ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨི་རན་གྱི་དམག་དོན་བཟོ་གྲྭ་ཞིག་ལ་ཨི་སི་རལ་གྱིས་གཏོར་རྒོལ། 


༄༅།། གཟའ་མཇུག་དེར་ཨི་རན་གྱི་དམག་དོན་བཟོ་གྲྭ་ཞིག་ལ་གཏོར་རྒོལ་ཕོག་པ་ནི་ཨི་སི་རལ་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་བྱས་པ་དང་ཨི་རན་གྱིས་ཨུ་རུ་སུར་ཁ་ལོ་བ་མེད་པའི་འཕུར་གྲུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་འགོག་ཐབས་བྱས་པ་ཞིག་མིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༢༩་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་རན་གྱི་དམག་དོན་བཟོ་གྲྭ་དེར་གཏོར་རྒོལ་ཕོག་པའི་རྒྱུ་རྐྱེན་ཅི་ཡིན་དང་གཏོར་བཤིག་ཅི་ཙམ་ཕོག་ཡོད་མེད་རྣམས་ཤེས་རྟོགས་ཐུབ་དཀའ། ཨི་སི་ཧྥ་ཧན་གྲོང་ཁྱེར་གྱི་དམག་དོན་བཟོ་གྲྭ་དེ་འཕུར་མདེལ་བཟོ་གྲྭ་ཆེན་པོ་ཞིག་ཡིན་པ་སྟེ། ཨི་རན་གྱི་ཤཱ་བྷབ་ཟེར་བའི་འཕུར་མདེལ་འབྲིང་གྲས་རྣམས་ཚུད་པའི་འཕུར་མདེལ་མང་ཆེ་བ་བཟོ་གྲྭ་དེར་ཞིབ་འཇུག་དང་བཟོ་སྐྲུན། ཤཱ་བྷབ་འཕུར་མདེལ་རྣམས་ཨི་སི་རལ་ལ་སྙོབ་ཐུབ་པའི་གནས་ཚུལ་ཐོན། ཨི་རི་སལ་གྱི་མོ་ས་དཱ་གསང་བའི་ལས་ཁུངས་ནས་ཨི་རན་གྱི་དམག་དོན་བཟོ་གྲྭ་དེར་གཏོར་རྒོལ་བྱས་པ་ཡིན་ཞེས་ངེས་གཏན་ནམ། ཡང་ན་ཁོ་ཚོས་གཏོར་རྒོལ་བྱས་མེད་ཅེས་དག་སྐྱེལ་སོགས་གང་ཡང་བྱེད་ཀྱི་མེད་ཅིང་། ཨ་མི་རི་ཀ་དང་ཨི་སི་རལ་གྱི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་གཟའ་སྤེན་པའི་ཉིན་ཨི་རན་གྱི་ཨི་སི་ཧྥ་ཧན་གྲོང་ཁྱེར་གྱི་དམག་དོན་བཟོ་གྲྭ་དེར་གཏོར་རྒོལ་བྱེད་མཁན་ཨི་སི་རལ་གྱི་ཕྱི་སོ་ལས་ཁུངས་མོ་ས་དཱ་ཞེས་པའི་སྒྲིག་འཛུགས་རེད་ཅེས་གསལ་བསྒྲགས་བྱས་འདུག བདུན་ཕྲག་གཅིག་གི་སྔོན་དེར་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཨི་རན་ནི་ཨུ་རུ་སུར་འཕུར་མདེལ་ཕྱིར་ཚོང་བྱེད་མཁན་གཙོ་བོ་དེ་རེད། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་མཁོ་བའི་འཕུར་མདེལ་རྣམས་ཨི་རན་ནས་ནང་འདྲེན་བྱེད་ཀྱི་འདུག་ཅེས་ཡོངས་གྲགས་སུ་ཐེར་འདོན་བྱས་མོད། འོན་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཐེངས་པོར་ཨི་སི་རལ་གྱི་འགོ་ཁྲིད་ཚོར་ཨི་རན་གྱི་འཕུར་མདེལ་བཟོ་གྲྭ་དེ་ཚོར་གཏོར་བྱ་དགོས་པའི་འབོད་སྐུལ་ཞུས། ཨི་སི་རལ་གྱིས་རང་གི་བདེ་འཇགས་སྲུང་སྐྱོབ་དང་ཡུཀ་རེན་ལ་རྒྱབ་སྐྱོར་གཉིས་ཀའི་ཆེད་དུ་ཨི་རན་གྱི་འཕུར་མདེལ་བཟོ་ཚོང་དེར་གཏོར་རྒོལ་བྱས་པར་སྣང་ཞེས་བཀྲལ།།

ཨི་སི་རལ་གྱི་སྲིད་བློན་གསར་པ་ནེ་ཐན་ཡ་ཧུ་སླར་ཡང་འདེམས་ཐོན་བྱུང་ཡོད་པ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དཀྱིལ་ཤར་ས་ཁུལ་དུ་འཚམས་འདྲིར་ཕེབས་ལ་ཉེ་བའི་སྐབས་སུ་གཏོར་རྒོལ་དེ་བྱུང་ཞིང་། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་བདུན་ཕྲག་སྔོན་མར་ཨི་སི་རལ་ལ་འཚམས་འདྲིར་ཕེབས་ཀྱང་ཨི་རན་གྱི་ཨི་སི་ཧྥ་ཧན་འཕུར་མདེལ་བཟོ་གྲྭར་གཏོར་རྒོལ་བྱ་དགོས་པའི་གྲོས་སྡུར་བྱས་ཡོད་མེད་གསལ་ཁ་མ་ཐོན། ཁ་སང་གཟའ་ཉི་མའི་ཞོགས་པ་ནས་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཨི་རན་ལ་གཏོར་རྒོལ་ཕོག་པ་དེར་ཨ་མི་རི་ཀ་འབྲེལ་བ་མེད། ཨི་རན་གྱི་བཟོ་གྲྭ་དེར་ཨི་སི་རལ་གྱིས་གཏོར་རྒོལ་བྱས་པ་རེད་ཅེས་བཤད་ཀྱང་ལས་གྲྭ་དེར་ཅི་ཞིག་བཟོ་སྐྲུན་བྱེད་ཀྱི་ཡོད་མེད་དང་གཏོར་བཤིག་ཅི་ཙམ་ཕོག་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ཁག་ཕྱིར་བསྒྲགས་མ་བྱུང་། སྐབས་འགར་ཨི་སི་རལ་གྱིས་གཏོར་རྒོལ་མ་བྱས་སྔོན་དུ་ཨ་མི་རི་ཀར་ནང་མོལ་བྱེད་ཀྱི་ཡོད་པ་དང་ཐེངས་འདིར་ཨི་སི་རལ་གྱིས་སྔོན་ལ་ཨ་མི་རི་ཀར་བརྡ་བརྒྱབ་ཡོད་མེད་ཤེས་རྟོགས་མ་ཐུབ། ཨི་སི་ཧྥ་ཧན་གྲོང་ཁྱེར་དུ་ལོ་མང་སྔོན་ནས་རྒྱ་ནག་གིས་བཙུགས་པའི་རྡུལ་ཕྲན་ཞིབ་འཇུག་ལས་གྲྭ་ཆུང་གྲས་བཞི་ཡོད་པ་དང་གཟའ་སྤེན་པའི་ཉེན་གཏོར་རྒོལ་བྱ་ཡུལ་དེ་གྲོང་ཁྱེར་དཀྱིལ་དུ་ཆགས་ཡོད་པས་རྡུལ་ཕྲན་ལས་རིགས་ལ་འབྲེལ་བ་ཡོད་པའི་རྟགས་མཚན་མི་རྙེད། ཨི་རན་གཞུང་གིས་རང་གི་བཟོ་གྲྭ་དེར་གཏོར་རྒོལ་ཕོག་པ་གསང་ཐབས་མ་བྱས་པར་གཏོར་སྐྱོན་ཆུང་ཆུང་ཞིག་ལས་ཕོག་སོང་། བཟོ་གྲྭ་དེར་གཏོར་རྒོལ་བྱེད་དུ་བཏང་ཡོང་བའི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་བར་སྣང་དུ་གཏོར་ནས་ས་ཐོག་ཏུ་ལྷུང་སོང་ཞེས་གསལ་བསྒྲགས་སྤེལ།།

ཁ་སང་གཟའ་ཉི་མའི་ཉིན་ཨི་རན་གྱི་ཨིར་ན་གཞུང་གཉེར་གསར་འགྱུར་ལས་ཁུངས་ཀྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་འགའ་ཞིག་གིས་མདེའུ་བཟོ་གྲྭ་དེ་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱེད་དུ་ཡོང་བ་རེད། ཡིན་ནའང་ཨི་རན་གྱིས་འཕུར་མདེལ་བརྒྱབ་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་ཚང་མ་བར་སྣང་དུ་གཏོར་བ་རེད་ཅེས་གསར་འགྱུར་སྤེལ། ཨི་རན་གཞུང་གིས་ཅིའི་ཕྱིར་མི་མང་དཀྱུས་མ་ས་ཡ་འགའ་ཞིག་གནས་སྡོད་བྱ་ཡུལ་དུ་མདེའུ་བཟོ་གྲྭ་བཙུགས་མིན་གསལ་བཀྲོལ་མ་བྱས་པ་དང་ཕྱི་སྲིད་བློན་ཆེན་ཨབ་དྷོ་ལ་ཧི་ཡན་གྱིས་གསར་འགོད་ལྷན་ཚོགས་ཤིག་ཏུ་ང་ཚོའི་དམག་དོན་བཟོ་གྲྭ་ཞིག་ལ་གཏོར་རྒོལ་ཕོག་ཀྱང་ཨི་རན་གྱིས་ཞི་བའི་ལས་དོན་ཆེད་དུ་རྡུལ་ཕྲན་ལས་གཞི་གཉེར་གྱི་ཡོད་པ་འགོག་མི་ཐུབ་ཅེས་བཤད། ༢༠༡༩་ལོའི་ཕྱི་ཟླ་༨་པའི་ནང་དུ་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུ་ཊི་གྲོང་ཁྱེར་གྱི་ས་གནས་ཤིག་ཏུ་འབེན་ཕོག་འཕུར་མདེལ་བཟོ་གྲྭ་ཞིག་ཡོད་པ་དེར་ཨི་སི་རལ་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་ནས་གཏོར་རྒོལ་བྱས་པར་མ་ཟད། ༢༠༢༡་ལོའི་ཕྱི་ཟླ་༦་པའི་ནང་དུ་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ལྟེ་བ་དེར་གཏོར་རྒོལ་ཕོག ཨི་རན་གཞུང་གིས་རང་གི་རྡུལ་ཕྲན་ལས་གྲྭ་དེར་གཏོར་རྒོལ་ཆེན་པོ་ཕོག་མ་སོང་ཞེས་བསྒྲགས་ཀྱང་བར་སྣང་ནས་འདྲ་པར་བླངས་པ་དེའི་ནང་དུ་གཏོར་རྒོལ་ཆེན་པོ་ཕོག་ཡོད་པ་དངོས་སུ་གསལ། སྔ་ལོ་ཁ་ལོ་བ་མེད་པའི་འཕུར་གྲུ་༦་གིས་ཨི་རན་གྱི་ཀེར་མན་ཤཱ་འཕུར་གྲུའི་གོ་མཛོད་ལ་གཏོར་རྒོལ་བྱས། ༢༠༢༢་ལོའི་ཕྱི་ཟླ་༥་པའི་ནང་དུ་ཨི་རན་གྱི་འཕྲུལ་རིག་དང་རྡུལ་ཕྲན། འཕུར་མདེལ་ཞིབ་འཇུག་བཟོ་གྲྭར་གཏོར་རྒོལ་བྱུང་། ཨི་རན་གཞུང་གིས་གྲོང་ཁྱེར་དཀྱིལ་དང་མི་ཚོགས་ཆེ་ས་ཁག་ཏུ་བཙུགས་པའི་གསང་བའི་ལས་གྲྭ་དེ་རྣམས་ཨི་སི་རལ་གྱིས་ནོར་འཕྲུག་མེད་པར་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པར་ཨི་རན་གྱི་གཞུང་འབྲེལ་མི་སྣ་ཚོ་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ༢༠༢༡་ལོར་ཨི་སི་རལ་གྱི་སྲིད་བློན་བྷེ་ནེ་ཊིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱལ་ཁབ་དེའི་གཏོར་རྒོལ་འཐབ་ཇུས་ལ་འགྱུར་བ་ཐེབས། ད་ལྟ་གསར་དུ་འདེམས་ཐོན་བྱུང་བའི་སྲིད་བློན་ནེ་ཐན་ཡ་ཧུའི་གཞུང་གིས་སྲིད་གཞུང་སྔོན་མའི་གཏོར་རྒོལ་འཐབ་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཨི་རན་སལ་གྱི་སྲིད་བློན་ཟུར་པ་བྷེ་ནེ་ཊིས་བརྙན་ཐུང་ཞིག་ཕབ་ལེན་བྱས་ནས་ཡུ་ཊུབ་དྲྭ་ལམ་དུ་འགྲེམ་འཆར་ཡོད་པ་ནེའུ་ཡོག་དུས་བབ་ཚགས་པར་ལ་མཁོ་སྤྲོད་བྱུང་བ་དེའི་ནང་དུ་ཨི་རན་གྱིས་རྒོལ་རྡུང་བྱས་ནས་ཨི་སི་རལ་གྱི་དམག་མི་རྣམས་ས་མཚམས་སུ་ཚེ་སྲོག་འཆོར་གྱི་འདུག ཨི་རན་གྱི་འགོ་ཁྲིད་ཚོ་རྒྱལ་ས་ཐེ་རན་དུ་འཛུམ་ཤིག་ཤིག་བསྡད་ཀྱང་ང་ཚོས་ལན་པ་ཅི་ཡང་མ་སློག་པར་འདུག་དགོས་སམ། འཛམ་གླིང་ཡུལ་གྲུ་གང་སར་ཨི་སི་རལ་གྱི་མི་དང་འཇིའུ་བ་ཚོར་གཏོར་རྒོལ་འཕོག་གི་ཡོད་པར་ང་ཚོས་ལན་པ་སློག་རྒྱུའི་ཐག་བཅད་པ་ཡིན། ཨི་རན་གཞུང་གིས་སི་ཕུ་ར་སི་དང་ཏུར་ཀིའི་ས་ཐོག་ཏུ་ཨི་སི་རལ་གྱི་མི་རྣམས་གསོད་རྩིས་བྱས་པ་རེད། ཨི་རན་གྱི་གསར་བརྗེའི་དམག་དཔུང་གི་བཀོད་འདོམས་པ་ངན་ཇུས་དེར་འབྲེལ་བ་ཡོད་པས་ཁོ་པ་རྒྱལ་ས་ཐེ་རན་དུ་རྩ་མེད་བཏང་བ་ཡིན་ཞེས་ཨི་རལ་གྱིས་བསད་པ་ཁས་བླངས། སྲིད་བློན་ཟུར་པ་བྷེ་ནེ་ཊིས་ཨི་རན་གྱི་མཐོ་རིམ་དམག་དཔོན་ས་དབྱི་དཱ་ཀོ་དྷ་དབྱི་རྒྱལ་ས་ཐེ་ཝན་དུ་ལྐོག་གསོད་བྱུང་བའི་གོ་རིམ་རྣམས་གསལ་པོར་བཀྲལ། ཨི་རན་གྱི་གསང་བའི་དམག་གི་རུ་ཁག་ཅིག་གིས་འཛམ་གླིང་ཡུལ་གྲུ་གང་སར་ཨི་སི་རལ་གྱི་མི་མང་དང་འཇིའུ་མི་རིགས། ཕྱི་རྒྱལ་བ་ཚོ་ལྐོག་གསོད་དང་བཙན་ཁྲིད་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས། སྲིད་བློན་ཟུར་པ་བྷེ་ནེ་ཊིའི་བརྙན་ཐུང་དེར་ཨི་སི་རལ་གྱི་གཏོར་རྒོལ་འཐབ་ཇུས་ལ་འགྱུར་བ་བཏང་བའི་རྗེས་སུ་སྲིད་འཛིན་བྷ་ཌན་ལ་ཐུག་འཕྲད་ཅིག་གི་སྐབས་སུ་ཨི་སི་རལ་གྱིས་ཨི་རན་ལ་གཏོར་རྒོལ་མ་བྱས་གོང་དུ་ཨ་མི་རི་ཀར་སྔོན་བརྡ་གཏོང་དགོས་པའི་འབོད་སྐུལ་ཞུས་སོང་། ངས་སྲིད་འཛིན་བྷ་ཌན་ལ་གནས་ཚུལ་ཁག་ཅིག་ཨ་མི་རི་ཀས་སྔོན་ནས་ཤེས་དགོས་དོན་མི་མེད་པའི་ལན་འདེབས་བྱས་པ་ཡིན་ཞེས་བཤད། ༢༠༢༡་ལོའི་ཕྱི་ཟླ་༤་པའི་ནང་དུ་ཨི་སི་རལ་གྱི་ཕྱི་སོ་ལས་ཁུངས་མོ་ས་དཱ་སྒྲིག་འཛུགས་ནས་ཨི་རན་གྱི་ན་ཐན་ཛི་རྡུལ་ཕྲན་བཙོ་སྦྱང་ལས་གྲྭར་གཏོར་རྒོལ་བྱས་པའི་རྗེས་སུ་ཨ་རི་དང་ཨི་སི་རལ་གྱི་གསང་བའི་ལས་ཁུངས་གཉིས་རྩོད་པ་བྱུང་བའི་གནས་ཚུལ་ཐོན་འདུག

དེ་རིང་ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་ཨི་སི་རལ་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཚུགས་པའི་ཨི་རན་གྱི་ཕྱོགས་འགལ་ཚོགས་པའི་གསར་འགྱུར་ལས་ཁུངས་ནས་ཨི་སི་ཧྥ་ཧན་གྲོང་ཁྱེར་དུ་འབར་གས་གསུམ་བཞི་ཞིག་བྱུང་སོང་ཞེས་མིག་མཐོང་བདེན་དཔང་བ་ཚོས་གནས་ཚུལ་མཁོ་སྤྲོད་བྱུང་ཞིང་། ན་ནིང་ཕྱི་ཟླ་༡༠་པ་ནས་ཨི་རན་གཞུང་གིས་ཨུ་རུ་སུར་འཕུར་མདེལ་ཕྱིར་ཚོང་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་འཕུར་མདེལ་དངོས་སུ་བཏང་བའི་གནས་ཚུལ་མ་ཐོན། དེའི་ཚབ་ཏུ་ཨི་རན་གྱིས་ཤཱ་ཧི་དཱ་ཞེས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་ཨུ་རུ་སུར་ཕྱིར་ཚོང་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་ལ་བཀོལ། ༢༠༢༢་ལོའི་ཕྱི་ཟླ་༩་ནས་ཨུ་རུ་སུའི་དམག་གིས་ཨི་རན་ནས་ནང་འདྲེན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་ཡུཀ་རེན་གྱི་གློག་ཁང་ཁག་དང་ཆུ་མཛོད། རྒྱ་ལམ་དང་ཟམ་པ། མི་མང་དཀྱུས་མ་གནས་སྡོད་བྱ་ཡུལ་གྱི་ཁང་ཆེན་ཁག་ལ་གཏོར་རྒོལ་བྱ་རྒྱུ་འགོ་ཚུགས། ཉེ་དུས་ཤིག་ནས་ཨ་མི་རི་ཀས་ཀྱང་ཨི་རན་ལ་འཛིན་པའི་སྲིད་ཇུས་ཇེ་མཁྲེགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་རྡུལ་ཕྲན་གྲོས་མོལ་སླར་གསོ་བྱེད་ཀྱི་ཡོད་པའང་མཚམས་འཇོག་བྱེད་སྲིད་པའི་བརྡ་བཏང་སྟེ་ལངས་ཕྱོགས་བསྒྱུར། བདུན་ཕྲག་སྔོན་མར་ཨ་མི་རི་ཀ་དང་ཨི་རན་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱས་ཏེ་ཨ་མི་རི་ཀ་ཡུཀ་རེན་གྱི་དམག་འཁྲུག་འབའ་ཞིག་ལ་མགོ་འཁོར་ནས་བསྡད་མེད་པའི་རྣམ་འགྱུར་བསྟན། སྲིད་བློན་གསར་པ་ནེ་ཐན་ཡ་ཧུས་སྔ་མོ་ནས་ཨི་རན་ནི་ཨི་སི་རལ་གྱི་བདེ་འཇགས་ལ་ཉེན་ཀ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་ལས་དུས་སྔོན་མའི་སྐབས་སུ་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡའི་ས་ཐོག་ཏུ་ཚུགས་པའི་ཨི་རན་གྱི་དམག་གི་ལྟེ་གནས་ཁག་ལ་གཏོར་རྒོལ་བྱས་མྱོང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG