ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

ཚན་རིག་པ་ཚོས་ཧི་མ་ལ་ཡའི་འཁྱག་རོམ་བརྒྱ་ཆ་༨༠་ཞུ་རྒྱུའི་བློ་འཚབ། 


༄༅།། ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་ནི མི་གྲངས་དུང་ཕྱུར་མང་པོའི་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་། ཨེ་ཤི་ཡའི་ཆུ་བོ་ཆེན་པོ་༡༢་ཀྱི་འབྱུང་ཁུངས་སུ་གྱུར། ཕྱི་ཟླ་༦་པའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་ཚན་རིག་པའི་རུ་ཁག་ཅིག་གིས་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ཏེ་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་རྣམས་ཞུ། ཆུ་ལོག་བརྒྱུགས་ཏེ་མི་གྲངས་དུང་ཕྱུར་༢་དང་བྱེ་བ་༤་ལྷག་ལ་འཐུང་ཆུ་ཆད་རྒྱུའི་ཉེན་ཁ་ཆེ། ༢༠༡༠་ནས་ད་ལྟའི་བར་དུ་ཧི་མ་ལ་ཡའི་འཁྱག་རོམ་གྱི་ཞུ་ཚད་བརྒྱ་ཆ་༦༥་ཇེ་མགྱོགས་སུ་ཕྱིན་ཏེ་ལོ་བཅུ་ཕྲག་མང་པོའི་ཟིན་ཐོ་བརྒལ་འདུག་ཅེས་སྙན་ཐོ་བཏོན། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་ཡོད་པའི་རྒྱལ་སྤྱིའི་མཉམ་འབྲེལ་རི་བོ་བདག་སྐྱོང་ལྟེ་གནས་ཁང་གི་ཁོར་ཡུག་ཚན་རིག་པ་ཧྥི་ལི་པ་སི་ཝེ་སི་ཊར་གྱིས་འཁྱག་རོམ་རྣམས་ཞུ་ཡི་འདུག འཁྱག་རོམ་དེ་རྣམས་ལོ་བརྒྱའི་ནང་དུ་ཞུ་ཚར་ས་རེད་ཅེས་སྐྱེ་ཁམས་ལ་དོ་ཕོག་ཚབས་ཆེན་ཞིག་འཕོག་བཞིན་པ་གསལ་པོར་བསྟན།།

ཧི་མ་ལ་ཡའི་གངས་རི་ནི་བོད་དང་འབྲུག་ཡུལ། ཨབ་གྷ་ཎི་སི་ཐན་དང་བངྒ་ལ། རྒྱ་གར་དང་པ་ཀི་སི་ཐན། བལ་ཡུལ་དང་འབར་མ་བཅས་ཨེ་ཤི་ཡའི་རྒྱལ་ཁབ་༨་ལ་ཁྱབ། འཁྱག་ཁམས་ཚན་རིག་པ་ཚོས་ཧི་མ་ལ་ཡའི་ལྗོངས་ཀྱི་གནམ་གཤིས་དྲོད་ཚད་དུས་རྒྱུན་ལས་སལ་སེ་སི་༡.༥་ནས་༢་(1.5-2C)་བར་དུ་འཕར་ན་གངས་ལྗོངས་ཀྱི་འཁྱག་རོམ་བརྒྱ་ཆ་༣༠་ནས་༥༠་ཙམ་ཞུ་ས་རེད། གངས་རི་དེ་དག་གི་ཆགས་ཡུལ་དང་འཁྱག་རོམ་ཞུ་ཚད་གཉིས་ལ་འབྲེལ་བ་དམ་ཟབ་འདུག དཔེར་ན་གནམ་གཤིས་དྲོད་ཚད་སལ་སེ་སི་༣་འཕར་ན་ཧི་མ་ལ་ཡའི་ཤར་ཕྱོགས་སུ་ཆགས་པའི་བལ་ཡུལ་དང་འབྲུག་ཡུལ་གྱི་འཁྱག་རོམ་བརྒྱ་ཆ་༧༥་ཞུ་ས་རེད། གནམ་གཤིས་དྲོད་ཚད་སལ་སེ་སི་༤་འཕར་ན་འཁྱག་རོམ་བརྒྱ་ཆ་༨༠་ཞུ་ས་རེད་ཅེས་གནས་ཚུལ་སྤེལ། ཡུ་རོབ་ཀྱི་ཨལ་པ་སི་གངས་རི་དང་བྱང་ཨ་རིའི་བྲག་རི་ཁག་དང་མ་འདྲ་བར་ཧི་མ་ལ་ཡའི་འཁྱག་རོམ་རྣམས་ཅི་ཙམ་ཞུ་ཡི་ཡོད་མེད་ཟིན་ཐོ་ཡག་པོ་ཞིག་མ་འཁོད།།

ཁོར་ཡུག་ཚན་རིག་པ་ཝེ་སི་ཊར་གྱིས་ཧ་མ་ལ་ཡའི་གངས་རི་ལ་ཐུག་ན་ང་ཚོས་རྟག་ཏུ་ངེས་གཏན་གསལ་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག སྐབས་འགར་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་རྣམས་ངོ་མར་ཞུ་ཡི་ཡོད་པ་ཡིན་ནམ་ཞེས་དོགས་པའང་འབྱུང་གི་འདུག་ཟེར། དུས་རབས་སྔོན་མའི་ལོ་རབས་༧༠་པའི་ནང་དུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འཁོར་སྐར་བཏང་སྟེ་ཧི་མ་ལ་ཡའི་གངས་རི་རྣམས་འདྲ་པར་བླངས། ༢༠༡༩་ལོར་ཨ་རིའི་གཞུང་གིས་འདྲ་པར་ཁག་ཅིག་གསང་རྒྱ་གྲོལ། ཚན་རིག་པ་ཚོས་འདྲ་པར་དེ་དག་ལ་བལྟས་ནས་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་རྣམས་ཅི་ཙམ་ཞུ་ཡོད་མེད་ཚད་འཛིན་བྱ་ས་གསར་པ་ཞིག་རྙེད། དེང་སྐབས་འཁོར་སྐར་གྱི་འཕྲུལ་རིག་ཡར་རྒྱས་དང་ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱེད་ཐུབ་པ་བཅས་ཀྱིས་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་རྣམས་ཞུ་ཡི་ཡོད་པ་ངོ་འཕྲོད། ད་ཐེངས་ཀྱི་སྙན་ཐོ་འདི་༢༠༢༢་ལོའི་ཕྱི་ཟླ་༡༢་པའི་ནང་དུ་བཏོན་པའི་གཞི་གྲངས་ལ་ཁུངས་གཏུགས་ནས་ཕྱོགས་སྒྲིག་བྱས་འདུག

ཡུ་རོབ་རྒྱལ་ཁབ་ཨོ་སི་ཊི་རི་ཡའི་གྷ་ར་ཛི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་འཁྱག་ཁམས་རིག་པ་བ་བྷོལ་ཆེ་(Tobias Bolch)་ཡིས་ང་ཚོ་ཡུ་རོབ་ཀྱི་ཨལ་པ་སི་གངས་རི་ལ་རྒྱུས་མངའ་ཡོད་པ་ཇི་བཞིན་ཧི་མ་ལ་ཡའི་གངས་རི་ལ་རྒྱུས་མངའ་དེ་ཙམ་མེད་ཀྱང་ལྷོ་ཨ་མི་རི་ཀའི་ཨིན་ཌི་སི་རི་བོ་ལྟར་རྒྱུས་མངའ་ལོན་ཡོད་ཅེས་བཀྲལ། ཁོར་ཡུག་ཚན་རིག་པ་ཝེ་སི་ཊར་གྱིས་ང་ཚོས་༢༠༡༩་ལོར་ཚོད་དཔག་བྱས་པ་དང་བསྡུར་ན་ལོ་འདིར་ཧི་མ་ལ་ཡའི་གངས་རི་ལ་ཆ་རྒྱུས་ལེགས་ཙམ་ལོན་ཡོད། ང་ཚོས་༢༡༠༠་ཡི་མཚམས་སུ་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་རྣམས་ཅི་ཙམ་ཞུ་ཚར་རྒྱུ་ཡིན་མིན། འཛམ་གླིང་གི་ས་གནས་མ་འདྲ་བ་རེར་གནམ་གཤིས་ཚ་དྲོད་ཅི་ཙམ་འཕེལ་རྒྱུ་ཡིན་མིན་རྣམས་གདེང་ཚོད་ལྡན་པའི་སྒོ་ནས་སྔོན་དཔག་བྱེད་ཐུབ། ང་ཚོས་གསར་དུ་ཤེས་རྟོགས་བྱུང་བའི་གྲུབ་འབྲས་ལ་གཞིགས་ནས་ཧི་མ་ལ་ཡའི་ལྗོངས་ཀྱི་མི་མང་གི་འཚོ་བར་དོ་ཕོག་འགྲོ་རྒྱུར་བློ་འཚབ་ཡོང་གི་འདུག དུས་རབས་འདིའི་དཀྱིལ་ནས་སེངྒེ་ཁ་འབབ་དང་ཡར་ཀླུང་གཙང་པོ། རྫ་ཆུ་སོགས་ཨེ་ཤི་ཡའི་ཆུ་བོ་ཆེན་པོ་༡༢་ཆུང་དུ་འགྲོ་ཤས་ཆེ། མི་གྲངས་དུང་ཕྱུར་༡༦་ཆུ་བོ་དེ་དག་ལ་བརྟེན་ཡོད་པ་རེད་ཅེས་སྨྲས།།

