ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཨི་ཊ་ལི་རྒྱུད་གཅིག་ལམ་གཅིག་ཁོངས་ནས་འཐེན་རྒྱུ་དང་ནུབ་ཆིངས་རྒྱ་སྐྱེད། 


སྲིད་བློན་མེ་ལོ་ཎིའི་སྲིད་ཇུས་དང་སྲིད་འཛིན་བྷ་ཌན
སྲིད་བློན་མེ་ལོ་ཎིའི་སྲིད་ཇུས་དང་སྲིད་འཛིན་བྷ་ཌན

༄༅།། ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིའི་གཡས་ཤོག་གི་ལྟ་བ་འཛིན་པའི་སྲིད་བློན་མེ་ལོ་ཎི་དང་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གཉིས་ཕོ་བྲང་དཀར་པོར་ཐུག་འཕྲད་གྲོས་མོལ་བྱུང་བའི་རྗེས་སུ་ཨི་ཊ་ལི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དང་ནུབ་ཆིངས་ཨེ་ཤི་ཡར་རྒྱ་སྐྱེད་བྱ་དགོས་པའི་གླེང་སློང་བྱ་རྒྱུ་འགོ་ཚུགས། ཕྱི་ཟླ་༨་པའི་ཚེས་༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་མེ་ལོ་ཎི་དང་བྷ་ཌན་གྱི་གྲོས་མོལ་དེ་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ཚོང་ལས་རྒྱ་ནག་ལ་བརྟེན་རྒྱུ་ཤུགས་ཆུང་དུ་གཏོང་དགོས་པའི་གྲོས་མོལ་བྱེད་ཀྱི་ཡོད་པའི་ཆ་ཤས་སུ་གཏོགས། ཨི་ཊ་ལི་ནི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་གྲས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཁོངས་སུ་ཞུགས་མཁན་རྒྱལ་ཁབ་གཅིག་པུ་དེ་ཡིན་ཞིང་། ལོ་རྗེས་མའི་ཕྱི་ཟླ་༣་ནང་ཨི་ཊ་ལི་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་ཡིན་མིན་ཐག་གཅོད་བྱ་དགོས། སྲིད་བློན་མེ་ལོ་ཎིས་ཨི་ཊ་ལི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ།།

རྒྱུད་གཅིག་ལམ་གཅིག་ནི་ཞིས་ཅིན་ཕིང་གིས་རྒྱ་ནག་ནས་ཞི་བདེ་རྒྱ་མཚོ་དང་ཨ་ཧྥི་རི་ཀ ཨི་ཊ་ལི་བརྒྱུད་ནས་ཡུ་རོབ་གླིང་དུ་རྒྱ་ལམ་དང་ལྕགས་ལམ་འཛུགས་སྐྲུན་བྱས་ནས་ཚོང་ལས་རྒྱ་བསྐྱེད། དུས་རབས་༢༡་པའི་རྒྱ་ནག་གི་དར་གོས་ཚོང་ལམ་ཞིག་འཛུགས་རྒྱུའི་དམིགས་ཡུལ་ཡིན་འདུག ཨི་ཊ་ལི་ལོ་བཞིའི་གོང་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཁོངས་སུ་ཞུགས། སྲིད་བློན་མེ་ལོ་ཎིས་རྒྱ་ནག་དང་ཨི་ཊ་ལིའི་འབྲེལ་བ་སྡུག་ཏུ་མ་ཕྱིན་པར་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཕྱིར་འཐེན་བྱེད་པའི་ཐབས་ལམ་ཞིག་འཚོལ་གྱི་ཡོད་ཟེར། སྲིད་འཛིན་བྷ་ཌན་དང་སྲིད་བློན་མེ་ལོ་ཎི་གཉིས་ཝ་ཤིང་ཊོན་དུ་གྲོས་མོལ་བྱུང་བའི་རྗེས་སུ་ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་གྷི་ཏོ་ཀ་རོ་སེ་ཏོས་ང་ཚོ་ཧོལ་རྒྱུག་བྱས་ནས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཁོངས་སུ་ཞུགས་ཏེ་ཇུས་ཉེས་ཚབས་ཆེན་བྱུང་སོང་། རྒྱ་ནག་འགྲན་རྩོད་པ་ཞིག་ཡིན་པ་ལས་ཟླ་གྲོགས་ཤིག་མིན་པ་གསལ་པོ་རེད། ང་ཚོས་རྒྱ་ནག་དང་ཨི་ཊ་ལིའི་འབྲེལ་བར་གནོད་སྐྱོན་མ་ཕོག་པར་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཕྱིར་འཐེན་ཇི་ལྟར་བྱ་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་ཅེས་གླེང་།།

ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་གྷི་ཏོ་ཀ་རོ་སེ་ཏོས་
ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་གྷི་ཏོ་ཀ་རོ་སེ་ཏོས་


ཕྱི་ཟླ་༨་པའི་ཚེས་༥་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་གཙིགས་སུ་བཟུང་བའི་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཨི་ཊ་ལི་ཕྱིར་འཐེན་བྱ་རྒྱུའི་རྟགས་མཚན་ཐོན་སོང་། ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་གྱི་སྐད་ཆ་ནི་རྒྱ་ནག་གིས་ཨི་ཊ་ལི་བརྒྱུད་ནས་ཡུ་རོབ་ལ་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་རྒྱུན་འཁྱོངས་བྱ་རྒྱུར་ལམ་ལྷོངས་འབྱུང་རྒྱུ་མིན་པའི་སྔ་ལྟས་སུ་མངོན། ད་ལོའི་སྟོན་ཁར་སྲིད་བློན་མེ་ལོ་ཎི་རྒྱ་ནག་ལ་བསྐྱོད་ནས་ཐག་གཅོད་དེ་ཞིས་ཅིན་ཕིང་ལ་ཐད་ཀར་འགྲེལ་བཤད་རྒྱག་འཆར་འདུག མེ་ལོ་ཎི་འོས་བསྡུར་འགྲན་ཞུགས་བྱས་པའི་དུས་ནས་ཨི་ཊ་ལི་རྒྱུད་གཅིག་ལམ་གཅིག་ཁོངས་སུ་ཞུགས་པ་ནི་ནོར་འཁྲུལ་རེད་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན། ༢༠༠༦་ནས་༢༠༡༥་བར་དུ་ཨི་ཊ་ལིའི་དཔལ་འབྱོར་བློན་ཆེན་གྱི་གོ་གནས་བཟུང་བའི་ལས་སྣེ་ཟུར་པ་ལོ་རེན་ཛོ་ཀོ་ཌོག་ནོས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དཔལ་འབྱོར་གྱི་ཚོང་ལམ་ཞིག་མིན་པར་ཆབ་སྲིད་ཀྱི་ལག་ཆ་ཞིག་རེད། ང་ཚོ་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཕྱིར་འཐེན་ཇི་ལྟར་བྱ་དགོས་མིན་གནད་དོན་གཙོ་བོ་དེ་རེད་ཅེས་བསྟན།།

སྲིད་བློན་མེ་ལོ་ཎིའི་སྲིད་ཇུས་དང་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་གཉིས་ངོ་བོ་གཅིག་ཏུ་འདྲེས། ཨ་མི་རི་ཀས་རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཉེན་ཁ་ཞིག་ཏུ་བརྩིས། ཚོང་ལས་དང་ཟེ་རླངས་ཉུང་འཕྲི་ཐོག་ཏུ་ཨ་རིས་རྒྱ་ནག་ལ་མཉམ་འབྲེལ་བྱ་རྒྱུ། རྒྱ་ནག་གིས་གཞན་ལ་བཙན་དྲག་བཀོལ་བཞིན་པ་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་གཏོང་གི་ཡོད་པར་ཁ་གཏད་གཅོག་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། སྲིད་བློན་མེ་ལོ་ཎིས་ང་ཚོ་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱ་ནག་ལ་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བསྒྲགས། ཡིན་ནའང་ཨི་ཊ་ལི་དང་དབྱིན་ཡུལ། ཉི་ཧོང་གསུམ་མཉམ་འབྲེལ་བྱས་ནས་འཐབ་འཛིང་གནམ་གྲུ་གསར་བཟོ་དང་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ཁོངས་སུ་ཞུགས་རྒྱུའི་རྣམ་འགྱུར་གསལ་པོ་བསྟན། དབྱིན་ཇི་དང་ཨི་ཊ་ལི་གཉིས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཡིན་པས་ཉི་ཧོང་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པ་རྒྱ་ནག་གིས་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར།།

ཨི་ཊ་ལིའི་གཡས་ཤོག་གི་ལྟ་བ་འཛིན་པའི་སྲིད་བློན་མེ་ལོ་ཎི་
ཨི་ཊ་ལིའི་གཡས་ཤོག་གི་ལྟ་བ་འཛིན་པའི་སྲིད་བློན་མེ་ལོ་ཎི་

ཨེ་ཤི་ཡ་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གིས་ཨ་མི་རི་ཀར་མ་གཏོགས་དམག་དོན་ཐོག་ཏུ་མཉམ་འབྲེལ་བྱས་མྱོང་མེད་མོད། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐུབ་ཚོད་དང་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་འཇིགས་སྐུལ། རྒྱ་ནག་གིས་གཞན་གྱི་དགག་བྱ་ལ་ཉན་འཇོག་མེད་པར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་ཅིག་བཙན་འཕྲོག་དང་གླིང་ཕྲན་གསར་པ་འཛུགས་སྐྲུན། ལྷག་པར་དུ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ཉི་ཧོང་དོགས་འདྲོག་ལངས། དེར་བརྟེན་ཉི་ཧོང་གི་རྒྱལ་སྲུང་སྲིད་ཇུས་ལ་འགྱུར་བཅོས་དང་མཚོན་ཆ་བཟོ་སྒྲུན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་མགོ་བརྩམས། ཁ་སྔོན་ཕྱི་ཟླ་༦་པའི་ནང་ཡུ་རོབ་མཉམ་འབྲེལ་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གིས་ནུབ་ཆིངས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་སྐྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད། རྒྱ་ནག་གི་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་ལ་གནོད་སྐྱོན་འཕོག་ན་དེ་ལ་ལན་པ་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

ཕྱི་ཟླ་༨་པའི་ཚེས་༦་ཉིན་ཨེན་བྷི་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༩་ལོར་ཨི་ཊ་ལི་རྒྱ་ནག་གི་རྒྱུད་གཅིག་ལམ་ཁོངས་སུ་ཞུགས་རྒྱུའི་ཐག་བཅད་པར་ཨ་རིས་སྐྱོན་བརྗོད་དང་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཅིག་གིས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་བཙུགས་པར་ཨ་མི་རི་ཀར་ཕོག་ཐུག་བྱུང་། ཁ་སང་གཟའ་ཉི་མའི་ཉིན་ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་གྱིས་འདས་པའི་ལོ་གསུམ་གྱི་རིང་ང་ཚོས་རྒྱ་ནག་ལ་ཚ་ལུ་མ་དོ་པོ་ཁག་ཅིག་བཙོངས་པ་ཡིན། རྒྱ་ནག་གིས་ཨི་ཊ་ལིར་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་ལྡབ་གསུམ་མང་དུ་བཏང་སོང་ཞེས་བཀྲལ། ཨི་ཊ་ལིའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧྥི་ལི་པོ་ཧྥ་སུ་ལོས་ང་ཚོ་རྒྱུད་གཅིག་ལམ་གཅིག་གི་ཁོངས་སུ་ཞུགས་རྒྱུའི་གྲོས་མཐུན་བཞག་པ་ནི་བློ་སེམས་བདུད་ལ་གཏད་པ་རེད་ཅེས་མཐུན་གྲོགས་རྒྱལ་ཁབ་ཚོས་ངོས་འཛིན་བྱས་པ་རེད། ད་ལྟ་ཨི་ཊ་ལི་ནུབ་ཕྱོགས་དང་ཨ་མི་རི་ཀའི་ཕྱོགས་སུ་ལངས་ཏེ་རྒྱ་ནག་ལ་འབྲེལ་བ་བརྟན་པོ་ཞིག་འཛིན་རྒྱུ་ཡིན་ཟེར་གྱི་ཡོད་པ་དེ་པེ་ཅིང་ལ་འགྲེལ་བཤད་རྒྱག་དཀའ་ཞེས་དཔྱད་བརྗོད་སྤེལ།།

