ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨིན་རྡུ་ནེ་ཤི་ཡ་དང་ཐེ་ལན་ལ་རྒྱ་ནག་གི་སྨན་ཁབ་ཀྱིས་ཕན་གྱི་མེད་སྐད། 


༄༅།། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཨིན་རྡུ་ནེ་ཤི་ཡ་དང་ཐེ་ལན་ཌི་གཉིས་ཀྱིས་རང་གི་མི་དམངས་ལ་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ། ད་ལྟ་རྒྱལ་ཁབ་དེ་དག་གི་སྨན་པ་དང་འཕྲོད་བསྟེན་ལས་སྣེ་ཚོར་རྒྱ་ནག་གི་སྨན་ཁབ་དེ་ཚོས་ཕན་གྱི་ཡོད་མེད་དོགས་པ་བྱུང་སྟེ་ཨ་རི་སོགས་ཀྱིས་བཟོས་པའི་སྨན་ཁབ་གསུམ་པ་ཞིག་རྒྱག་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༧་པའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་བཟོས་པའི་སྨན་ཁབ་ཁག་ལ་ནད་འགོག་གི་ནུས་པ་ཡོད་མེད་དོགས་པ་ཆེ་རུ་སོང་། ཏུར་ཀི་རྒྱལ་ཁབ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། གཞན་ཡང་དེ་མིན་གྱི་རྒྱལ་ཁབ་ཁག་ཅིག་གིས་རང་གི་མི་དམངས་ལ་རྒྱ་ནག་གི་སྨན་ཁབ་དེ་ཚོས་ཕན་ཐོགས་ཀྱི་མེད་པ་ངོས་ཟིན་ཏེ་ཧྥེ་ཛར་དང་མོ་ཌེར་ན། ཨེ་སི་ཊི་ར་ཛེ་ན་ཁ། ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གསུམ་གྱིས་བཟོས་པའི་སྨན་ཁབ་གསུམ་པ་གང་རུང་ཞིག་རྒྱག་འགོ་ཚུགས། ཏུར་ཀི་དང་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་དང་མ་འདྲ་བར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་རྒྱ་ནག་གི་སྨན་ཁབ་ཁོ་ནར་བརྟེན་ཡོད་པས་དཀའ་ངལ་དེ་ལས་སླ་པོར་སེལ་ཐུབ་པ་ཞིག་མིན་ཞིང་། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མི་འབོར་བརྒྱ་ཆ་༡༠་ལའང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་མ་ཐུབ། ཉེ་དུས་ཤིག་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཌེལ་ཊ་ཞེས་འབོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་ནས་མི་ལ་ནད་མནར་དང་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་དུ་གྱུར། ལྷག་པར་དུ་ནད་པ་གསར་པ་མང་དག་ཅིག་རྒྱ་ནག་གི་སྨན་ཁབ་ཆ་ཚང་བརྒྱབ་ཟིན་པའི་འཕྲོད་བསྟེན་ལས་སྣེ་ཚོ་ཡིན་འདུག

ཨིན་རྡུ་ནེ་ཤི་ཡའི་ནང་ཏོག་ནད་རྐྱེན་འདས་གྲོངས་སུ་ཕྱིན་པ་ཞིག་དུར་སྦས་བྱེད་བཞིན་པ།
ཨིན་རྡུ་ནེ་ཤི་ཡའི་ནང་ཏོག་ནད་རྐྱེན་འདས་གྲོངས་སུ་ཕྱིན་པ་ཞིག་དུར་སྦས་བྱེད་བཞིན་པ།

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཨིན་རྡུ་ནེ་ཤི་ཡའི་སྨན་བཅོས་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་བྷུ་ཌིར་ཏོས་གྲོས་ཚོགས་ལ་སྙན་སེང་ཞུས་པ་ལྟར་ན། རྒྱ་ནག་གི་འགོག་ཁབ་སྨན་ཐུན་གཉིས་ཀ་བརྒྱབ་ཟིན་པའི་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་མང་དག་ཅིག་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོས་ནས་ནད་མནར་ཚབས་ཆེན་བྱུང་བའམ། ཡང་ན་འཆི་སྐྱོན་འབྱུང་གི་ཡོད་པ་མང་དག་ཅིག་འདུག་ཅེས་བཤད། ཨིན་རྡུ་ནེ་ཤི་ཡའི་གྲོས་ཚོགས་ཀྱི་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པས་སྨན་པ་དང་སྨན་ཞབས་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གསུམ་པ་ཞིག་རྒྱག་དགོས་པའི་དུས་སུ་བབས་འདུག ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ལ་གཟབ་ནན་གང་ཐུབ་བྱེད་དགོས་ཞེས་བཀྲལ། གཟའ་ལྷག་པའི་ཉིན་ཨིན་རྡུ་ནེ་ཤི་ཡའི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་སྨན་ཁབ་ཚོད་ལྟ་བྱེད་མཁན་ཚན་རིག་པ་གཙོ་བོ་བྷ་ཆ་ཏི་ཡར་འདས་གྲོངས་སུ་གྱུར་འདུག ཨིན་རྡུ་ནེ་ཤི་ཡའི་ཚན་རིག་པ་དེར་ཏོག་དབྱིབས་ནད་དུག་འགོས་ནས་འདས་གྲོངས་སུ་ཕྱིན་པ་འདྲ་ཞེས་གནས་ཚུལ་སྤེལ། ཨིན་རྡུ་ནེ་ཤི་ཡའི་ཁེ་ལས་བློན་ཆེན་གྱིས་ཚན་རིག་པ་བྷ་ཆ་ཏི་ཡར་འདས་གྲོངས་སུ་གྱུར་པ་ནི་རྒྱལ་ཡོངས་སྨན་སྦྱོར་ཁང་ལ་གྱོང་གུད་ཆེན་པོ་ཞིག་རེད། ཁོ་མོས་ཚན་རིག་པ་ཚོའི་སྣེ་ཁྲིད་ནས་རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ཁང་ལ་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཚོད་ལྟ་བྱས་ཡོད། ཨིན་རྡུ་ནེ་ཤི་ཡའི་སྨན་སྦྱོར་བཟོ་ཚོང་ཁང་གིས་འགོག་ཁབ་ཅིག་བཟོ་ཐབས་བྱེད་ཀྱི་ཡོད་པར་བར་ཆད་ཆེན་པོ་བྱུང་སོང་ཞེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་ལྷན་ཁང་གིས་འགོག་ཁབ་གསུམ་པ་ཞིག་རྒྱག་ཆོག་པའི་ཆོག་མཆན་ལ་སྒུག་ཡོད་ཅེས་བསྒྲགས།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་བ་ལྟར་ན། ཕྱི་ཟླ་༦་པ་གཅིག་པུར་རྒྱ་ནག་གི་འགོག་ཁབ་བརྒྱབ་པའི་ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་ལས་སྣེ་༡༣༡་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་། ཕྱི་ཟླ་༧་པ་མགོ་ཚུགས་ནས་ད་ལྟའི་བར་དུ་མི་༥༠་ཐམ་པ་འདས་གྲོངས་སུ་གྱུར། ཕྱི་ཟླ་༧་པའི་ཚེས་༧་གཅིག་པུར་ཨིན་རྡུ་ནེ་ཤི་ཡ་རྒྱལ་ཡོངས་སུ་མི་༡༠༠༠་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་དང་མི་༣༤༣༧༩་ལ་གསར་དུ་ནད་དུག་འགོས། ཨིན་རྡུ་ནེ་ཤི་ཡའི་སྨན་པ་ཚོས་རྒྱ་ནག་གི་སྨན་ཁབ་དེ་རྣམས་ཏོག་དབྱིབས་ནད་དུག་འགོག་ཐུབ་པའི་སྨན་ཁབ་ཡག་པོ་ཞིག་མ་རེད། ཡིན་ནའང་ང་ཚོར་རྒྱ་ནག་གི་སྨན་ཁབ་མ་གཏོགས་སྨན་ཁབ་གཞན་པ་གདམ་ཀ་མི་འདུག་ཅེས་སྡུག་སྐད་ཤོར། ཟླ་བ་འདིར་ཨ་མི་རི་ཀས་ཐེ་ལན་ཌིར་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་ས་ཡ་གཅིག་དང་ཕྱེད་ཀ་རོགས་རམ་སྤྲོད་རྒྱུ། ཐེ་ལན་གཞུང་གིས་སྨན་པ་དང་སྨན་ཞབས་པ་འབུམ་༧་ལྷག་ཡོད་པ་དེ་དག་ལ་ཨ་རིས་སྤྲད་པའི་སྨན་ཁབ་རེ་རྒྱག་འཆར་ཡོད་ཅེས་བཤད། ཐེ་ལན་ཌིའི་འཕྲོད་བསྟེན་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཀ་ཆིན་ཐཱོན་གྱིས་ང་ཚོའི་འཕྲོད་བསྟེན་ལས་སྣེ་ཚོར་རྒྱ་ནག་གི་སྨན་ཁབ་བརྒྱབ་ཀྱང་སྨན་པ་དང་སྨན་ཞབས་པ་མང་དག་ཅིག་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོ་ཡི་འདུག དེར་བརྟེན་ཐེ་ལན་ཌིའི་འཕྲོད་བསྟེན་ལས་སྣེ་ཚོར་ནད་དུག་བགོ་སྲིད་པ་འགོག་ཐབས་སུ་ཨ་རིའི་སྨན་ཁབ་གསུམ་པ་ཞིག་རྒྱག་འཆར་ཡོད་ཅེས་བཤད། ཐེ་ལན་ཌིའི་འཕྲོད་བསྟེན་ལྷན་ཁང་གི་ནང་ཁུལ་ཡིག་ཆ་ཞིག་ཕྱི་ལ་འཁྱར་པ་ཡོད་དེར་འཁོད་པ་ལྟར་ན། རྒྱལ་ཁབ་དེའི་མི་དམངས་ལ་རྒྱ་ནག་གི་སྨན་ཁབ་བརྒྱབ་ཡོད་པ་རེད། ད་ལྟ་འཕྲོད་བསྟེན་ལས་སྣེ་ཚོར་སྨན་ཁབ་གསུམ་པ་ཞིག་བརྒྱབ་ན་མི་དམངས་ལ་རྒྱ་ནག་གི་སྨན་ཁབ་ཀྱིས་ནད་དུག་འགོག་ཐུབ་ཀྱི་མེད་པའི་འཇིགས་སྣང་སློང་སྲིད་པའི་ཉེན་ཁ་འདུག་ཅེས་འཕྲོད་བསྟེན་ལྷན་ཁང་གི་ལས་སྣེ་ཚོས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

དེང་སྐབས་རྒྱལ་ཁབ་དྲུག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་པ་དེའི་ཁོངས་ཀྱི་རྒྱལ་ཁབ་ལྔས་རང་གི་མི་དམངས་ལ་རྒྱ་ནག་གི་སྨན་ཁབ་བརྒྱབ་འདུག དེ་རིང་གཟའ་པ་སངས་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་ཡུལ་རྒྱལ་ཁབ་དེ་རྣམས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་སེ་ཤཱེལ་རྒྱལ་ཁབ། སོག་ཡུལ་དང་ཡུ་རུ་གྷ་ཡེ། ཆི་ལེ་དང་དབྱིན་ཇི་རྣམས་ཡིན་མོད། འོན་ཀྱང་དབྱིན་ཇི་མ་གཏོགས་རྒྱལ་ཁབ་གཞན་པ་ལྔས་རྒྱ་ནག་གི་སྨན་ཁབ་བརྒྱབ་ཡོད་པ་དང་རྒྱ་ནག་གི་སྨན་ཁབ་བརྒྱབ་པའི་རྒྱལ་ཁབ་དེ་ཚོར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག རྒྱལ་ཁབ་༣༦་ལ་ཕྱི་ཟླ་༧་པའི་ཚེས་༦་བར་དུ་ཆ་མཉམ་མི་ས་ཡ་གཅིག་གི་ནང་དུ་བདུན་ཕྲག་རེར་མི་༡༠༠༠་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོ་ཡི་འདུག རྒྱལ་ཁབ་༣༦་གི་མི་འབོར་བརྒྱ་ཆ་༦༠་ལྷག་ལ་ཉུང་མཐར་ཡང་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་འདུག་ཅེས་བསྟན། ཧོང་ཀོང་སློབ་གྲྭ་ཆེན་མོས་སྤྱི་དམངས་འཕྲོད་བསྟེན་སྡེ་ཚན་གྱི་སློབ་དཔོན་བྷན་ཁོ་ལིང་གིས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་འགོག་ཁབ་མ་ནོར་བ་ཞིག་གདམ་དགོས། མི་ལ་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་ཉུང་བའི་རྒྱལ་ཁབ་ཁག་གིས་སྨན་ཁབ་རག་ཚད་ཐམས་ཅད་མ་བླངས་ན་ལེགས། སྨན་ཁབ་ཉུང་ཤས་ཤིག་ལའང་ནད་ཡམས་སྔོན་འགོག་གི་ནུས་པ་ཡོད་ཅེས་བཤད། ཁོ་སི་ཊ་རི་ཁ་ལྟ་བུའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གིས་བཟོས་པའི་སྨན་ཁབ་འཚོང་གི་ཡོད་ཀྱང་མི་ལེན། ཟླ་བ་སྔོན་མར་ཁོ་སི་ཊ་རི་ཁའི་གཞུང་གིས་རྒྱ་ནག་གི་སྨན་ཁབ་དེ་ཚོར་ནད་འགོག་གི་ནུས་པ་མི་འདུག་ཅེས་སྨན་ཁབ་རྣམས་བླངས་མེད་པའི་གནས་ཚུལ་ཐོན། ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གི་སྨན་ཁབ་དེ་ཚོར་བརྟག་དཔྱད་ཁང་དུ་ཚོད་ལྟ་བྱས་ནས་ནུས་པ་ཐོན་པ་དང་མི་ལ་དངོས་སུ་བརྒྱབ་ནས་ནད་འགོག་གི་ནུས་པ་འཐོན་གྱི་ཡོད་མེད་གཉིས་ལ་ཁྱད་པར་ཡོད་པ་ངོས་ཟིན།།

གཟའ་འཁོར་འདིར་སིངྒ་པུར་གྱི་གཞུང་གིས་རྒྱ་ནག་གི་སྨན་ཁབ་བརྒྱབ་པའི་མི་མང་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཆ་ཚང་བརྒྱབ་པར་བརྩི་རྒྱུ་མིན་ཞེས་ཐག་བཅད། སིངྒ་པུར་གྱི་འཕྲོད་བསྟེན་བློན་ཆེན་གྱིས་ང་ཚོར་རྒྱ་ནག་གི་སྨན་ཁབ་དེར་ནད་འགོག་གི་ནུས་པ་ཅི་ཙམ་ཡོད་མེད་གཤིབ་སྡུར་བྱ་ཡུལ་གྱི་གཞི་གྲངས་གསལ་པོ་ཞིག་མེད། ཌེལ་ཊ་ཞེས་འབོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ནི་ཧ་ཅང་ཚབས་ཆེའི་འགོས་ནད་ཅིག་རེད་ཅེས་བཤད། བདུན་ཕྲག་འདིར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་ང་ཚོའི་སྨན་ཁབ་ལ་རྒྱལ་སྤྱིའི་ཐོག་ཏུ་ནད་འགོག་གི་ནུས་པ་ཡོད་པ་དང་བདེ་འཇགས་ཡིན་པའི་ངོས་འཛིན་ཐོབ་ཡོད། རྒྱལ་ཁབ་༡༠༠་ལྷག་ལ་རྒྱ་ནག་གི་སྨན་ཁབ་བགྲོ་འགྲེམ་བྱས་ཡོད་ཅེས་བཤད། ཡིན་ནའང་རྒྱ་ནག་གི་སྨན་ཁབ་ཁག་ལ་ནད་འགོག་གི་ནུས་པ་ཡོད་མེད་དོགས་པ་བྱུང་བའི་རྗེས་སུ་ཞིས་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་སྨན་ཁབ་བགྲོ་འགྲེམ་བྱས་ནས་ཕྱི་འབྲེལ་རྒྱ་སྐྱེད་དམ། ཡང་ན་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་གདལ་གཏོང་རྒྱུའི་དམིགས་ཡུལ་མ་གྲུབ། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ལས་ཁུངས་ཁག་གིས་ང་ཚོའི་སྨན་ཁབ་ལ་ནད་འགོག་གི་ནུས་པ་ཟླ་བ་༣་ནས་ཟླ་བ་༦་གི་མཚམས་སུ་འཐོན་གྱི་ཡོད། དེའི་རྗེས་སུ་རྒྱ་ནག་གི་འགོག་ཁབ་དེ་ཚོས་ནད་འགོག་གི་ལུས་ཟུངས་ནུས་པ་བརྒྱ་ཆ་༢༠་སྤར་ཐུབ་ཀྱི་ཡོད་ཅེས་བཤད། ཨོ་གླིང་གི་ཧྥི་ལིན་ཌར་སི་སློབ་གྲྭ་ཆེན་མོའི་སྨན་དཔྱད་དང་སྤྱི་དམངས་འཕྲོད་བསྟེན་སློབ་གླིང་གི་སློབ་དཔོན་ཕེ་ཊི་རོབ་སི་ཀིས་ནུས་པ་ཆུང་བའི་སྨན་ཁབ་དེ་ཚོར་ནད་འགོག་གི་ནུས་པ་ཧ་ཅང་ཞན། ཐ་ན་ནད་འགོག་གི་ནུས་པ་ཆེན་པོ་ཡོད་པའི་སྨན་ཁབ་ཁག་གིས་ཀྱང་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོག་མི་ཐུབ་པ་ཡོང་གི་འདུག འགོག་ཁབ་འདང་ངེས་མེད་པའི་སྐབས་འདིར་སླར་ཡང་རྒྱལ་ཁབ་ཁག་ཅིག་གིས་མི་དམངས་ལ་སྨན་ཁབ་གསུམ་པ་རེ་རྒྱག་དགོས་ཚེ། སྨན་ཁབ་དུང་ཕྱུར་༡༠་ནས་༢༠་ཡས་མས་ཤིག་དེ་ལ་འགྲོ་རྒྱུ་རེད། འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་འགོག་ཁབ་གཅིག་ཀྱང་མ་རག་པར་སྒུག་ཡོད་པ་རེད་ཅེས་བཤད་འདུག

XS
SM
MD
LG