ཁང་གི་འགོ་ཁྲིད་ཡིན་པ་དང་སཱ་ཏོ་ནི་ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཁང་གི་འགོ་ཁྲིད་རེད། གྲོས་ཚོགས་འཐུས་མི་ལཱོ་ཊི་ཁྲེང་གིས་ཐེ་ཝན་དང་ཉི་ཧོང་གི་གཞུང་འཛིན་ཚོགས་པའི་གྲོས་མོལ་བརྒྱུད་ནས་རྒྱ་ནག་ལ་ཕོག་ཐུག་གཏོང་མི་ཕོད་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དེ་ཚོར་ཐེ་ཝན་གྱིས་འབྲེལ་བ་རྒྱ་བསྐྱེད་གཏོང་ཐུབ་པའི་གོ་སྐབས་ཡོད་སྲིད་ཅེས་བསྟན། ཁ་སྔོན་ཕྱི་ཟླ་༧་པའི་ཚེས་༢༩་ཉིན་སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེ་ཚུད་པའི་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་དྲྭ་ལམ་དུ་ཚོགས་འདུ་ཚོགས་ནས་ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་སྡུར་བྱུང་། ད་ལོའི་ཕྱི་ཟླ་༤་པའི་ཚེས་༩་ཉིན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཕོ་བྲང་དཀར་པོར་ཉི་ཧོང་གི་སྲིད་བློན་སུ་གྷར་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་ཕྱོགས་གཉིས་ཀྱི་སྤྱི་བསྒྲགས་ནང་དུ་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་པ་གནད་འགག་ཆེན་པོ་ཡིན་ཞེས་བཀོད། ༡༩༧༠་དོན་གྲངས་སུ་ཉི་ཧོང་གིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་བཟུང་། ཉི་ཧོང་གི་སྲིད་བློན་ཞིག་གིས་ཨ་རིའི་སྲིད་འཛིན་ལ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་སྤྱི་བསྒྲགས་ནང་དུ་ཐེ་ཝན་གྱི་གནད་དོན་གླེང་སློང་བྱུང་བ་ཐེངས་དང་པོ་ཡིན་པར་མ་ཟད། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་རྒྱུ་ཇེ་མང་། རྒྱ་ནག་གིས་རྒྱ་གར་དང་ལྷོ་ཤར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་ཧམ་འཛིན་བྱེད་ཀྱིན་ཡོད་པས་ཨ་རི་དང་ཉི་ཧོང་གཉིས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པར་གྱུར།།
འདས་པའི་ལོ་མང་རིང་ཉི་ཧོང་གིས་རྒྱ་ནག་ལ་འཛེམ་ཟོན་དང་བསྟུན་མཁས་བྱས་ནས་ཐེ་ཝན་ལ་རྒྱབ་སྐྱོར་དང་ཐེ་ཝན་གྱི་གནད་དོན་གླེང་སློང་བྱེད་ཐུབ་མེད་མོད། འོན་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་ཉི་ཧོང་གི་རྒྱལ་སྲུང་ཡིག་ཆ་དཀར་པོའི་ནང་དུ་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་ཅེས་བཀོད། ཉི་ཧོང་དང་ཐེ་ཝན་གྱི་གཞུང་འཛིན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོའི་གྲོས་མོལ་དེར་རྒྱ་ནག་གིས་འཕྲལ་དུ་ཁ་རྡུང་དྲག་པོ་བཏང་ཡོད་པ་སྟེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་རྒྱལ་ཁབ་གང་འདྲ་ཞིག་གིས་ཐེ་ཝན་ལ་གཞུང་འབྲེལ་གྱི་རྣམ་པ་བསྟན་ནས་གྲོས་མོལ་བྱེད་ན་ང་ཚོས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཐེ་ཝན་གྱི་གནད་དོན་ནི་ཉི་ཧོང་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འབྲེལ་བའི་རྨང་རྩར་ཐུག་ཡོད། ཉི་ཧོང་གིས་གཏམ་སྤྱོད་གཉིས་ཐོག་ཏུ་གཟབ་ནན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ༢༠༡༦་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་ཕྱི་འབྲེལ་དང་དམག་གི་སྟོབས་ཤུགས། དཔལ་འབྱོར་དང་ཚོང་ལས་ཀྱི་སྟོབས་ཤུགས་བཀོལ་ནས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཁེར་རྐྱང་དུ་འཇོག་རྒྱུ། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་མཚོ་གླིང་དེར་འབྲེལ་བ་གཅོད་དགོས་ཞེས་གནོན་ཤུགས་སྤྲད། དེ་བཞིན་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་རྡུལ་ཕྲན་གྱི་འབར་མདེལ་འཁྱེར་པའི་དམག་གི་གནམ་གྲུ་རྣམས་རྟག་ཏུ་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་ནས་སྡིགས་ར་བསྐུལ། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ན་སྐད་ཅིག་ཉིད་དུ་ཕམ་ཉེས་སུ་གཏོང་ཐུབ། ཐེ་ཝན་གྱིས་ཨ་མི་རི་ཀར་བློ་གཏད་ན་ཨབ་གྷ་ཎི་སི་ཐན་ལ་ཅི་ཞིག་འབྱུང་གི་ཡོད་པ་འབྱུང་ངེས་རེད་ཅེས་ཆེད་བརྗོད་སྤེལ་ནས་འུར་སྒྲོགས་དགྲ་བཅོམ་གྱི་ལས་སུ་བྲེལ། ཨ་རི་དང་ཐེ་ཝན་གཉིས་ཀས་ཝ་ཤིང་ཊོན་དང་ཐེ་པེའི་འབྲེལ་བ་ནི་བྲག་རི་བཞིན་དུ་བརྟན་པོ་ཡིན་ཞེས་ལན་བཏབ།།
ཨ་རིའི་གཟའ་འཁོར་དུས་དེབ་ལ་གནས་ཚུལ་བཀོད་པ་ལྟར་ན། གཟའ་པ་སངས་ཀྱི་གྲོས་མོལ་སྐབས་སུ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ། རྒྱ་ནག་གི་དམག་གི་སྟོབས་ཤུགས་ཉི་ཧོང་དང་ཐེ་ཝན་གཉིས་ཀར་ཉེན་ཁ་ཞིག་ཡིན་པ་སོགས་ལ་གྲོས་མོལ་བྱ་རྒྱུ། ཐེངས་འདིའི་གྲོས་མོལ་ནི་དུས་ཡུན་བདུན་ཕྲག་གཅིག་གི་ནང་ཚུད་དུ་བཀོད་སྒྲིག་བྱུང་ཞིང་། ཟླ་བ་སྔོན་མར་འགྲེམ་སྤེལ་བྱས་པའི་ཉི་ཧོང་གི་རྒྱལ་སྲུང་ལྷན་ཁང་གི་ཡིག་ཆ་དཀར་པོར་ཐེ་ཝན་གྱི་གནད་དོན་སྔར་ལས་ལྷག་པའི་ཛ་དྲག་ཅིག་ལ་བརྩིས་ནས་གཙིགས་སུ་འཛིན་དགོས་ཞེས་བཀོད། ཉི་ཧོང་གི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་སཱ་ཏོ་དང་ཏ་ཀུ་ཨོ་ཛུ་ཁ། ཐེ་ཝན་གྱི་གཞུང་འཛིན་གྲོས་ཚོགས་འཐུས་མི་ལཱོ་ཊི་ཁྲེང་དང་ཚེ་ཧྲི་དབྱིང་བཅས་ཀྱི་གྲོས་མོལ་ལ་གཉིས་དང་གཉིས་ཀྱི་གྲོས་མོལ་ཞེས་འབོད། ཁ་སང་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་ཤེ་པེ་ཧྥན་གྱིས་གྲོས་ཚོགས་འཐུས་མི་ལཱོ་དང་ཚེ་གཉིས་ཀྱིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོར་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མོལ་བྱ་འཆར་ཡོད། ཁོང་ཚོས་གྲོས་མོལ་རྗེས་སུ་གསར་འགོད་པ་ཚོར་གྲོས་མོལ་གྱི་ནང་དོན་ཞིབ་ཕྲ་ཁག་གསལ་བསྒྲགས་བྱ་འཆར་ཡོད་ཅེས་བཤད། ནོར་སྲིད་ཚགས་པར་གྱི་གསར་འགོད་པས་རྒྱ་ནག་གིས་ཉི་ཧོང་ལ་ཐེ་ཝན་གྱི་གནད་དོན་ཐོག་ཏུ་ཐེ་ཇུས་བྱེད་མི་ཆོག་ཅེས་ཉེན་བརྡ་གཏོང་གི་ཡོད་ཀྱང་ཉི་ཧོང་གིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་གྲོས་མོལ་དང་དོ་སྣང་བྱེད་ཀྱི་འདུག འདི་ནི་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་སྲིད་པའི་རྟགས་མཚན་རེད་ཅེས་རྩོམ་ཡིག་སྤེལ།།
ཉི་ཧོང་གི་གྲོས་ཚོགས་འཐུས་མི་སཱ་ཏོས་ནོར་སྲིད་ཚགས་པར་གྱི་གསར་འགོད་པར་ཐེ་ཝན་ལ་ལེགས་ཉེས་ཅི་ཞིག་བྱུང་ཡང་ཉི་ཧོང་གི་དཔལ་འབྱོར་དང་བདེ་འཇགས་ལ་འབྲེལ་བ་ཡོད། ང་ཚོས་ཐེ་ཝན་གྱི་མདུན་ལམ་ལ་གྲོས་མོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད། ཐེ་ཝན་གྱི་སྲིད་དོན་པ་ཚོས་མཚོ་གླིང་དེར་ཉི་ཧོང་གིས་གདེང་འཇོག་ཆེན་པོར་བྱེད་ཀྱི་ཡོད་པར་དགའ་ཚོར་བྱུང་བ་དང་སེམས་ཤུགས་འཕེལ་སོང་ཟེར། ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རཱི་སི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དང་ཝྭི་ཏེ་ནམ་ལ་འཚམས་འདྲིར་ཕེབས་ཡོད་པའི་སྐབས་སུ་ཉི་ཧོང་དང་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོའི་གྲོས་མོལ་བྱ་རྒྱུའི་ཞིབ་ཕྲའི་གནས་ཚུལ་རྣམས་ཕྱི་ལ་བསྒྲགས། སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རཱི་སིས་རྒྱ་ནག་གིས་མུ་མཐུད་དུ་བཙན་དྲག་དང་འཇིགས་སྐུལ་བྱས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་ཧམ་རྩོད་བྱེད་ཀྱི་འདུག རྒྱ་ནག་གི་ཧམ་རྩོད་ནི་ཁྲིམས་འགལ་ཡིན་པ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཉེན་ཁ་བྱུང་ན་ཨ་མི་རི་ཀ་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྒྱབ་རྩར་ལང་རྒྱུ་ཡིན་ཞེས་ནན་བརྗོད་བྱས་ཤིང་། ནོར་སྲིད་ཚགས་པར་གྱི་གསར་འགོད་པས་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་སྲིད་པར་དོགས་ཟོན་བྱས་ནས་ཨ་མི་རི་ཀ་དང་ཉི་ཧོང་གི་དམག་དོན་མི་སྣ་ཚོས་གྲོས་མོལ་ལྷུག་པོ་བྱ་འཆར་འདུག་ཅེས་གནས་ཚུལ་སྤེལ། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ས་ཏོས་ང་ཚོས་ཐེ་ཝན་ལ་ཐད་ཀར་དམག་གི་འབྲེལ་བ་འཛིན་མི་ཐུབ་ཀྱང་མཚོ་ཐོག་ཏུ་རང་བཞིན་དང་སྟེས་དབང་གིས་བྱུང་བའི་རྐྱེན་ངན་གོད་ཆག་ཁག་ལ་གདོང་ལེན་བྱེད་པར་མཉམ་འབྲེལ་གྱི་སྦྱོང་བརྡར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་འབོད་སྐུལ་ཞུས་འདུག