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ནང་དུ་ཨི་ཊ་ལིའི་རྒྱལ་སྲུང་བློན་ཆེན་གྱི་སྐད་ཆ་དེ་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ཨི་ཊ་ལིའི་གཡས་ཤོག་སྲིད་དོན་པ་ཚོས་གནོན་ཤུགས་སྤྲད་ནས་བཤད་པ་ཞིག་རེད་ཅེས་རྩོམ་ཡིག་བྲིས། རྒྱ་ནག་གི་མི་དམངས་སློབ་ཆེན་གྱི་ཡུ་རོབ་ཞིབ་འཇུག་ལྟེ་གནས་ཁང་གི་སློབ་དཔོན་ཝང་དབྱི་ཝེས་ད་ལྟའི་ཨི་ཊ་ལིའི་སྲིད་གཞུང་དེ་ཨ་རིའི་ཕྱོགས་གཏོགས་རེད། དེ་ནི་ཁོ་ཚོའི་ཐག་གཅོད་ཡིན་པ་དང་ང་ཚོ་དེར་བློ་ཕམ་ཡོད་ཅེས་སྨྲས། ཨི་ཊ་ལིའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཧྥི་ལི་པོ་ཧྥ་སུ་ལོས་སྲིད་གཞུང་སྔོན་མའི་ཁོངས་སུ་ལས་སྣེ་ཉམས་མྱོང་ཅན་མི་འདུག ཁོ་ཚོས་རྒྱལ་སྤྱིའི་གནས་སྟངས་ལ་འཕོ་འགྱུར་མྱུར་དུ་ཐེབས་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ་པ་རེད་ཅེས་བཤད། ༢༠༡༩་ལོར་ཞིས་ཅིན་ཕིང་དངོས་སུ་ཨི་ཊ་ལིར་བསྐྱོད་ནས་དུས་རབས་༡༣་པའི་ནང་དུ་མར་ཀོ་ཕོ་ལོ་རྒྱ་ནག་ཏུ་བསླེབས་ནས་ཤར་ནུབ་རིག་གཞུང་བརྗེ་ལེན་གྱི་སྲོལ་འབྱེད་པར་གྱུར་པ་རེད། དེ་ནས་བཟུང་སྟེ་རྒྱ་ནག་དང་ཨི་ཊ་ལིའི་མཛའ་འབྲེལ་ལ་འགལ་ཟླ་བྱུང་མེད་ཅེས་རྒྱུད་གཅིག་ལམ་གཅིག་གི་གྲོས་མཐུན་ལ་མིང་རྟོགས་བཀོད།།

རྒྱ་ནག་ལ་དཔལ་འབྱོར་འཕེལ་རྒྱས་དང་ཁྲོམ་ར་ཆེན་པོ། མི་འབོར་མང་བ་བཅས་ཀྱིས་ཨི་ཊ་ལི་ཁོ་ན་མིན་པར་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཏེ་འབྲེལ་བ་སྲ་བརྟན་གཏོང་རྒྱུའི་ཐབས་སུ་འབད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ལམ་ལུགས་སྲ་བརྟན་དང་ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ། རིག་དངོས་བདག་དབང་རྣམས་བཙན་འཕྲོག ཕྱི་རྒྱལ་གྱི་ཚོང་པ་ཚོར་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱ་རྒྱུ་ཇེ་མང་། ཏོག་དབྱིབས་ནད་ཡམས་སྐབས་སུ་རྒྱ་ནག་གིས་སྒོ་རྒྱ་བསྡམས་ནས་འཛམ་གླིང་ཡོངས་ལ་དངོས་ཟོག་ཆད། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ནས་རྒྱ་ནག་ལ་ཚོང་དམག་བསླངས་པའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས། རྒྱ་ནག་གི་མི་དམངས་སློབ་ཆེན་གྱི་ཡུ་རོབ་ཞིབ་འཇུག་ལྟེ་གནས་ཁག་གི་ཉམས་ཞིབ་པ་ཧྥ་སན་སེ་སི་ཀོ་སི་སི་ཡིས་སྲིད་བློན་མེ་ལོ་ཎིས་ཨ་མི་རི་ཀར་འབྲེལ་སྲ་བརྟན་འཛུགས་རྒྱུ་དང་ཨི་ཊ་ལི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཁོངས་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་ནི་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་འགྱུར་གྱི་ཡོད་པའི་རྟགས་མཚན་རེད་ཅེས་བཤད་འདུག

XS
SM
MD
LG