ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འབྲུག་ཡུལ་གྱིས་རྒྱ་གར་བ་ཚོ་ཡོང་དུ་འཇུག་འདོད་མེད་པ་ཡིན་ནམ། 


༄༅།། འབྲུག་གཞུང་གིས་ལོ་གཉིས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ས་མཚམས་སྒོ་བརྒྱབ། ད་ལོའི་ཕྱི་ཟླ་༩་པའི་ཚེས་༢༣་ནས་འབྲུག་གཞུང་གིས་བསྐྱར་དུ་ས་མཚམས་སྒོ་ཕྱེ་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ཡོང་དུ་འཇུག་འཆར་ཡོད། ཡིན་ནའང་འབྲུག་གཞུང་གིས་ལམ་གྲོན་དང་མགྲོན་ཁང་གི་རིན་པ། ཟས་སོང་སོགས་མ་བརྩིས་པར་རྒྱ་གར་བ་ཚོའི་ལག་ནས་ཉིན་ལྟར་འཕེལ་རྒྱས་རྒྱུན་འཁྱོངས་ཀྱི་རིན་འབབ་ཅེས་འགྲུལ་ཁྲལ་ཨ་སྒོར་༡༥་རེ་དང་རྒྱལ་ཁབ་གཞན་གྱི་སྤྱི་དམངས་ཚོའི་ལག་ནས་ཨ་སྒོར་༢༠༠་རེ་བསྡུ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༤་ཉིན་རྒྱ་གར་གྱི་བང་ཆེན་གསར་པའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་གཞུང་གིས་འཕེལ་རྒྱས་རྒྱུན་འཁྱོངས་ཀྱི་རིན་འབབ་ཟེར་བའི་འགྲུལ་ཁྲལ་གསར་པ་ཞིག་བསྡུ་འཆར་ཡོད་པ་ནི་མངོན་གསལ་མེད་པར་རྒྱ་གར་བ་ཚོ་འབྲུག་ཡུལ་ལ་ཡོང་དུ་འཇུག་འདོད་མེད་པའི་རྟགས་མཚན་ཞིག་རེད་ཅེས་གནས་ཚུལ་སྤེལ།།

རྒྱ་གར་ནས་འབྲུག་ཡུལ་བར་དུ་ཡུལ་སྐོར་སྤྲོ་འཆམ་པ་ཚོས་གནམ་གྲུའི་ལམ་གྲོན་ཧིན་སྒོར་༢༣༠༠༠་ནས་༤༨༠༠༠་ཡས་མས་ཤིག་སྤྲོད་དགོས་ཤིང་། རྒྱ་གར་བའི་སློབ་ཕྲུག་དང་ཡུལ་སྐོར་སྤྲོ་འཆམ་པའི་ཚོགས་སྡེ། མཁའ་ལམ་དང་མགྲོན་ཁང་སོགས་ཀྱི་ཚོགས་མིའི་བསྡུ་ཆ་སྤྲོད་བཞིན་པ་ཚོར་ཕྱེད་ཆ་དང་ཆག་ཡང་གང་ཡང་མེད་པས་འབྲུག་གཞུང་གིས་འཕེལ་རྒྱས་རྒྱུན་འཁྱོངས་ཀྱི་རིན་འབབ་ཅེས་འགྲུལ་ཁྲལ་གསར་པ་ཞིག་བསྡུ་འཆར་ཡོད་པ་ནི་འབྲུག་ཡུལ་དུ་སྤྲོ་འཆམ་ལ་བསྐྱོད་འདོད་ཡོད་པའི་རྒྱ་གར་བ་བྱིངས་ལ་འགྲོ་གྲོན་འཐོལ་པ་ཞིག་ཡིན་པར་མ་ཟད། འབྲུག་གཞུང་གིས་རྒྱ་གར་བ་རྣམས་འབྲུག་ཡུལ་དུ་ཡོང་མི་ཐུབ་པའི་འགོག་ཐབས་ཤིག་ཀྱང་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་གར་གྱི་བང་ཆེན་གསར་པའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་བར་དུ་འབྲུག་ཡུལ་དུ་སྐོར་སྐྱོད་ལ་འགྲོ་བའི་རྒྱ་གར་བ་ཚོར་འགྲུལ་ཁྲལ་མེད་པ་དང་རྒྱ་གར་བ་ཚོས་རང་གི་ཐོབ་ཐང་དཔང་ཡིག་བསྟན་ནས་འབྲུག་ཡུལ་དུ་འཛུལ་ཞུགས་བྱེད་ཆོག ༢༠༢༠་ལོར་འབྲུག་གིས་ཕྱི་རྒྱལ་བ་ཚོའི་ལག་ནས་ཉིན་རེར་ཨ་སྒོར་༦༥་རེའི་འགྲུལ་ཁྲལ་བསྡུ་བཞིན་ཡོད་པ་དེའི་བརྒྱ་ཆ་༡༢་རྒྱ་གར་བ་ཚོས་ཀྱང་སྤྲོད་དགོས་ཞེས་རྒྱ་གར་གཞུང་ལ་བརྡ་ཐོ་བཀྲམ། ཡིན་ནའང་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་འབྲུག་གཞུང་གིས་དངོས་སུ་འཆར་གཞི་དེ་ལག་བསྟར་མ་ཐུབ། ཉིན་ཤས་གོང་དེར་འབྲུག་གཞུང་གིས་ཕྱི་ཟླ་༩་པའི་ནང་དུ་ས་མཚམས་བསྐྱར་དུ་སྒོ་དབྱེ་རྒྱུ་དང་དེའི་ཞོར་དུ་འཕེལ་རྒྱས་རྒྱུན་འཁྱོངས་ཀྱི་རིན་འབབ་ཅེས་འགྲུལ་ཁྲལ་བསྡུ་རྒྱུའི་གསལ་བསྒྲགས་སྤེལ།།

