ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲོས་མཐུན། 


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་བར་འདུམ་འོག་ཏུ་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་གཞུང་ཚབ་པ་འཇོག་རེས་བྱ་རྒྱུའི་གྲོས་མཐུན་བྱུང་ཞིང་། འདི་ནི་ཨི་ཇེབ་དང་འཇོར་ཌན་གྱི་འཕྲོ་ནས་ཨ་རབ་རྒྱལ་ཁབ་གཅིག་གིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་པ་ཨང་གསུམ་པ་དེར་གྱུར་འདུག ཨ་མི་རི་ཀར་བཅའ་སྡོད་ཨི་སི་རལ་གྱི་གཞུང་ཚབ་པས་ཨི་རིའི་ཧྥོཀ་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་ནི་འགོ་འཛུགས་ཙམ་ཡིན། ཨི་སི་རལ་གྱིས་ཨ་རབ་རྒྱལ་ཁབ་མང་པོ་ཞིག་ལ་ཞི་བའི་གྲོས་མཐུན་འཇོག་ཐུབ་པའི་གདེང་ཚོད་ཡོད། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མའི་གཞུང་གིས་ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུ་དེར་འབད་བརྩོན་མ་བྱས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཤུགས་སྣོན་བརྒྱབ་ནས་དོན་འབྲས་སོན་པ་རེད། སྲིད་འཛིན་ཌོ་ནལ་ཊམ་གྱི་བར་འདུམ་དང་རྒྱབ་སྐྱོར་རྣམས་ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱི་ཞི་བའི་གྲོས་མཐུན་འདིར་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། ང་ཚོས་ཞི་བའི་གྲོས་མཐུན་ཞིག་འཇོག་པར་ས་ཆ་བློས་གཏོང་བྱས་མེད། འདི་ནི་སྔོན་ཆད་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་རེད་ཅེས་བསྔགས་བརྗོད་བྱས་འདུག

པ་ལི་སི་ཐན་བ་ཚོས་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པར་ངོ་རྒོལ་དང་བློ་ཕམ། ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱིས་པ་ལི་སི་ཐན་མི་དམངས་དང་ཁ་ཆེ་ཆོས་ལུགས་ཀྱི་གནས་མཆོག་ཨང་གསུམ་པ་ཨལ་ཨཀ་ས་ཁ་ཆེའི་ལྷ་ཁང་གི་བདག་དབང་བློས་བཏང་བ་རེད། ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་དང་འཛམ་གླིང་གི་ཁ་ཆེའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་གཉིས་ཀས་ཨི་སི་རལ་ལ་ཕྱི་འབྲེལ་མི་འཛུགས་པ་དང་ཞི་བའི་གྲོས་མཐུན་མི་འཇོག་པ། པ་ལི་སི་ཐན་གྱི་ས་ཐོག་ཏུ་ཨི་སི་རལ་ཞེས་པའི་རྒྱལ་ཁབ་ཚུགས་ཡོད་པར་ངོས་ལེན་མི་བྱེད་པའི་རྩ་དོན་ལ་རྒྱབ་འགལ་བྱས་པ་རེད་ཅེས་སྐྱོན་བཙུགས། ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་གཉིས་ཀས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དགོས་པ་ནི་ཨི་རན་གྱིས་དཀྱིལ་ཤར་ས་ཁུལ་ཡོངས་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་ཡོད་པར་འབྲེལ་བ་ཡོད། ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ཞི་བའི་གྲོས་མཐུན་བཞག་ཚེ། འཛམ་གླིང་གི་ཁ་ཆེ་ཆོས་དད་པ་མང་ཙམ་ཨལ་ཨཀ་ས་ཁ་ཆེའི་ལྷ་ཁང་ལ་གནས་སྐོར་དུ་ཡོང་ཐུབ་པའི་དགེ་མཚན་འདུག དྷུ་བྷེ་ནས་ནས་ཨི་སི་རལ་གྱི་ཊི་ལི་ཝུའུ་གྲོང་ཁྱེར་བར་དུ་མཁའ་ལམ་གྱི་འགྲིམ་འགྲུལ་སྟབས་བདེ་བོ་འདུག་ཅེས་རྒྱུ་མཚན་བགྲངས། ལོ་ན་༦༠་ཐམ་པར་སོན་པའི་པ་ལི་སི་ཐན་བ་ཀ་མལ་ཨ་ཐོན་ཞེས་པ་ཞིག་གིས་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤུན་ཟླ་ཚོས་ཨལ་ཨཀ་ས་ཁ་ཆེའི་ལྷ་ཁང་འཆི་ལམ་དུ་རྫོང་གི་འདུག་ཅེས་སྡུག་སྐད་བརྒྱབ། གསར་འགོད་པས་པ་ལི་སི་ཐན་བ་དེར་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁ་ཆེ་ཚོ་གནས་སྐོར་དུ་ཡོང་ན་དགའ་བསུ་ཡོད་དམ་ཞེས་དྲིས། ཨི་སི་རལ་ལ་ངན་འབྲེལ་བྱེད་མཁན་སོ་ཌི་ཨ་རེ་བྷི་ཡའི་མི་ཚོར་ང་ཚོས་རྣམ་འགྱུར་གང་འདྲ་ཞིག་བསྟན་པ་བཞིན་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་མང་གནས་སྐོར་བ་ཚོ་ལའང་རྣམ་འགྱུར་གཅིག་མཚུངས་ཤིག་སྟོན་རྒྱུ་ཡིན་པ་བརྗོད་ཅི་དགོས་ཞེས་ལན་བཏབ།།

པ་ལི་སི་ཐན་བ་ཚོས་སྔ་མོ་ནས་ཤར་ཇཱེ་རུ་ས་ལམ་ནི་མ་འོངས་པར་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཚུགས་པའི་དུས་སུ་པ་ལི་སི་ཐན་གྱི་རྒྱལ་སར་འགྱུར་དགོས་པའི་དམིགས་ཡུལ་འཆང་སྟེ་གྲོང་ཁྱེར་དེའི་བདག་དབང་བློས་གཏོང་གི་མེད་ཅིང་། འཛམ་གླིང་གི་ཨ་རབ་རྒྱལ་ཁབ་ཁག་དང་ཁ་ཆེའི་རྒྱལ་ཁབ་ཁག་གིས་ཀྱང་རང་གི་ཆོས་ལུགས་ཀྱི་གནས་མཆོག་ཨང་གསུམ་པ་ཨལ་ཨཀ་ས་ཁ་ཆེ་ལྷ་ཁང་གི་བདག་དབང་པ་ལི་སི་ཐན་བ་ཚོས་འཛིན་དགོས་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་གཡོ་བ་མེད་པ་ཞིག་བྱ་དགོས་པའི་བསམ་བློ་གཏོང་གི་ཡོད། འོན་ཀྱང་ཨ་མི་རི་ཀའི་གནོན་ཤུགས་དང་ཨི་རན་གྱི་ཤུགས་རྐྱེན་རྒྱ་སྐྱེད་ཀྱི་ཉེན་ཁ། ཨི་སི་རལ་རྒྱལ་ཁབ་ཆུང་ཆུང་དེ་དཀྱིལ་ཤར་ས་ཁུལ་གྱི་དམག་དོན་དང་དཔལ་འབྱོར། འཕྲུལ་རིག་ལག་རྩལ་དང་བྱེ་ཐང་རྣམས་སྔོ་ལྗང་ཅན་དུ་སྒྱུར་པའི་འཕྲུལ་རྩལ་འགྲན་ཟླ་བྲལ་བ། ཨི་སི་རལ་དཀྱིལ་ཤར་ས་ཁུལ་དུ་ཨི་རན་གྱི་སྟོབས་ཤུགས་རྒྱ་སྐྱེད་ལ་ཁ་གཏད་གཅོག་མཁན་གཙོ་བོ་དེར་གྱུར་ཡོད་པས་སོ་ཌི་ཨ་རེ་བྷི་ཡ་སོགས་ཀྱི་ནང་སུ་ཎི་ཆོས་རྒྱུད་ཀྱི་རྗེས་འཇུག་པའི་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་དགྲར་འཛིན་བྱ་རྒྱུ་ཤུགས་ཆུང་དུ་བཏང་ནས་འབྲེལ་བ་འཛུགས་དགོས་པའི་རྣམ་འགྱུར་སྟོན་གྱི་ཡོད་པར་མ་ཟད། པ་ལི་སི་ཐན་དང་ཨི་སི་རལ་གྱི་ཞི་བའི་གྲོས་མོལ་བྱས་ནས་ལོ་༤༠་ཡས་མས་འགྲོ་གྲབས་ཡོད་ཀྱང་དེ་ལ་གྲུབ་འབྲས་ཡག་པོ་ཞིག་སྟོན་རྒྱུ་མེད་པར་ཡི་ཐང་ཆད་ཀྱི་ཡོད་པའི་རྣམ་པ་ཞིག་ཐོན་འདུག ལོ་ན་༤༥་ལ་སོན་པའི་ཨལ་ཤིབ་ཞེས་པ་ནི་ཨི་སི་རལ་གྱི་ཨ་རབ་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ཅིག་ཡིན་ཞིང་། ཁོ་པས་ངས་ཏ་ཟིག་མཚོ་ཁུག་གི་ཨ་རབ་རྒྱལ་ཁབ་ཁག་གི་མི་དམངས་ལ་སྡང་ཟུག་བྱེད་ཀྱི་མེད། རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ཚོས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་ནས་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁྲི་འཛིན་རྒྱལ་སྲས་ནི་ཁྱི་རྒན་ཁྱི་ནག་ཅིག་རེད། ཁོ་པར་འབྲེལ་བ་འཛིན་རྒྱུ་ནི་ཨི་སི་རལ་ལ་འབྲེལ་བ་བཙུགས་པ་ལས་ཀྱང་སྡུག་གི་རེད། ཁྱི་རྒན་དེ་ཚོར་རང་གི་ཁེ་ཕན་དང་རང་ཉིད་གཅིག་པུ་མ་གཏོགས་བསམ་རྒྱུ་མེད་པས་འཆི་དུས་དམྱལ་བར་འགྲོ་རྒྱུ་ཉག་ཅིག་རེད་ཅེས་སྡིགས།།

ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱིས་མིང་རྟགས་བཀོད་པའི་ཞི་བའི་གྲོས་མཐུན་དེའི་ཞིབ་ཕྲ་རྣམས་གསར་འགོད་པ་ཚོར་འགྲེམ་སྤེལ་བྱས་མེད་པས་གྲོས་མཐུན་དེའི་འབྲུ་དོན་ཁག་ལ་འགྲེལ་བཤད་རྒྱག་སྟངས་མ་འདྲ་བ་ཞིག་འདུག ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་ཀས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་ཨི་སི་རལ་གྱིས་འཇོར་ཌན་ཆུ་བོའི་ནུབ་ཕྱོགས་སུ་ཆགས་པའི་པ་ལི་སི་ཐན་བའི་མངའ་ཁོངས་སུ་ཡ་ཧུ་དཱ་པའི་གཞིས་ཆགས་རྒྱ་སྐྱེད་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས་པ་འཁོད་ཡོད་ཅེས་བཀྲལ། ཨི་སི་རལ་གྱི་གཞུང་འབྲེལ་མི་སྣ་ཚོས་ཕྱོགས་གཉིས་ཀྱི་ཞི་བའི་གྲོས་མཐུན་དེར་འཇོར་ཌན་ཆུ་བོའི་ནུབ་ཕྱོགས་ཀྱི་པ་ལི་སི་ཐན་བའི་མངའ་ཁོངས་སུ་ཨི་སི་རལ་གྱི་གཞིས་ཆགས་རྒྱ་སྐྱེད་གཏོང་རྒྱུ་ངང་འཐེན་བྱ་དགོས་པའི་རྗོད་ཚིག་འཁོད་ཅེས་འགྲེལ་བཤད་བརྒྱབ། ཨ་མི་རི་ཀར་བཅའ་སྡོད་ཨི་སི་རལ་གྱི་གཞུང་ཚབ་པས་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་དང་ཨི་སི་རལ་གྱི་ཞི་བའི་གྲོས་མཐུན་འདིར་པ་ལི་སི་ཐན་བ་ཚོ་འབྲེལ་བ་ཆགས་སུ་བཅུག་མེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་བཏང་སོང་། ད་ནས་བཟུང་སྟེ་ཨ་རབ་རྒྱལ་ཁབ་མང་དག་ཅིག་གིས་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ལ་མིག་དཔེ་བལྟས་ནས་ཨི་སི་རལ་ལ་ཞི་བའི་གྲོས་མོལ་འགོ་འཛུགས་བྱ་རྒྱུ་སྟབས་བདེ་རུ་ཕྱིན་པ་རེད། ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་དང་འཛམ་གླིང་གི་ཁ་ཆེའི་ཡུལ་གྲུ་མཐུན་ཚོགས་གཉིས་ཀས་ཨི་སི་རལ་དང་ཕྱི་འབྲེལ་བཙུགས་ནས་རྒྱལ་ཁབ་དེར་ངོས་ལེན་བྱེད་ཚེ། ཨ་རབ་དང་ཁ་ཆེའི་རྒྱལ་ཁབ་དེ་དག་གིས་པ་ལི་སི་ཐན་བ་ཚོར་གྲོས་སྡུར་བྱས་ནས་པ་ལི་སི་ཐན་མི་དམངས་ཀྱི་ཐོབ་ཐང་དང་ཁེ་ཕན་རྣམས་མ་ཤོར་པ་ཞིག་བྱ་དགོས་ཞེས་གྲོས་མཐུན་བཞག་ཡོད་པ་རེད།།

ད་ལྟ་ཏུར་ཀི་དང་ཨི་རན། ཁ་ཊར་སོགས་ཁ་ཆེ་རྒྱལ་ཁབ་ཁག་ཅིག་གིས་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་པར་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཅིང་། ཨ་རབ་རྒྱལ་ཁབ་ཁག་གི་གྲས་སུ་ཐེངས་དང་པོར་ཨི་སི་རལ་ལ་ཞི་བའི་གྲོས་མཐུན་བཞག་ནས་ཕྱི་འབྲེལ་འཛུགས་མཁན་ནི་ཨི་ཇེབ་ཡིན་པ་སྟེ། ༡༩༧༩་ལོའི་ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཨ་རིའི་ཕོ་བྲང་དཀར་པོར་ཨི་ཇེབ་དང་ཨི་སི་རལ་གཉིས་ཀྱིས་ཞི་བའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཕྱི་འབྲེལ་བཙུགས། དེའི་རྗེས་སུ་༡༩༩༤་ལོའི་ཕྱི་ཟླ་༡༠་པའི་ཚེས་༢༦་ཉིན་ཨི་སི་རལ་དང་འཇོར་ཌན་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་ཕྱི་འབྲེལ་བཙུགས། ཞི་བའི་གྲོས་མཐུན་དེས་ཨི་སི་རལ་དང་འཇོར་ཌན་གཉིས་ས་ཆ་དང་ཆུའི་ཐོན་ཁོངས་ཀྱི་རྩོད་གཞི་མང་དག་ཅིག་སེལ་ནས་ཚོང་ལས་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་རྒྱས་སོང་། ཨི་སི་རལ་གྱི་གཞུང་ཚབ་པས་སྔོན་ཆད་ཨ་རབ་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་ཕྱི་འབྲེལ་འཛུགས་དགོས་ན་སྔོན་ལ་པ་ལི་སི་ཐན་བ་ཚོར་གྲོས་སྡུར་བྱས་ནས་པ་ལི་སི་ཐན་གྱི་འགོ་ཁྲིད་ཚོ་མོས་མཐུན་ཡོད་མེད་ལ་བསྟུན་དགོས་པའི་བསམ་བློ་ཞིག་གཏོང་གི་ཡོད་པ་རེད། གཟའ་འཁོར་འདིར་ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཞི་བའི་གྲོས་མཐུན་ཞིག་བཞག་པ་དེས་ཨ་རབ་རྒྱལ་ཁབ་གཞན་ཚོར་ཨི་སི་རལ་ལ་འབྲེལ་བ་འཛུགས་ན་མཐའ་གཅིག་ཏུ་པ་ལི་སི་ཐན་བ་ཚོར་བསྟུན་དགོས་ཀྱི་མེད་པ་འདྲ། ཨི་ཇེབ་ཀྱིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་འདུག འཇོར་ཌན་གྱིས་ཕྱི་འབྲེལ་བཙུགས་འདུག ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་འདུག་ཅེས་བསྐྱར་དུ་བསམ་བློ་གཏོང་སའི་ཐབས་ལམ་ཞིག་བསྟན་ཡོད། གལ་སྲིད་ང་ཚོར་ལྷག་བསམ་རྣམ་དག་གི་གྲོས་མོལ་བྱ་ཡུལ་ཟླ་གྲོགས་ཤིག་ཡོད་ན་དུས་རབས་སྔོན་མ་ནས་ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཟིན་པ་རེད་ཅེས་བཤད།།

ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་སྲིད་འཛིན་ཌོ་ནལ་ཊམ་བསྐྱར་དུ་ཨ་མི་རི་ཀའི་སྲིད་འཛིན་ལ་འདེམས་ཐོན་ཡོང་རྒྱུ་དེར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཤས་ཆེ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་གཞུང་ཚབ་ཁང་ཊེ་ལི་ཝིའུ་ནས་ཇཱེ་རུ་ས་ལམ་གྲོང་ཁྱེར་དུ་སྤོར་བ་དང་གཟའ་འཁོར་འདིར་ཨི་སི་རལ་དང་ཨ་རབ་ཚོ་དཔོན་མནའ་འབྲེལ་རྒྱལ་ཁབ་གཉིས་ལ་ཕྱི་འབྲེལ་འཛུགས་སུ་བཅུག་ཡོད་པས་ཨ་མི་རི་ཀའི་སྤྱི་དམངས་ཡ་ཧུ་དཱ་པ་ས་ཡ་༧་ཡས་མས་ཤིག་ཡོད་པ་དེ་དག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་སྲིད་པའི་རེ་བ་ཇེ་ཆེར་སོང་། ཨ་མི་རི་ཀའི་སྤྱི་དམངས་སུ་གཏོགས་པའི་ཡ་ཧུ་དཱ་པ་རྣམས་ཁ་མཐུན་པོ་དང་ཨི་སི་རལ་གྱི་ཁེ་ཕན་བློས་མི་གཏོང་བ། ཁོ་ཚོ་ཨ་སྒོར་དུང་ཕྱུར་མང་པོའི་ཕྱུག་བདག་དང་ཤེས་ཡོན་ཅན། ཧོ་ལི་ཝུ་ཌིའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན། ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་དང་སི་ཨེན་ཨེན་ལྟ་བུའི་གསར་འགྱུར་ལས་ཁང་ཆེ་ཁག་གི་བདག་པོ། ཨ་རིའི་གསར་འགོད་པ་མིང་གྲགས་ཅན་དེ་དག་གི་གྲས་སུ་ཡ་ཧུ་དཱ་པ་མང་དག་ཅིག་ཡོད། ད་དུང་དེའི་ཁར་ཨ་མི་རི་ཀའི་སློབ་ཆེན་ཁག་གི་སློབ་དཔོན་གནད་འགག་ཅན་གྱི་ས་མིག་མང་པོ་ཡ་ཧུ་དཱ་པ་ཚོས་བཟུང་ཡོད་པས་ཨ་མི་རི་ཀའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི། མངའ་སྡེ་ཁག་གི་འགོ་ཁྲིད་བཅས་སྐྱེ་བོ་སུ་ཞིག་གིས་ཨི་སི་རལ་གྱི་ཁེ་ཕན་ལ་གནོད་པའི་ལངས་ཕྱོགས་འཛིན་པ་དང་གཏམ་བཤད། ཨ་སི་རལ་ལ་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟན་ན་ཨ་རིའི་ཡ་ཧུ་དཱ་པ་ཚོས་འགྲོ་གྲོན་བཏང་ནས་ཨ་མི་རི་ཀའི་སྲིད་དོན་པ་དེར་འོས་འདེམས་དུས་སུ་ཕམ་ཉེས་འབྱུང་དུ་འཇུག་གི་ཡོད་པས་ཨ་རིའི་གཞུང་གིས་རྟག་ཏུ་ཨི་སི་རལ་ལ་རྒྱབ་སྐྱོར་བྱ་དགོས་པ་དང་ཨི་སི་རལ་ལ་རྒྱབ་སྐྱོར་བྱས་པའི་སྟབས་ཀྱིས་ཨ་རི་དང་ཁ་ཆེའི་རྒྱལ་ཁབ་ཁག་གིས་འབྲེལ་བ་སྡུག་ཏུ་འགྲོ་ཡི་ཡོད་པ་རེད།།

XS
SM
MD
LG