ཁོར་ཡུག་ཚན་རིག་པ་ཝེ་སི་ཊར་གྱིས་ང་ཚོས་འཁྱག་རོམ་རྣམས་ཞུ་ན་ཆུའི་འབབ་རྒྱུན་མང་དུ་འགྲོ་རྒྱུ་རེད་བསམས་སྲིད། གངས་རི་དང་འཁྱག་རོམ་རྣམས་ཅི་ཙམ་མྱུར་དུ་ཞུ་ན་ཆུ་རྒྱུན་དལ་དུ་མི་འབབ་པར་ཆུ་ལོག་བརྒྱུགས། མཐར་ཆུ་ལོག་གི་རྒྱུན་དེ་བྲི་སྟེ་སྐམ་པར་འགྱུར་ཞེས་བཤད། མཐོ་སྒང་གི་ཡུལ་སྡེ་མང་པོས་འཁྱག་རོམ་དང་གངས་ཆུ་བཀྱེས་ནས་ས་ཞིང་བཏབ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་བྱུང་སྟེ་ཁ་ཆར་དུས་སུ་མི་འབབ་པས་ཞིང་ཆུ་ཇེ་དཀོན། སྙན་ཐོ་ཕྱོགས་སྒྲིག་ཕྱག་སྦྲེལ་བ་ཨ་མཱི་ན་མ་ཧར་ཇན་(Amina Maharjan)་གྱིས་དབྱར་དུས་འབྲོག་པ་རྣམས་མཐོ་སར་སྤོར། གལ་སྲིད་ཁ་བ་སྔ་པོ་བབས་ན་རྩྭ་ས་ཐམས་ཅད་ཁ་བས་མནན་ཏེ་ཕྱུགས་ཟོག་ལ་རྩྭ་ཟ་རྒྱུ་མེད་པར་ནོར་གནག་མང་པོ་ཤི་བ་མཐོང་རྒྱུ་འདུག ད་ལྟ་འབྲོག་པ་དང་ཞིང་པ་ཚོས་རང་གི་སྲོལ་རྒྱུན་གྱི་འཚོ་བའི་ཆེད་ལས་བསྐྱུར། ཁོ་ཚོ་གྲོང་ཁྱེར་སོགས་ལ་སྤོར་ནས་འཚོ་ཐབས་གསར་པ་འཚོལ་གྱི་འདུག་ཅེས་སྙན་ཐོའི་ནང་དུ་བཀོད།།

ཕྱི་ཟླ་༦་པའི་ཚེས་༢༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨེ་ཤི་ཡའི་ཆུ་བོ་ཆེན་པོ་༡༢་ཀྱི་འབྱུང་ཁུངས་སུ་གྱུར་པའི་ཧི་མ་ལ་ཡའི་གངས་རི་དང་འཁྱག་རོམ་རྣམས་རྒྱལ་ཁབ་༡༦་གི་མི་གྲངས་དུང་ཕྱུར་༢༠་ལྷག་གི་འཐུང་ཆུ་ཡིན་ཞིང་། ཁོར་ཡུག་ཚན་རིག་པ་ཨ་མཱི་ན་མ་ཧར་ཇན་གྱིས་མཐོ་སྒང་དུ་འཚོ་གནས་བྱེད་བཞིན་པའི་མི་ཚོས་སའི་གོ་ལའི་ཚ་དྲོས་རྒྱས་དགོས་པའི་བྱས་ཉེས་གང་ཡང་བསགས་མེད། ཁོ་ཚོའི་འཚོ་བའི་གོམས་སྲོལ་མགོ་རྟིང་སློག་གི་འདུག ད་ལྟ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་འགོག་གི་ཡོད་པར་ནུས་པ་ཆེན་པོ་ཞིག་མ་ཐོན། མཐོ་སྒང་དུ་འཚོ་གནས་བྱེད་བཞིན་པའི་མི་མང་དེ་ཚོར་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་མེད་པར་ཡུན་གནས་ཐུབ་རྒྱུ་ཤིན་ཏུ་དཀའ། ཇོ་མོ་གླང་མའི་སྟེང་དུ་ཆགས་པའི་ལོ་༢༠༠༠་ཐམ་པའི་ཁ་བ་དང་འཁྱག་རོམ་རྣམས་ལོ་༣༠་ཡས་མས་ཤིག་གི་ནང་དུ་ཞུ་ཚར་འདུག ང་ཚོས་ཆེས་ཐོག་མར་འཁྱག་ཁམས་ཀྱི་འགྱུར་ལྡོག་གིས་ཆུའི་འཕེལ་འགྲིབ་ལ་ཤུགས་རྐྱེན་དང་སྐྱེ་ཁམས་ཀྱི་འགྱུར་ལྡོག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མཉམ་དུ་བསྡུས་ནས་སྙན་ཐོ་ཞིབ་ཚགས་ཤིག་བཏོན་ཡོད་ཅེས་བསྒྲགས།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཧི་ལ་ཡ་མའི་གངས་རི་དང་འཁྱག་རོམ་རྣམས་ཞུ་ནས་མཚོ་ཆུང་༢༠༠་ལྷག་འཁྱིལ། དུས་རབས་༢༡་པའི་མཇུག་དེར་ཧི་མ་ལ་ཡའི་ལྗོངས་ཀྱི་མཚོ་ཆུང་རྣམས་ལུག་སྟེ་ཆུ་ལོག་བརྒྱུག་རྒྱུ་དང་ས་གནས་ཁག་ཅིག་ལ་ས་རྡིབ་ཀྱི་གོད་ཆག་བྱུང་། ད་ལོའི་ཕྱི་ཟླ་དང་པོའི་ནང་ཧི་མ་ལ་ཡའི་གངས་འདེབས་སུ་ཆགས་པའི་རྒྱ་གར་གྱི་ཨུ་ཏཱར་ཁན་མངའ་སྡེའི་ཇོ་ཤི་མ་ཐ་གྲོང་རྡལ་གྱི་ས་བརྡིབས། མི་མང་གི་ཁང་པ་༨༠༠་ལྷག་ལ་གས་ཁ་ཐོན། མི་མང་བརྒྱ་ཕྲག་མང་པོ་བདེ་འཇགས་ཀྱི་ས་ཆ་ཞིག་ཏུ་སྤོར་དགོས་བྱུང་ཞིང་། རྒྱ་གར་གྱི་ཚན་རིག་པ་ཚོས་ས་ཁུལ་དེའི་རྨང་གཞི་མཁྲེགས་ས་ཞིག་ལ་མ་ཐུག་བར་དུ་ས་བརྡིབས་ནས་གོད་ཆག་འབྱུང་རྒྱུ་མཚམས་མི་ཆད། ད་དུང་ཡང་ས་བརྡིབས་ནས་ཁང་པ་མང་པོ་བཤིག་གི་རེད་ཅེས་ཉེན་བརྡ་བཏང་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༡༧་ཉིན་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤུའེ་ཡུང་ཁང་གིས་ས་དྲོད་དང་རླན་གཤེར་གྱིས་གནམ་གཤིས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པ་སྦྱངས། ཁོང་གིས་བོད་མཐོ་སྒང་དུ་ས་དྲོད་འཕེལ་ཏེ་ཧི་མ་ལ་ཡའི་ལྗོངས་ནས་བངྒ་ལའི་མཚོ་ཁུག་བར་གྱི་གནམ་གཤིས་སྒྱུར་གྱི་འདུག བོད་མཐོ་སྒང་དུ་གྲང་ངར་ཆེ་ན་ཨེ་ཤི་ཡའི་ཆར་ཞོད་ཤུགས་ཆུང་བ་དང་བོད་མཐོ་སྒང་དུ་ཚ་དྲོད་འཕེལ་ན་ཨེ་ཤི་ཡའི་ཆར་ཞོད་ཤུགས་ཆེ་བ་བྱུང་སྟེ་ཆུ་ལོག་བརྒྱུགས། བོད་མཐོ་སྒང་དང་ཨ་རིའི་བྲག་རི་ཁག་གི་གནམ་གཤིས་དྲོད་གྲང་ནི་རྒྱ་ནག་གི་རོང་ས་ཁག་གི་གནམ་གཤིས་ལ་འབྲེལ་བ་འདུག བོད་མཐོ་སྒང་དུ་ཚ་དྲོད་འཕེལ་ན་ཨ་རིའི་བྲག་རི་ཁག་གི་གནམ་གཤིས་གྲང་དུ་སོང་། བོད་མཐོ་སྒང་གི་གནམ་གཤིས་གྲང་དུ་སོང་ན་ཨ་རིའི་བྲག་རི་ཁག་གི་གནམ་གཤིས་དྲོ་རུ་སོང་། དེ་ནས་ཞི་བདེ་རྒྱ་མཚོའི་དྲོད་གྲང་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག་ཅེས་རྩོམ་ཡིག་བྲིས། འདི་ནི་ཧི་མ་ལ་ཡ་དང་ཨ་རིའི་བྲག་རི་ཁག་གི་གནམ་གཤིས་འགྱུར་ལྡོག་གཉིས་གཤིབ་སྡུར་བྱས་པའི་རྩོམ་ཡིག་ཅིག་ཡིན་འདུག

XS
SM
MD
LG