རྒྱ་གར་དང་འབྲུག་ཡུལ་གཉིས་ལ་ཕྱི་འབྲེལ་དང་ཆབ་སྲིད། ཚོང་ལས་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པས་རྒྱ་གར་བ་ཚོར་འགྲུལ་ཁྲལ་འགེལ་འཆར་ཡོད་པ་དེར་མཇུག་འབྲས་བཟང་པོ་ཞིག་སྨིན་མི་སྲིད། འབྲུག་ཡུལ་ལ་ལན་པ་སློག་ཐབས་ཡག་ཤོས་ནི་རྒྱ་གར་གཞུང་གིས་ཀྱང་འབྲུག་པ་ཚོར་འགྲུལ་ཁྲལ་འགེལ་དགོས་ཞེས་ཉམས་ཞིབ་པ་ཚོས་རྒྱུས་སྟོན་བྱས་འདུག ༢༠༢༠་ལོར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། འབྲུག་ཡུལ་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་༩༠་ཐམ་པ་ཉུང་དུ་སོང་། ལོ་དེར་འབྲུག་ཡུལ་དུ་ཕྱི་རྒྱལ་གྱི་འགྲུལ་པ་༢༩༨༡༢་བསླེབས་པ་དེའི་གྲས་ཀྱི་འགྲུལ་པ་༢༢༢༩༨་རྒྱ་གར་བ་ཡིན་ཞིང་། རྒྱ་གར་ནི་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་ཡོང་འབབ་དེའི་འབྱུང་ཁུངས་གཙོ་བོ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༥་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༡༩༧༤་ལོར་འབྲུག་ཡུལ་གྱིས་ཆེས་ཐོག་མར་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་ཕྱེ། རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཉིན་ལྟར་འབྲུག་གཞུང་ལ་ཨ་སྒོར་༢༥༠་རེ་སྤྲོད་དགོས། ཨ་སྒོར་༢༥༠་ཐམ་པའི་ནང་དུ་ཟས་སོང་དང་མགྲོན་ཁང་གི་རིན་པ། སྣེ་ཤན་པ་དང་འཕེལ་རྒྱས་རྒྱུན་འཁྱོངས་ཀྱི་འགྲུལ་ཁྲལ་ཨ་སྒོར་༦༥་ཡང་ཚུད་ཡོད་ཅིང་། ད་ལྟ་འབྲུག་གཞུང་གིས་འགྲུལ་ཁྲལ་ལྡབ་གསུམ་སྤར་ནས་ཉིན་ལྟར་ཨ་སྒོར་༢༠༠་རེ་བསྡུ་རྒྱུ་དང་མགྲོན་ཁང་དང་ཟས་སོང་། སྣེ་ཤན་པ་དང་འགྲིམ་འགྲུལ་བཅས་ཀྱི་འགྲོ་གྲོན་རྣམས་ལོགས་སུ་སྤྲོད་དགོས་པའི་ཁྲིམས་ཤིག་བཟོས་འདུག འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་དང་འབྲུག་གི་སྤྲོ་འཆམ་ལྷན་ཁང་གི་སློབ་སྟོན་པ་རྟ་མགྲིན་རྡོ་རྗེས་ཏོག་དབྱིབས་ནད་ཡམས་རྗེས་སུ་འབྲུག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱི་སྲིད་ཇུས་བསྐྱར་སྒྲིག་བྱས་ནས་འབྲུག་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཏུ་བསྒྱུར་ཡོད། ང་ཚོས་ཕུགས་རྒྱང་རིང་པོར་དམིགས་ནས་ཁོར་ཡུག་ལ་གནོད་སྐྱོན་མེད་པ་དང་འགྲུལ་པ་ཚོས་ཚད་མཐོའི་སྲི་ཞུ་སྤུས་དག་རྣམས་ཉམས་སུ་མྱོང་ཐུབ་པ་ཞིག་འབྱུང་ཐུབ་པའི་དམིགས་ཡུལ་འཆང་ཡོད་ཅེས་འགྲེལ་བཤད་བརྒྱབ་འདུག

XS
SM
MD
LG