ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨིན་རྡུ་ནེ་ཤི་ཡར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག 


༄༅།། དེང་སྐབས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཨིན་རྡུ་ནེ་ཤི་ཡ་འཛམ་གླིང་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ལྟེ་གནས་སུ་གྱུར། ཕྱི་ཟླ་༧་པའི་ཚེས་༡༤་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཉིན་གཉིས་བསྟུད་མར་ཨིན་རྡུ་ནེ་ཤི་ཡ་རྒྱལ་ཡོངས་སུ་ཌེལ་ཊ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཁྲི་ཚོ་༤་ལྷག་བྱུང་ཞིང་། ཁ་སང་གཟའ་མིག་དམར་གཅིག་པུར་ཨིན་རྡུ་ནེ་ཤི་ཡའི་མི་གྲངས་༤༧༨༩༩་ལ་ནད་དུག་འགོས། ཟླ་བ་གཅིག་གི་སྔོན་ལ་ཨིན་རྡུ་ནེ་ཤི་ཡ་རྒྱལ་ཡོངས་ཉིན་ལྟར་མི་གྲངས་ཁྲི་ཚོ་གཅིག་ཡས་མས་རེར་མ་གཏོགས་ནད་དུག་མ་འགོས། ད་ལྟ་རྒྱལ་ཁབ་དེའི་གཞུང་འབྲེལ་མི་སྣ་ཚོས་ཁྱབ་མྱུར་ཆེ་བ་དང་འགོ་སླ་བའི་ཌེལ་ཊ་ཏོག་དབྱིབས་ནད་དུག་རྒྱལ་ས་འཇའ་ཀ་ཏ་ཆགས་ཡུལ་ཇཱ་ཝྭ་གླིང་ཕྲན་ནས་རྒྱལ་ཡོངས་སུ་ཁྱབ་སྲིད་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཡུན་རིང་མི་འགོར་པར་ཨིན་རྡུ་ནེ་ཤི་ཡའི་སྨན་ཁང་ཁག་ལ་ནད་པ་ཉལ་ས་དང་འཚོ་རླུང་། སྨན་བཅོས་ཀྱི་ཡོ་བྱད་སོགས་འདང་ངེས་མེད་པར་འགྱུར་ཉེན་ཆེ། བདུན་ཕྲག་གཅིག་གི་རིང་དེར་ཨིན་རྡུ་ནེ་ཤི་ཡ་རྒྱལ་ཡོངས་སུ་ཆ་མཉམ་ཉི་མ་རེར་མི་༩༠༧་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག ཨིན་རྡུ་ནེ་ཤི་ཡར་མི་གྲངས་དུང་ཕྱུར་༢་དང་བྱེ་བ་༧་ལྷག་ཡོད་པ་དེའི་གྲས་ཀྱི་མི་འབོར་བརྒྱ་ཆ་༡༠་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཐོབ། འགོག་ཁབ་ཀྱང་རྒྱ་ནག་གིས་བཟོས་པའི་སྨན་ཁབ་འབའ་ཞིག་ཡིན་པས་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་ཚོར་སྨན་ཐུན་གཉིས་ཀྱི་འགོག་ཁབ་བརྒྱབ་ཀྱང་འཕྲོད་བསྟེན་ལས་སྣེ་བརྒྱ་ཕྲག་མང་པོར་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨིན་རྡུ་ནེ་ཤི་ཡའི་རྒྱལ་ས་འཇའ་ཀ་ཏ་གྲོང་ཁྱེར་གྱི་མི་འབོར་ཕྱེད་ཀ་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་འདུག འདི་ནི་རྒྱལ་ཁབ་དེའི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་ལྡབ་༡༢་མང་བ་ཡོད་པ་འཕྲོད་བསྟེན་ལས་སྣེ་ཚོས་བརྟག་དཔྱད་བྱས་པའི་ཞིབ་འཇུག་སྙན་ཐོར་འཁོད། ད་ལོའི་ཕྱི་ཟླ་༣་པའི་ཚེས་༡༥་ནས་ཚེས་༣༡་བར་དུ་ཨིན་རྡུ་ནེ་ཤི་ཡ་སློབ་གྲྭ་ཆེན་མོ་དང་འཇའ་ཀ་ཏ་འཕྲོད་བསྟེན་ལྷན་ཁང་གཉིས་ཟུང་འབྲེལ་གྱིས་མི་༥༠༠༠་ལྷག་གི་ཁྲག་ལ་བརྟག་དཔྱད་བྱས་ཤིང་། མི་མང་བརྟག་དཔྱད་བྱ་ཡུལ་བརྒྱ་ཆ་༤༤་དང་ཕྱེད་ཀའི་ལུས་ལ་ནད་འགོག་ཕྲ་གཟུགས་གྲུབ་ཡོད་པ་གསར་དུ་རྟོགས། དེ་ནི་མི་དེ་ཚོར་ཏོག་དབྱིབས་ནད་དུག་འགོས་ཟིན་པའི་རྟགས་སུ་མངོན། རྒྱལ་ས་འཇའ་ཀ་ཏ་གྲོང་ཁྱེར་ལ་མི་འབོར་ས་ཡ་༡༠་དང་འབུམ་༦་ལྷག་ཡོད་པ་དེའི་གྲས་ཀྱི་མི་གྲངས་ས་ཡ་༤་དང་འབུམ་༧་ལ་ཕྱི་ཟླ་༣་པའི་ཚེས་༣༡་གི་མཚམས་སུ་ཏོག་དབྱིབས་ནད་དུག་འགོས། ཕྱི་ཟླ་༦་པའི་ཚེས་༡༠་ཉིན་ཨིན་རྡུ་ནེ་ཤི་ཡའི་ཞིབ་འཇུག་སྙན་ཐོ་དེ་ཕྱིར་བསྒྲགས་བྱས་པ་རེད་ཅེས་གནས་ཚུལ་སྤེལ། རྒྱལ་ས་འཇའ་ཀ་ཏའི་འཕྲོད་བསྟེན་ལྷན་ཁང་གི་འགོ་ཁྲིད་ཝི་ཌི་ཡ་སི་ཏུ་ཏིས་དྲྭ་ལམ་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་བརྟག་དཔྱད་ཀྱི་གྲུབ་འབྲས་དེར་བལྟས་ཚེ། ང་ཚོས་རྒྱལ་ས་འཇའ་ཀ་ཏ་གྲོང་ཁྱེར་གྱི་མི་འབོར་ཕྱེད་ཀ་ཡས་མས་ཤིག་ལ་ནད་དུག་འགོས་ཟིན་པ་ཚོད་དཔག་བྱེད་ཐུབ་ཅེས་བཤད། ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་ལྷན་ཁང་གི་གཞི་གྲངས་སུ་བཀོད་པ་ལྟར་ན། ཕྱི་ཟླ་༣་པའི་ཚེས་༣༡་གི་མཚམས་སུ་རྒྱལ་སའི་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མི་གྲངས་༣༨༢༠༠༠་ལྷག་ཡོད་ཀྱང་ཕྱི་ཟླ་༧་པའི་ཚེས་༡༣་གྱི་མཚམས་སུ་རྒྱལ་ས་འཇའ་ཀ་ཏ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་༦༨༩༢༤༣་ལ་འཕར། རྒྱལ་ཁབ་དེའི་གྲོང་ཁྱེར་འགའ་ཞིག་གིས་ཚོང་ལས་དང་མི་ཚོགས་འདུ་འཛོམས་སོགས་འགྲོ་འོང་བཀག་སྡོམ་བྱས་འདུག

ཨིན་རྡུ་ནེ་ཤི་ཡ་སློབ་གྲྭ་ཆེན་མོའི་ནད་རིགས་བརྟག་དཔྱད་པ་སྨན་པ་རི་ཡོ་ནོས་མི་ཚོགས་ཆེ་སར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་སླ། མི་ཚོགས་ཅི་ཙམ་མཐུག་ན་དེ་ཙམ་གྱིས་ཏོག་དབྱིབས་ནད་དུག་བགོ་ཁྱབ་གཏོང་སླ་བར་མ་ཟད། ཁྲག་གི་ནང་དུ་མངར་རྫས་མང་བ་དང་མི་རྒྱགས་པ་ཚོར་ཏོག་དབྱིབས་ནད་དུག་བགོ་རྒྱུ་དེ་བས་ཀྱང་ལས་སླ་པོ་རེད་ཅེས་བསྟན། ཨིན་རྡུ་ནེ་ཤི་ཡ་སློབ་གྲྭ་ཆེན་མོ་དང་འཇའ་ཀ་ཏ་འཕྲོད་བསྟེན་ལྷན་ཁང་གཉིས་ཀྱི་ཞིབ་འཇུག་གྲུབ་འབྲས་ཀྱིས་འཛམ་གླིང་གི་འཕྲོད་བསྟེན་མཁས་པ་ཚོས་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཆེ་བ་ཡོད་པའི་དོགས་པ་རྣམས་ར་འཕྲོད། ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་བློན་ཆེན་གྱིས་ང་ཚོས་མི་དམངས་ལ་བརྟག་དཔྱད་བྱ་རྒྱུ་འཕྱི་དྲགས་སོང་། ནད་རླབས་གསར་པ་འདི་མགྱོགས་མྱུར་གྱིས་ཁྱབ་གདལ་འགྲོ་རྒྱུ་སྔོན་དཔག་བྱེད་ཐུབ་མ་སོང་ཞེས་བཤད། ཚན་རིག་པ་ཚོས་ཏོག་དབྱིབས་ནད་དུག་འགོས་ནས་དྲག་སྐྱེད་འབྱུང་གི་ཡོད་པ་དེ་དག་གི་ལུས་ལ་ནད་འགོག་ཕྲ་གཟུགས་གྲུབ་ཡོད་ཀྱང་དེ་ལ་ནུས་ཤུགས་ཆེ་ཆུང་ཅི་ཙམ་ཡོད་མེད། ནད་འགོག་ཕྲ་གཟུགས་དེ་ཡུན་ཅི་ཙམ་བརྟན་རྒྱུ་ཡིན་མིན་རྣམས་ཤེས་རྟོགས་ཐུབ་དཀའ། ད་ལོའི་ཕྱི་ཟླ་དང་པོ་ནས་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་རྒྱ་ནག་ནས་སྨན་ཁབ་ནང་འདྲེན་བྱས་ཏེ་རྒྱག་འགོ་ཚུགས། ཡིན་ནའང་ཉེ་དུས་ཤིག་ནས་རྒྱ་ནག་གིས་བཟོས་པའི་སྨན་ཁབ་ཁག་ལ་ནད་འགོག་གི་ནུས་པ་ཞན་ཞིང་། ལྷག་པར་དུ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོག་ཐུབ་ཀྱི་མེད་པས་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་ཨ་རི་དང་དབྱིན་ཇི་སོགས་ཀྱིས་བཟོས་པའི་སྨན་ཁབ་མངགས་ཉོ་བྱེད་ཀྱི་ཡོད་ཀྱང་དུས་ཐོག་ཏུ་མ་རག བདུན་ཕྲག་སྔོན་མར་ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་ལྷན་ཁང་གིས་སྨན་པ་དང་སྨན་ཞབས་པ་ཚོར་སྨན་ཁབ་གསུམ་པ་ཞིག་རྒྱག་རྒྱུའི་ཐག་བཅད།།

ཨིན་རྡུ་ནེ་ཤི་ཡའི་འཕྲོད་བསྟེན་བློན་ཆེན་བྷུ་དྷིས་ང་ཚོའི་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་སྣེ་ཚོར་ཨ་མི་རི་ཀའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གསུམ་པ་རེ་རྒྱག་རྒྱུའི་ཐག་བཅད་པ་ཡིན་ཞེས་བསྒྲགས། བདུན་སྔོན་མའི་གཟའ་མཇུག་དེར་ཨ་མི་རི་ཀ་ནས་ཨིན་རྡུ་ནེ་ཤི་ཡར་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་རྣམས་སྐྱེལ་འདྲེན་བྱ་རྒྱུ་མགོ་བརྩམས། ཕྱི་ཟླ་༧་པ་འདིར་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་ཉི་མ་རེར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འབུམ་༧་ལྷག་བརྒྱབ། ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་ཉི་མ་རེར་ཉུང་མཐར་ཡང་མི་ས་ཡ་༡་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུའི་དམིགས་ཚད་བཟུང་ཡང་སྨན་ཁབ་འདང་ངེས་མེད་པར་རྒྱག་ཐུབ་ཀྱི་མེད་མོད། འོན་ཀྱང་ཟླ་བ་རྗེས་མ་ནས་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་ཉི་མ་རེར་མི་གྲངས་ས་ཡ་༢་ལ་འགོག་ཁབ་རྒྱག་དགོས། དེའི་ཁོངས་སུ་ནར་སོན་པ་གཅིག་པ་མིན་པར་ལོ་ཆུང་རྣམས་ཀྱང་ཚུད་དགོས་ཞེས་བཀོད་འདོམས་བྱས་འདུག ཕྱི་ཟླ་༧་པའི་ཚེས་༣་ནས་ཚེས་༢༠་བར་དུ་ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་ཇཱ་ཝྭ་གླིང་ཕྲན་དང་བྷ་ལི་མཚོ་འགྲམ་གཉིས་སུ་ཡུལ་སྐོར་སྤྲོ་འཆམ་པ་བཀག ཁ་སང་གཟའ་མིག་དམར་ཉིན་འཕྲོད་བསྟེན་བློན་ཆེན་བྷུ་དྷིས་མི་མང་གི་འགུལ་སྐྱོད་བརྒྱ་ཆ་༥༠་ལྷག་ཉུང་དུ་མ་བཏང་ན་ནད་ཡམས་སྔོན་འགོག་བྱེད་ཐུབ་རྒྱུ་ཁག་པོ་རེད། ཆེས་ཉུང་མཐར་ཡང་ཨིན་རྡུ་ནེ་ཤི་ཡའི་མི་དམངས་ཀྱི་འགུལ་སྐྱོད་བརྒྱ་ཆ་༢༠་ཐམ་པ་ཉུང་དུ་གཏོང་དགོས། དེ་ལྟར་མ་བྱུང་ན་ང་ཚོའི་སྨན་ཁང་ཁག་གིས་ནད་པར་བལྟ་མ་ཐུབ་པར་སྦོ་ལུག་རྒྱུ་རེད་ཅེས་གྲོས་ཚོགས་འཐུས་མི་ཚོར་སྙན་གསེང་ཞུས། ཇཱ་ཝྭ་མཚོ་གླིང་དང་བྷ་ལི་མཚོ་འགྲམ་གྱི་ཡུལ་མི་ཚོས་མི་མང་གི་འགུལ་སྐྱོད་བརྒྱ་ཆ་༦་ནས་༡༦་ཡས་མས་ལས་ཉུང་དུ་ཕྱིན་མི་འདུག་ཅེས་བཤད།།

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨིན་རྡུ་ནེ་ཤི་ཡའི་སྲིད་འཛིན་ཝི་དྷོ་དྷོས་ནད་ཡམས་སྔོན་འགོག་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ཀྱི་མེད་པར་སྐྱོན་བརྗོད་དྲག་པོ་འཕོག་གི་ཡོད་པ་སྟེ། སྲིད་དོན་པ་འགའ་ཞིག་གིས་སྲིད་འཛིན་ལ་རྒྱང་ཐག་རིང་དུ་བཏང་བ་དང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྲིད་ཇུས་ལ་ངོ་རྒོལ། ཁོ་ཚོ་༢༠༢༤་ལོར་ཨིན་རྡུ་ནེ་ཤི་ཡར་སྲིད་འཛིན་འོས་འདེམས་བྱེད་པའི་དུས་སུ་སྲིད་འཛིན་ཝི་དྷོ་དྷོ་ཕམ་ཉེས་གཏོང་རྒྱུའི་གྲ་སྒྲིག་ལ་འབད། ཨིན་རྡུ་ནེ་ཤི་ཡར་ཏོག་དབྱིབས་ནད་དུག་ཁྱབ་ནས་ལོ་༡་དང་ཕྱེད་ཀ་འགྲོ་བཞིན་ཡོད་ཀྱང་སྲིད་འཛིན་ཝི་དྷོ་དྷོས་ཕྱི་ཟླ་༧་པའི་ཚེས་༢་བར་དུ་འགྲོ་འོང་བཀག་སྡོམ་གྱི་སྲིད་ཇུས་ལག་ལེན་མ་བསྟར། ནད་རིགས་བརྟག་དཔྱད་མང་ཆེ་བས་ཨིན་རྡུ་ནེ་ཤི་ཡ་རྒྱལ་ཡོངས་སུ་ཉིན་ལྟར་མི་གྲངས་འབུམ་༡་ལ་ཏོག་དབྱིབས་ནད་དུག་འགོ་ཡི་འདུག ཨིན་རྡུ་ནེ་ཤི་ཡའི་གཞུང་གིས་མི་དམངས་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པ་དང་གྲོང་ཁྱེར་ཆེ་ཁག་གི་ཕྱི་ལོགས་སུ་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་གཏན་ནས་འགོག་ཐུབ་ཀྱི་མི་འདུག་ཅེས་བསྟན། སྲིད་འཛིན་ཝི་དྷོ་དྷོ་འགྲོ་འོང་བཀག་སྡོམ་བྱེད་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཚོང་ལས་ལ་གནོད་སྐྱོན་འཕོག་སྲིད་པར་སྐྲག གྲོས་ཚོགས་འཐུས་མི་དང་འཕྲོད་བསྟེན་ལས་སྣེ་ཚོས་སྲིད་འཛིན་ཝི་དྷོ་དྷོས་དཔལ་འབྱོར་འཕེལ་རྒྱས་དོན་དུ་སྤྱི་དམངས་ཀྱི་བདེ་ཐང་བློས་གཏོང་གི་འདུག་ཅེས་སྐྱོན་བཙུགས། ད་ལྟ་སྲིད་འཛིན་གཅིག་པུ་མིན་པར་ཨིན་རྡུ་ནེ་ཤི་ཡའི་བློན་ཆེན་ཚོ་ལའང་མང་ཚོགས་ཀྱི་ཁ་རྡུང་ཕོག ཨིན་རྡུ་ནེ་ཤི་ཡར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཉེ་ཆར་ཁ་ཆེའི་སྨྱུང་གནས་དུས་ཆེན་རྗེས་སུ་མི་ཚོགས་འདུས་ནས་དགའ་སྟོན་བྱས་པ་དང་འགྲིམ་འགྲུལ་ལ་བཀག་སྡོམ་མེད་པ་བཅས་ལ་ཐུག་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG