ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༢༥

ཨི་སི་རལ་གྱི་ཕྱོཊ་འགལ་ཚོཊ་པས་སྲིད་བློན་གྱིས་དགོངས་པ་ཞུ་དགོས་ཟེར།


༄༅།། ཨི་སི་རལ་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱིས་སྲིད་བློན་ནེ་ཐན་ཡ་ཧུས་དགོངས་པ་ཞུ་དགོས། དམག་འཁྲུག་གི་དུས་འདིར་ཨི་སི་རལ་གྱི་སྲིད་གཞུང་དེ་ཚགས་ཚུད་ཅིག་ཡོང་གི་མི་འདུག་ཅེས་སྐྱོན་བརྗོད་བྱས་འདུག ཕྱི་ཟླ་༡༡་པའི་ཚེས་༡༥་ཉིན་ཨི་སི་རལ་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་སི་རལ་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཡ་ཨིར་ལཱ་པི་ཌས་དམག་འཁྲུག་གི་དུས་སུ་ནེ་ཐན་ཡ་ཧུས་དགོངས་པ་ཞུ་དགོས། ལུ་ཁུད་ཚོགས་པའི་འགོ་ཁྲིད་གཞན་ཞིག་གིས་སྲིད་བློན་གྱི་ལས་ཁུར་བཞེས་ན་ང་ཚོ་སྲིད་གཞུང་གི་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་ཡིན། མི་མང་པོས་ཨི་སི་རལ་གནས་སྟངས་ཐབས་རྡུགས་ཤིག་གི་འོག་ཏུ་ལྷུང་ཡོད་པ་ཤེས་ཀྱི་རེད། ནེ་ཐན་ཡ་ཧུའི་སྲིད་གཞུང་གིས་ཁུངས་འཁྱོལ་གྱི་མི་འདུག ང་ཚོས་འགྱུར་བ་གཏོང་དགོས་པ་དང་ནེ་ཐན་ཡ་ཧུས་སྲིད་བློན་གྱི་གོ་གནས་འཛིན་མི་དགོས། མི་དམངས་ཀྱིས་ཡིད་ཆེས་བརླགས་པའི་སྲིད་བློན་ཞིག་ལ་མུ་མཐུད་དུ་དམག་འཁྲུག་གི་དུས་ཡུན་སྲིང་དུ་འཇུག་ཐབས་མེད། ཨི་སི་རལ་གྱི་སྲིད་བློན་འཕོ་འགྱུར་གཏོང་དགོས་ཞེས་ངོ་རྒོལ་བྱས་འདུག

ཨི་སི་རལ་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཡ་ཨིར་ལཱ་པི་ཌས་
ཨི་སི་རལ་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཡ་ཨིར་ལཱ་པི་ཌས་

འདི་ནི་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གཏོར་རྒོལ་བྱས་ནས་བཟུང་། ཨི་སི་རལ་གྱི་གྲོས་ཚོགས་སུ་སྲིད་བློན་ནེ་ཐན་ཡ་ཧུ་དགོངས་པ་ཞུ་དགོས་ཞེས་ཡོངས་གྲགས་སུ་ངོ་རྒོལ་བྱས་པ་ཐེངས་དང་པོ་ཡིན་ཞིང་། ཉམས་ཞིབ་པ་ཕལ་ཆེ་བས་ཨི་སི་རལ་ལ་གཏོར་རྒོལ་ཚབས་ཆེན་ཞིག་ཕོག་པའི་རྗེས་སུ་སྲིད་བློན་ནེ་ཐན་ཡ་ཧུ་གནས་དབྱུང་གཏོང་རྒྱུ་ཉག་གཅིག་རེད། ཧ་མ་སི་ཤིག་ཁག་གིས་སྐམ་མཚོ་གནམ་གསུམ་ནས་གཏོར་རྒོལ་བྱ་འཆར་ཡོད་པ་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གིས་ཅིའི་ཕྱིར་མ་ཤེས་པ་རེད། དམག་འཁྲུག་འཇམ་མ་ཐག་ཏུ་ཨི་སི་རལ་གྱི་སྲིད་བློན་དང་གསང་བའི་ལས་ཁུངས་ཁག་གི་འགོ་ཁྲིད་ཚོ། ཐ་ན་ཨི་སི་རལ་གྱི་དམག་གི་འགོ་ཁྲིད་ཁག་ཅིག་ཀྱང་ལས་གནས་ནས་དགོངས་པ་ཞུ་དགོས་ཐུག་ཤས་ཆེ་ཞེས་གླེང་། ད་ལྟའི་བར་དུ་སྲིད་བློན་ནེ་ཐན་ཡ་ཧུས་གསང་བའི་ལས་ཁུངས་ཁག་གི་འགོ་ཁྲིད་ཚོས་ལས་འགན་འཐུས་ཤོར་བཏང་བ་རེད། ང་ལ་ཧ་མ་སི་ཤོག་ཁག་གིས་གཏོར་རྒོལ་བྱ་འཆར་འདུག་ཅེས་གསང་བའི་གནས་ཚུལ་ཅི་ཡང་བཤད་མ་བྱུང་ཞེས་རང་ཉིད་དཀར་འདོན་བྱ་ཐབས་སུ་འབད།།

ཨི་སི་རལ་གྱི་གཞུང་འཛིན་ལི་ཁུད་ཚོགས་པའི་འཐུས་མི་ཚོས་ཕྱོགས་འགལ་ཚོགས་པས་སྲིད་གཞུང་མགོ་རྟིང་བསློགས་ཏེ་པ་ལི་སི་ཐན་གྱི་རྒྱལ་ཁབ་ཅིག་འཛུགས་རྒྱུའི་རོགས་ཕན་སྒྲུབ་ཀྱི་འདུག དམག་འཁྲུག་གི་དུས་སུ་ལཱ་ཕི་ཌས་སྲིད་བློན་གནས་དབྱུང་དགོས་ཞེས་ཆབ་སྲིད་ཀྱི་ཟློས་གར་འཁྲབ་ཀྱི་ཡོད་པ་ནི་སྐྱུག་བྲོ་པོ་ཞིག་རེད་ཅེས་སྐྱོན་བཙུགས། སྲིད་བློན་ནེ་ཐན་ཡ་ཧུས་དམག་འཁྲུག་རྗེས་སུ་ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་ནར་མོར་དབང་བསྒྱུར་བྱ་རྒྱུ་ཡིན་ནམ། ཡང་ན་ས་གནས་དེ་པ་ལི་སི་ཐན་དབང་འཛིན་ལྷན་ཁང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་མིན། དེ་མིན་ན་ཧ་མ་སི་ཤོག་ཁག་ལ་སྔར་བཞིན་ས་གནས་དེར་དབང་བསྒྱུར་བྱེད་དུ་འཇུག་རྒྱུ་ཡིན་མིན་སོགས་གསལ་བཀྲོལ་མ་བྱུང་། ཡིན་ནའང་ཁོ་པས་ཨི་སི་རལ་དགྲ་རུ་འཛིན་དགོས། ཇིའུ་རྣམས་གསོད་དགོས། ཨ་སི་རལ་རྩ་མེད་གཏོང་དགོས་ཞེས་བྱིས་པ་ཚོར་སློབ་གསོ་སྤྲོད་པའི་སྒྲིག་འཛུགས་ཤིག་ལ་གྷ་ཟ་ཐང་གཤོང་འཛིན་སྐྱོང་བྱེད་དུ་འཇུག་རྒྱུ་མིན་ཞེས་བསྒྲགས། ཨ་མི་རི་ཀ་སོགས་ཀྱིས་ཨི་སི་རལ་གྱི་དམག་གིས་གྷ་ཟ་ཐང་གཤོང་ལ་དབང་བསྒྱུར་བྱ་རྒྱུ་ནོར་འཁྲུལ་རེད་ཅེས་བསྟན།།

ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་
ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་

ཕྱི་ཟླ་༡༡་པའི་ཚེས་༡༦་ཉིན་བྷུ་ལུམ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གཏོར་རྒོལ་བྱས་པ་དེ་ཉུང་མཐའ་ཡང་ལོ་ལྔའི་གོང་ནས་གྲ་སྒྲིག་བྱས་འདུག ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་གྱིས་ཡིག་ཆ་ཞིག་གི་ཐོག་ཏུ་ཧི་བྷུ་རུའི་སྐད་དུ་ཡིག་ཆུང་ཞིག་བྲིས། ཡིག་ཆུང་དེའི་ནང་དུ་མེ་འཕེན་མཚམས་འཇོག་བྱས་ན་དགེ་སྐྱོན་ཅི་ཡོད་བསམ་བློ་ཞིབ་ཏུ་བཏང་བ་ཡིན་ཞེས་བྲིས་ཏེ་ཨི་ཇེབ་ཀྱི་བར་འདུམ་པ་ཚོར་སྤྲད། ཡཱ་ཡ་སིན་ཝར་ནས་ཨི་ཇེབ་ཀྱི་བར་འདུམ་པ་ཚོས་ཡིག་ཆུང་དེ་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུར་འཕྲོད་རྒྱུའི་ཁོག་རྩིས་བརྒྱབ། དེ་ནས་ཡུན་རིང་མ་འགོར་བར་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་དེས་ཨི་ཊ་ལིའི་གསར་འགོད་པ་ཞིག་ལ་ང་ཚོར་དམག་འཁྲུག་རྒྱག་འདོད་མེད། ང་ཚོས་མེ་འཕེན་མཚམས་འཇོག་བྱ་རྒྱུ་ཡིན། གྷ་ཟ་ནི་མཚོ་ཁར་ཆགས་ཡོད་པས་སིངྒ་པུར་དང་དྷུ་བྷེ་ལྟ་བུ་ཞིག་ཏུ་འགྱུར་ཆོག་གི་རེད་ཅེས་ཧ་མ་སི་ཤོག་ཁག་ལ་འཐབ་འཁྲུག་རྒྱག་འདོད་མེད་པའི་གཡོ་གཏམ་བཤད་ནས་ཨི་སི་རལ་ལ་མགོ་སྐོར་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལྟ་ལོ་ན་༦༡་ལ་སོན་པའི་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་ནི་གྷ་ཟའི་ཁན་ཡུ་ནི་སི་གྲོང་རྡལ་གྱི་ཁྱིམ་ཚང་དབུལ་ཕོངས་ཤིག་ཏུ་སྐྱེས། ལོ་རབས་༨༠་ནང་དུ་པ་ལི་སི་ཐན་གྱི་གྱེན་ལོག་ཐོག་མ་བྱུང་བའི་དུས་སུ་མ་ཧ་སི་ཤོག་ཁག་གི་དམག་དོན་སྡེ་ཚན་འཛུགས་རྒྱུའི་སྲི་ཞུ་བསྒྲུབས། ཕྱིས་སུ་ཡཱ་ཡ་སིན་ཝར་གྱིས་ཨི་སི་རལ་ལ་མཉམ་འབྲེལ་བྱེད་མཁན་པ་ལི་སི་ཐན་བ་རྣམས་རྩ་མེད་གཏོང་རྒྱུའི་ལས་འགན་ཁུར། ༡༩༨༩་ལོར་ཨི་སི་རལ་གྱི་དམག་གིས་ཡཱ་ཡ་སིན་ཝར་འཛིན་བཟུང་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ཁོ་པས་བཙོན་ཁང་དུ་ཧི་བྷུ་རུ་སྐད་ཡིག་སྦྱངས་ཏེ་ཨི་སི་རལ་གྱི་སྤྱི་ཚོགས་ལ་རྒྱུས་མངའ་ཟབ་མོ་ལོན་པར་མ་ཟད། རྟག་ཏུ་ཨི་སི་རལ་གྱི་ཚགས་པར་དང་ཨི་སི་རལ་གྱི་མི་སྣ་གྲགས་ཅན་ཁག་གི་ལོ་རྒྱུས་བཀླགས། ༢༠༠༦་ལོར་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་གྱི་དམག་མི་གྷི་ལ་ཌ་ཤ་ལི་ཏ་གསོན་པོར་བཟུང་། ཁོ་པ་སྐྱོབ་ཐབས་སུ་༢༠༡༡་ལོའི་ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་ཨི་སི་རལ་གྱིས་ཡཱ་ཡ་སིན་ཝར་ཚུད་པའི་པ་ལི་སི་ཐན་བ་༡༠༠༠་ལྷག་གློད་གྲོལ་གཏོང་དགོས་པར་གྱུར།།

༢༠༠༦་ལོར་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་གྱི་དམག་མི་གྷི་ལ་ཌ་ཤ་ལི་ཏ་
༢༠༠༦་ལོར་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་གྱི་དམག་མི་གྷི་ལ་ཌ་ཤ་ལི་ཏ་

ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གིས་གློ་བུར་དུ་ཨི་སི་རལ་ལ་གཏོར་རྒོལ་བྱས་ནས་མི་༡༤༠༠་ལྷག་བསད། ཨི་སི་རལ་དང་ཨ་རི་བ་སོགས་མི་༡༥༠་ཡས་མས་ཤིག་བཙན་གྱིས་ཁྲིད། དེང་སྐབས་ཨི་སི་རལ་གྱི་གསང་བའི་ལས་ཁུངས་ཁག་གི་ཉམས་ཞིབ་པ་ཚོས་ཡཱ་ཡ་སིན་ཝར་གྱི་སྐད་ཆ་དེ་ཚོར་བརྟག་དཔྱད་བྱས་ཚེ། ཧ་མ་སི་ཤོག་ཁག་ལ་མེ་འཕེན་མཚམས་འཇོག་བྱ་འདོད་ཡོད་པ་དང་དྲག་སྤྱོད་མཚམས་སྤོང་འདོད་ཡོད་པའི་རྣམ་འགྱུར་རྫུན་མ་ཞིག་བསྟན་པ་ངོ་འཕྲོད། ཨི་སི་རལ་གྱི་གཞུང་འབྲེལ་མི་སྣ་ཚོས་ང་ཚོ་ཧ་མ་སི་ཤོག་ཁག་གི་གཡོ་གཏམ་ལ་མགོ་འཁོར་ནས་གྷ་ཟའི་ས་མཚམས་སུ་བཀྲམ་ཡོད་པའི་དམག་དཔུང་མང་ཆེ་བ་ས་གནས་གཞན་དུ་དྲངས། ཉེ་བའི་ལོ་ཤས་རིང་ཨི་སི་རལ་གྱི་དམག་གིས་གྷ་ཟའི་མཚམས་སྲུང་སྐྱོབ་དམ་པོ་བྱ་རྒྱུར་ལྷོད་ཡངས་ཤོར། ཨི་སི་རལ་གྱིས་འགུལ་སྒྲ་བརྟག་དཔྱད་གློག་ཆས་དང་པར་ཆས་ལ་ཤུགས་ཆེན་པོ་བརྟེན། དེ་བཞིན་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོའི་ཁ་པར་ལྐོག་ཉན་བྱས་ནས་དམག་འཁྲུག་རྒྱག་རྒྱུ་མ་རེད་བསམས་ནས་མགོ་སྐོར་འོག་ཏུ་ཚུད་པ་རེད་ཅེས་རང་སྐྱོན་ངོས་ལེན་བྱས་འདུག

ཉམས་ཞིབ་པ་ཆཱེན་ཨར་ཛི་སོ་རོར་ནས་ཨི་སི་རལ་གྱི་དམག་དོན་གསང་བའི་ལས་ཁུངས་ཁག་གི་ཉམས་ཞིབ་པ་ཚོས་པ་ལི་སི་ཐན་གྱི་གནད་དོན་དེ་གནད་འགག་ཆེན་པོ་ཞིག་ཏུ་མ་བརྩིས་པར་ཨི་རན་དང་སི་རི་ཡར་དམིགས་པ་གཏད། ཧ་མ་སི་ཤོག་ཁག་དཔའ་ཞུམ་ཡོད་པ་དང་ཨི་སི་རལ་གྱི་དགྲ་བོ་རྣམས་ཐག་རིང་དུ་ཡོད་པའི་འཁྲུལ་སྣང་ཞིག་བྱུང་འདུག་ཅེས་རྩོམ་ཡིག་བྲིས། ཨི་སི་རལ་གྱི་དམག་དོན་གསང་བའི་ལས་ཁང་གི་པ་ལི་སི་ཐན་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཟུར་པ་མཱི་ཆིལ་མིལ་ཤ་ཐེན་གྱིས་ཀྱང་ཡཱ་ཡ་སིན་ཝར་གྱིས་ཨི་སི་རལ་གྱི་ལས་སྣེ་ཚོའི་བསམ་བློ་གཏོང་ཕྱོགས་ལེགས་པར་ཤེས་རྟོགས་ཐུབ་འདུག ཁོ་པས་ཧ་མ་སི་ཤོག་ཁག་གིས་གྷ་ཟ་ཐང་གཤོང་དུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་བསྟན་པར་ཨི་སི་རལ་ཡིད་ཆེས་པ་རེད། ཨི་སི་རལ་གྱི་འགོ་ཁྲིད་ཚོ་ཡཱ་ཡ་སིན་ཝར་གྱི་གཡོ་སྒྱུ་ལ་མགོ་བོ་རྨོངས་ནས་གཏོར་རྒོལ་བྱུང་བ་རེད་ཅེས་བཀྲལ།།

ཕྱི་ཟླ་༡༡་པའི་ཚེས་༡༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱི་དམག་གིས་གྷ་ཟའི་གྲོང་རྡལ་བཞིའི་མི་མང་རྣམས་ལྷོ་ཕྱོགས་སུ་སྤོར་དགོས་ཞེས་བཀའ་ཕབ། ཧ་མ་སི་ཤོག་ཁག་ལ་འཐབ་རྒོལ་བྱས་ནས་པ་ལི་སི་ཐན་གྱི་མི་མང་དཀྱུས་མ་ཚོར་བསད་རྨས་འབྱུང་རྒྱུའི་ཉེན་ཁ་ཆེ་རུ་སོང་། གྷ་ཟའི་བྱང་ཕྱོགས་སུ་ཨི་སི་རལ་གྱི་དམག་གིས་ཨལ་ཤི་ཧྥ་སྨན་ཁང་ལ་དཔུང་འཛུལ་བྱས་ནས་སྨན་ཁང་གི་འོག་ཏུ་ཧ་མ་སི་ཤོག་ཁག་ལ་བཀོད་འདོམས་ཁང་དང་མཚོན་ཆའི་གོ་མཛོད། མི་མང་བཙན་ཁྲིད་བྱས་པ་རྣམས་འཇོག་ས་བཅས་ཡོད་པ་རྒྱལ་སྤྱིའི་གསར་འགོད་པ་ཚོར་འགྲེམ་སྟོན་བྱས། ཨི་སི་རལ་གྱི་དམག་གིས་ཧ་མ་སི་ཤོག་ཁག་ལ་རྒོལ་ལན་སློག་པའི་དམག་འཁྲུག་འགོ་བཙུགས་ནས་བཟུང་སྟེ་པ་ལི་སི་ཐན་བ་༡༡༠༠༠་ལྷག་ལ་སྲོག་སྐྱོན་ཕོག མི་མང་སྲོག་སྐྱོན་ཕོག་མཁན་བརྒྱ་ཆ་༤༠་ལྷག་པ་ལི་སི་ཐན་གྱི་བྱིས་པ་ཚོ་ཡིན་ཞིང་། གྷ་ཟ་ཐང་གཤོང་དུ་མི་འབོར་ས་ཡ་༢་དང་འབུམ་༣་ལྷག་ཡོད་པ་དེའི་གསུམ་ཆའི་གཉིས་ཆགས་ས་རྟེན་ས་མེད་པར་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཐོག་མར་ཨི་སི་རལ་གཞུང་དམངས་གཉིས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཧ་མ་སི་ཤོག་ཁག་ལ་འཐབ་རྒོལ་བྱ་རྒྱུའི་དམག་འཁྲུག་ལ་ཞུགས། ཉེ་དུས་ཤིག་ནས་ཨི་སི་རལ་གྱི་སྤྱི་དམངས་ཚོས་སྲིད་གཞུང་ལ་འཇོན་ཐང་མི་འདུག ཧ་མ་སི་ཤོག་ཁག་ལ་རྒོལ་ལན་བསློགས་ནས་གང་ཅིའི་གནས་སྟངས་ཛ་དྲག་ཆེ་རུ་བཏང་ཡོད་པ་དང་འཇིགས་སྐུལ་རིང་ལུགས་པ་ཚོས་བཙན་ཁྲིད་བྱས་པ་རྣམས་སྐྱོབ་ཐུབ་ཀྱི་མི་འདུག ཨི་སི་རལ་གྱི་དམག་གིས་ཆུ་ཚོད་མང་པོར་ཧ་མ་སི་ཤོག་ཁག་ལ་འཐབ་རྒོལ་བྱས་མ་ཐུབ་པར་ལུས། ཨི་སི་རལ་གྱི་ཟུར་འཇོག་དམག་དཔུང་དམག་སྐུལ་བྱས་ཀྱང་མཚོན་ཆ་འདང་ངེས་མེད། མཐའ་མཚམས་ཀྱི་གྲོང་རྡོལ་ཁག་ཅིག་ནས་མཐར་སྐྲོད་བྱུང་བའི་ཨི་སི་རལ་གྱི་མི་མང་རྣམས་རེ་ཞིག་མགོན་མེད་སྐྱབས་མེད་དུ་གྱུར་པ་རེད་ཅེས་སྲིད་བློ་ནེ་ཐན་ཡ་ཧུའི་གཞུང་ལ་སྐྱོན་བརྗོད་བྱ་རྒྱུ་མགོ་བརྩམས། ཨི་སི་རལ་གྱི་དམག་གིས་གྷ་ཟ་ཐང་གཤོང་ལ་གཏོར་རྒོལ་བྱ་རྒྱུ་ཅི་ཙམ་ཤུགས་ཆེ་རུ་བཏང་ཚེ། ཧ་མ་སི་ཤོག་ཁག་གིས་བཙན་ཁྲིད་བྱས་པའི་མི་མང་དེ་ཚོར་སྲོག་སྐྱོན་འཕོག་རྒྱུའི་ཉེན་ཁ་དེ་བས་ཀྱང་ཆེ་བ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG