ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨི་རན་གྱི་སྲིད་འཛིན་གནམ་གྲུ་བརྡབས་ནས་ཤི་སྟེ་མོག་བྷེར་ལས་ཚབ་ཏུ་བསྐོས།


ཨི་རན་གྱི་སྲིད་འཛིན་ཨིབ་ར་ཧིམ་ར་ཡེ་སི་
ཨི་རན་གྱི་སྲིད་འཛིན་ཨིབ་ར་ཧིམ་ར་ཡེ་སི་

༄༅།། ཨི་རན་གྱི་སྲིད་འཛིན་ཨིབ་ར་ཧིམ་ར་ཡེ་སི་དང་ཕྱི་སྲིད་བློན་ཆེན། ཤར་ཨ་ཛར་བྷ་ཇེན་ཞིང་ཆེན་གྱི་འགོ་ཁྲིད་དང་སྐུ་སྲུང་བ་ཚོ་ཐད་འཕུར་གནམ་གྲུ་བརྡབས་ནས་གྲོངས། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་སྲིད་འཛིན་གསར་པ་ཞིག་འོས་འདེམས་མ་བྱས་བར་དུ་སྲིད་འཛིན་གཞོན་པ་དང་པོ་མྷོ་མེ་དཱ་མོག་བྷེར་ནས་སྲིད་འཛིན་ལས་ཚབ་ཀྱི་ལས་ཁུར་ལེན་དགོས་ཞེས་བཀའ་ཕབ། ཁ་སང་གཟའ་ཉི་མའི་ཉིན་ཨི་རན་གྱི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་སོགས་ཁྱིམ་མཚེས་རྒྱལ་ཁབ་ཨ་ཛར་བྷ་ཇེན་གྱི་ས་མཚམས་སུ་བསྐྱོད། ཨ་ཛར་བྷ་ཇེན་གྱི་སྲིད་འཛིན་ཨིལ་ཧམ་ཨ་ལི་ཡེབ་དང་ལྷན་དུ་ཆུ་མཛོད་ཅིག་སྒོ་འབྱེད་ཀྱི་མཛད་སྒོར་ཞུགས། ཕྱིར་ལམ་སྨུག་པ་སྟུག་པོ་འཐིབས་ཏེ་ཐད་འཕུར་གནམ་གྲུས་འཕུར་ལམ་མ་མཐོང་བར་རྫ་ལུང་ཞིག་ཏུ་བརྡབས།།

གནམ་གྲུའི་ཆག་རོ་དང་སྲིད་འཛིན་ར་ཡེ་སི། ཕྱི་སྲིད་བློན་ཆེན་ཧོ་སེ་ཎི་ཨ་མི་རཱབ་ཌོ་ལཱ་ཧི་ཡན་སོགས་ལ་སྲོག་སྐྱོན་ཕོག་ཡོད་པའི་ཕུང་པོ་རྣམས་རྙེད།
གནམ་གྲུའི་ཆག་རོ་དང་སྲིད་འཛིན་ར་ཡེ་སི། ཕྱི་སྲིད་བློན་ཆེན་ཧོ་སེ་ཎི་ཨ་མི་རཱབ་ཌོ་ལཱ་ཧི་ཡན་སོགས་ལ་སྲོག་སྐྱོན་ཕོག་ཡོད་པའི་ཕུང་པོ་རྣམས་རྙེད།

གཟའ་ཉི་མ་དང་མདང་དགོང་མཚན་མོར་ཨི་རན་གྱི་དམག་དང་ཛ་དྲག་ཉེན་སྐྱོབ་པ་ཚོས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་གནམ་གྲུ་བརྡབས་ཡུལ་བཙལ། དེ་རིང་གཟའ་ཟླ་བའི་ཉིན་གནམ་གྲུའི་ཆག་རོ་དང་སྲིད་འཛིན་ར་ཡེ་སི། ཕྱི་སྲིད་བློན་ཆེན་ཧོ་སེ་ཎི་ཨ་མི་རཱབ་ཌོ་ལཱ་ཧི་ཡན་སོགས་ལ་སྲོག་སྐྱོན་ཕོག་ཡོད་པའི་ཕུང་པོ་རྣམས་རྙེད། ལོ་ན་༦༣་ལ་སོན་པའི་སྲིད་འཛིན་འདས་པོ་ར་ཡེ་སི་ནི་རྙིང་ཞེན་མཁྲེགས་འཛིན་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁ་གཏད་དུ་ལངས་ཏེ་ཨུ་རུ་སུར་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་བཙོངས། སྲིད་འཛིན་ར་ཡེ་སིའི་འགོ་ཁྲིད་འོག་ཨི་རན་གྱིས་རྡུལ་ཕྲལ་མཚོན་ཆར་བཀོལ་སྤྱོད་བྱེད་ཆོག་པའི་ཡུ་རེ་ནིམ་དྭངས་སེལ་བྱས་པ་དང་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག ཡེ་མན་གྱི་ཧོ་ཐི་ཤོག་ཁག་དང་སི་རི་ཡའི་སྲིད་འཛིན་ཨ་ས་དཱའི་གཞུང་ལ་རྒྱབ་སྐྱོར་བྱས་ནས་དཀྱིལ་ཤར་ས་ཁུལ་གྱི་འཁྲུག་རྩོད་ཆེ་རུ་སོང་།།

ཕྱི་སྲིད་བློན་ཆེན་ཧོ་སེ་ཎི་ཨ་མི་རཱབ་ཌོ་ལཱ་ཧི་ཡན་
ཕྱི་སྲིད་བློན་ཆེན་ཧོ་སེ་ཎི་ཨ་མི་རཱབ་ཌོ་ལཱ་ཧི་ཡན་

གཟའ་ཟླ་བའི་ཞོགས་པར་ཨི་རན་གྱི་བློན་ཆེན་ལྷན་ཁང་ཛ་དྲག་གི་ཚོགས་འདུ་ཚོགས་ཏེ་སྲིད་འཛིན་ར་ཡེ་སིའི་སྲིད་ཇུས་དང་ལམ་སྟོན་རྣམས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག ཨིབ་ར་ཧིམ་ར་ཡེ་སི་སྲིད་འཛིན་ལ་མ་བདམས་གོང་དུ་ཨི་རན་གྱི་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་དང་སྤྱི་ཁྱབ་ཁྲིམས་འཛིན་པའི་གོ་གནས་བཟུང་། ད་ལྟ་ཨི་རན་གྱི་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎི་ལོ་༨༥་ལ་སོན་ཡོད་པས་ལས་གནས་ནས་དགོངས་པ་ཞུས་པའམ། ཡང་ན་ཧོ་མེ་ཎི་གྲངས་པའི་རྗེས་སུ་སྲིད་འཛིན་ར་ཡེ་སི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བསྐོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། གཟའ་མཇུག་དེར་སྲིད་འཛིན་ར་ཡེ་སི་གྲོངས་པའི་རྗེས་སུ་ཨི་རན་གྱི་ཆེས་མཐོའི་དབུ་ཁྲིད་ཀྱི་རྗེས་འཛིན་པའི་དམིགས་སྒོ་དེར་ལོ་ན་༥༥་ལ་སོན་པའི་མཱོ་ཇཱ་ཏ་བྷ་ཧོ་མེ་ཎི་སྟེ། ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིའི་བུ་ལས་མེད་པའི་གནས་ཚུལ་ཐོན་འདུག

༡༩༧༩་ལོར་ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ཏེ་ཤཱ་གོང་མའི་རྒྱལ་རབས་མཇུག་བསྡུས། གལ་སྲིད་ཨ་ཡ་ཏོ་ཨ་ལི་ཧོ་མེ་ཎིའི་བུ་རྒྱལ་ཁབ་དེའི་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་དུ་གྱུར་ཚེ། ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ཏེ་གསར་གཏོད་བྱུང་བའི་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་མཚན་གནས་དེ་ཁྱིམ་ཚང་གཅིག་གི་མི་རབས་གསུམ་པ་དེར་རྩིས་སྤྲོད་བྱ་རྒྱུ་ཡིན་ཞིང་། ཐོག་མར་ཨ་ཡ་ཏོ་ལ་ར་ཧུ་ལཱ་ཧོ་མེ་ཎིས་༡༩༧༩་ནས་༡༩༨༩་བར་དུ་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ལམ་སྲོལ་བཙུགས་ནས་སྲིད་དབང་བཟུང་། ༢༠༢༡་ལོར་ཨི་རན་གྱི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་མི་དམངས་འོས་ཤོག་འཕེན་མཁན་ཉུང་བ་བྱུང་ཡང་ཨིབ་ར་ཧིམ་ར་ཡེ་སི་སྲིད་འཛིན་ལ་བདམས། ༡༩༨༨་ལོར་ཨི་རན་དང་ཨི་རག་གི་དམག་འཁྲུག་མཇུག་སྒྲིལ་སྐབས་སུ་སྲིད་དོན་བཙོན་པ་སྟོང་ཕྲག་མང་པོ་བསད་པར་ཐེ་གཏོགས་ཡོད་པའི་ནག་ཉེས་ཐོག་ཏུ་ཨ་མི་རི་ཀས་ར་ཡེ་སི་ཉེས་ཆད་གཅོད་ཡུལ་གྱི་ཐོ་གཞུང་དུ་བཀོད།།

ཨི་རན་གྱི་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་སྲིད་འཛིན་གསར་པ་ཞིག་འོས་འདེམས་མ་བྱས་བར་དུ་སྲིད་འཛིན་གཞོན་པ་དང་པོ་མྷོ་མེ་དཱ་མོག་བྷེར་
ཨི་རན་གྱི་ཆོས་སྲིད་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་སྲིད་འཛིན་གསར་པ་ཞིག་འོས་འདེམས་མ་བྱས་བར་དུ་སྲིད་འཛིན་གཞོན་པ་དང་པོ་མྷོ་མེ་དཱ་མོག་བྷེར་

ཕྱི་ཟླ་༥་པའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་སྲིད་འཛིན་ལས་ཚབ་མྷོ་མེ་དཱ་མོག་བྷེར་ནི་ལོ་༦༨་ལ་སོན། ཁོ་པ་ཨི་རན་གྱི་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིའི་གཤམ་འོག་ཏུ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་བཅས་ཚོགས་མི་གསུམ་གྱི་འགན་འཛིན་ལྷན་ཚོགས་ཤིག་ཡོད་པ་དེའི་འཐུས་མི་ཡིན་པར་མ་ཟད། ཨི་རན་གྱི་འགན་འཛིན་ལྷན་ཚོགས་ཀྱིས་བཀོད་སྒྲིག་ལྟར་སྲིད་འཛིན་ལས་ཐོག་གྲོངས་ནས་ཉི་མ་༥༠་ཐམ་པའི་ནང་ཚུད་དུ་སྲིད་འཛིན་གསར་པ་ཞིག་གདམ་དགོས་ཤིང་། སྲིད་འཛིན་འདས་པོ་ར་ཡེ་སི་དང་འདྲ་བར་སྲིད་འཛིན་ལས་ཚབ་མོག་བྷེར་ཡང་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིའི་སྤྱན་བསལ་ཞིག་ཡིན་པས་༢༠༢༡་ལོར་སྲིད་འཛིན་གཞོན་པ་དང་པོར་གྱུར།།

ན་ནིང་ཕྱི་ཟླ་༡༠་པའི་ནང་ཨི་རན་གྱི་སྐུ་ཚབ་ཚོགས་པ་ཞིག་ཨུ་རུ་སུར་བསྐྱོད་པ་དེའི་ཁོངས་སུ་སྲིད་འཛིན་ལས་ཚབ་མོག་བྷེར་འདུས། ཨི་རན་གྱིས་སྐུ་ཚབ་ཚོགས་པས་ཨུ་རུ་སུའི་དམག་ལ་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་བཙོང་རྒྱུའི་གྲོས་མཐུན་བཞག སྔོན་ཆད་མོག་བྷེར་ནས་ཨི་རན་གྱི་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིར་འབྲེལ་བ་ཡོད་པའི་མ་རྩ་འཛུགས་འཇོག་ཐེབས་རྩ་ཁང་ཞིག་འཛིན་སྐྱོང་གི་འགན་བླངས། ༢༠༡༠་ལོར་ཡུ་རོབ་མཉམ་འབྲེལ་གྱིས་མོག་བྷེར་སོགས་སྐྱེ་བོ་སྒེར་པ་ཁག་ཅིག་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ་བཟོ་སྐྲུན་གྱི་ལས་གཞིར་འབྲེལ་བ་འདུག་ཅེས་ཉེས་ཆད་བཅད། ༢༠༡༣་ལོར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཨི་རན་གྱི་བཟོ་ཚོང་ལས་ཁུངས་༣༧་ལ་ཉེས་ཆད་བཅད་པ་དེ་དག་གི་གྲས་སུ་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིར་འབྲེལ་བ་ཡོད་པའི་མ་རྩ་འཛུགས་འཇོག་ཐེབས་རྩ་ཁང་དེ་ཚུད།།

ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཛ་རིབ་
ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཛ་རིབ་

ཨི་རན་གྱི་སྲིད་འཛིན་ར་ཡེ་སི་དང་ཕྱི་སྲིད་བློན་ཆེན་སོགས་སྐྱེལ་འདྲེལ་བྱས་པའི་ཐད་འཕུར་གནམ་གྲུ་དེ་ཨ་མི་རི་ཀས་བཟོས་ནས་ལོ་༤༠་ལྷག་ཕྱིན་པའི་གནམ་གྲུ་རྙིང་པ་ཞིག་ཡིན་ཞིང་། དེང་སྐབས་འཛམ་གླིང་ཡོངས་སུ་ཨ་རིའི་ཐད་པར་གནམ་གྲུ་དེར་དུས་རབས་སྔོན་མའི་ལོ་རབས་༦༠་པ་དང་༧༠་པའི་ནང་དུ་ལངས་པའི་ཝི་ཏེ་ནམ་གྱི་དམག་འཁྲུག་སྐབས་ཀྱི་ཐད་འཕུར་གནམ་གྲུ་ཞེས་མིང་བཏགས། ཨི་རན་གྱིས་ཕྱི་ལོ་༢༠༠༠་ཡས་མས་སུ་ཐད་འཕུར་གནམ་གྲུ་དེ་ཉོས། ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཛ་རིབ་ཀྱིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ། ཨི་རན་ལ་གནམ་གྲུ་གསར་པ་དང་གནམ་གྲུའི་ལྷུ་ལག་ཉོ་རུ་མ་བཅུག་པར་ཐད་འཕུར་གནམ་གྲུ་དེ་བརྡབས་པ་རེད། ཁ་སང་གི་རྐྱེན་ངན་དེའི་ལན་ཁག་གཙོ་བོ་ཨ་མི་རི་ཀར་ཡོད། ཨ་རིས་གནམ་གྲུ་དང་གནམ་གྲུའི་ལྷུ་ལག་བཙོང་རྒྱུ་བཀག་སྡོམ་བྱས་ནས་ཨི་རན་ལ་བདེ་འཇགས་ལྡན་པའི་མཁའ་ལམ་འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་མཐུན་རྐྱེན་མ་འཛོམས་པ་རེད། ཨི་རན་མི་དམངས་ཀྱིས་ཨ་རིའི་ནག་ཉེས་རྣམས་ཐོ་འགོད་བྱས་ནས་བརྗེད་ཀྱི་མ་རེད་ཅེས་སྐྱོན་བཙུགས།།

ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་གྱི་སྲིད་འཛིན་གནམ་གྲུ་བརྡབས་ནས་སྲོག་སྐྱོན་བྱུང་བར་གླེང་སློང་བྱེད་ཀྱི་མེད་ཀྱང་རྒྱ་གར་གྱི་སྲིད་བློན་མོ་དྷིས་ཨི་རན་མི་དམངས་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། པ་ཀི་སི་ཐན་གྱིས་དེ་རིང་གི་ཉིན་མོ་འདིར་མྱ་ངན་བྱེད་ཀྱི་ཡོད་ཅེས་བསྒྲགས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་ཏུར་ཀིའི་སྲིད་འཛིན་ཨེ་དྷོ་ཝན། ཨི་ཇེབ་དང་འཇོར་ཌན། སི་རི་ཡའི་སྲིད་འཛིན་ཨ་ས་དཱ། ཨ་ཛར་བྷ་ཇེན་གྱི་སྲིད་འཛིན་ཨི་ལི་ཡེབ་སོགས་ཀྱིས་ཨི་རན་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་དང་སེམས་སྡུག་དྲག་པོ་མྱོང་གི་ཡོད་ཅེས་གསལ་བསྒྲགས་སྤེལ། ༢༠༢༢་ལོར་ཨི་རན་རྒྱལ་ཡོངས་སུ་བུད་མེད་ཚོས་མགོ་རས་གྱོན་དགོས་པའི་ཁྲིམས་ལ་ངོ་རྒོལ་བྱས་ནས་མི་༥༠༠་ལྷག་བསད་པ་དང་༢༢༠༠༠་ལྷག་བཙོན་ཁང་དུ་བཀག སྲིད་འཛིན་ར་ཡེ་སི་མང་ཚོགས་ཀྱི་ངོ་རྒོལ་ལ་དྲག་གནོན་བྱ་དགོས་ཞེས་བཀའ་གཏོང་མཁན་ཡིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG