ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༢༤

འབྲས་ལྗོངས་སུ་གངས་ཉིལ་ཏེ་མི་༧་ལ་སྲོག་སྐྱོན་ཕོག 


༄༅།། གཟའ་མིག་དམར་ཉིན་འབྲས་ལྗོངས་ཀྱི་རྣ་ཐོས་ལར་གངས་ཉིལ་ཚབས་ཆེན་ཞིག་བྱུང་སྟེ་ཡུལ་སྐོར་སྤྲོ་འཆམ་པ་༧་གངས་འོག་ཏུ་མནན་ནས་འཆི་སྐྱོན་ཕོག ཕྱི་ཟླ་༤་པའི་ཚེས་༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ཉེན་སྐྱོབ་པ་ཚོས་སླར་ཡང་གངས་འོག་ཏུ་མི་གསོན་པོ་ལུས་ཡོད་མེད་བཙལ། ཁ་སང་ཕྱི་ཚེས་༤་ཉིན་མི་༢༠་ཐམ་པ་གངས་འོག་ནས་སྐྱོབ་ཐུབ་ཡོད་ཀྱང་ཕྱི་དྲོར་གནམ་ངོ་འཐིབས་ཏེ་ལས་མཚམས་འཇོག་དགོས་བྱུང་ཞིང་། འབྲས་ལྗོངས་ཀྱི་གཉེན་རྟོག་འགོ་པ་ལེབ་ཆ་(རོང་པ)བསྟན་འཛིན་བློན་ལྡན་གྱིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་གཟའ་ལྷག་པའི་སྔ་དྲོར་བསྐྱར་དུ་གངས་འོག་ནས་མི་འཚོལ་རྒྱུ་འགོ་བཙུགས་པ་ཡིན། ང་ཚོས་ཅི་ཐུབ་ཀྱིས་མི་གསོན་པོ་གངས་འོག་ཏུ་ལུས་བཅུག་མེད་པའི་འབད་བརྩོན་བྱས་ཡོད་ཅེས་བཀྲལ། ཕྱི་ཟླ་༤་པའི་ཚེས་༤་ཉིན་འབྲས་ལྗོངས་སུ་གངས་ཉིལ་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་རྩད་གཅོད་མ་ཐུབ། རྒྱ་གར་གྱི་དམག་གིས་རྣ་ཐོས་ལར་གངས་ཉིལ་བྱུང་བའི་སྐབས་སུ་རླངས་འཁོར་༥་ནས་༦་ཡས་མས་ཤིག་གི་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་༢༠་ནས་༣༠་ཙམ་ཞིག་ཡོད་པ་རྣམས་གངས་འོག་ཏུ་མནན་འདུག མི་དེ་ཚོ་ཚང་མ་སྐྱོབ་ཐུབ་ཡོད་མེད་ཤེས་ཀྱི་མི་འདུག་ཟེར།།

ཕྱི་ཟླ་༤་པའི་ཚེས་༤་ཉིན་རྒྱ་གར་གྱི་ལྡི་ལི་གསར་པ་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་གྱི་ཕྱི་དྲིའི་ཆུ་ཚོད་༤་པའི་བར་དུ་ཉེན་སྐྱོབ་བྱས་ནས་མི་༢༣་བསྐྱབས། ཁོ་ཚོའི་གྲས་ཀྱི་མི་༦་ལུང་ཁུག་ཅིག་གི་ཞབས་ནས་བླངས་པ་དང་མི་དེ་དག་འཕྲལ་དུ་ཉེ་འཁྲིས་ཀྱི་རྒྱ་གར་བའི་དམག་སྒར་ཁག་ཏུ་ཁྱེར། ཁ་སང་སྔ་དྲོའི་ཆུ་ཚོད་༡༡་དང་སྐར་མ་༡༠་ཡས་མས་སུ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་རྣམ་ཐོས་ལ་བར་དུ་འཛུགས་སྐྲུན་བྱས་ཡོད་པའི་ཇ་ཝ་ཧར་ལལ་ནེ་རུ་གཞུང་ལམ་གྱི་དབྱིན་ལེ་བཅོ་ལྔ་པའི་ཐོག་ཏུ་གངས་ཉིལ་བྱུང་། སྐབས་དེར་ཉུང་མཐའ་ཡང་ཡུལ་སྐོར་སྤྲོ་འཆམ་པ་༡༥༠་ཙམ་གཞུང་ལམ་སྟེང་དུ་ཡོད་པའི་གནས་ཚུལ་སྤེལ། རྣ་ཐོས་ལ་ནི་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཁྲུ་༡༤༡༤༠་ཡན་ཆད་དུ་ཆགས་ཡོད་པ་དང་བོད་དང་རྒྱ་གར་གྱི་ས་མཚམས་སུ་གྱུར། དེར་བརྟེན་ས་ཁུལ་དེར་ཚོང་ལས་དང་ཡུལ་སྐོར་སྤྲོ་འཆམ། རྒྱ་གར་བ་ཚོ་བོད་ལ་གནས་སྐོར་དུ་བསྐྱོད་ས་བཅས་ཀྱི་ལམ་ཚིགས་ཤིག་ཡིན་པས་ས་ཆ་ཧ་ཅང་འཁྲུག་ཆ་དོད་ས་ཞིག་ཡིན་འདུག

འབྲས་ལྗོངས་སུ་གངས་ཉིལ་ཆེན་པོ་ཞིག་བྱུང་མ་ཐག་ཏུ་རྒྱ་གར་གྱི་སྲིད་བློན་མོ་དྷིས་རྐྱེན་ངན་གོད་ཆག་འོག་ཏུ་ཚུད་པའི་མི་རྣམས་སྐྱོབ་ཐབས་སུ་རོགས་སྐྱོར་བྱ་དགོས་པ་ཐམས་ཅད་བྱེད་ཀྱི་ཡོད། འབྲས་ལྗོངས་ལ་གངས་ཉིལ་བྱུང་སྟེ་ཚེ་སྲོག་ཤོར་བའི་ཤུལ་ལུས་བཟའ་མི་རྣམས་དང་རྨས་སྐྱོན་བྱུང་བ་ཚོར་སེམས་གསོ་ཞུ་རྒྱུ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དེ་བཞིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མི་ཏ་ཤཱ་ཡིས་ཀྱང་དབུས་གཞུང་གིས་གངས་ཉིལ་གྱི་དཀའ་ངལ་སེལ་རྒྱུ་དེར་དོ་ཁུར་གཟབ་ནན་བྱེད་ཀྱི་ཡོད། འབྲངས་ལྗོངས་སུ་གངས་ཉིལ་བྱུང་སྟེ་ཚེ་སྲོག་ཤོར་བའི་འདས་པོ་དག་གི་ཤུལ་ལུས་བཟའ་མི་ཚོར་ལྷག་བསམ་ཟོལ་མེད་ཀྱིས་སེམས་གསོ་བྱ་རྒྱུ་དང་རྨས་སྐྱོན་བྱུང་བ་རྣམས་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་ལམ་ཡོད། རྒྱ་གར་གྱི་མྱུར་སྐྱོབ་མི་སྣ་ཁག་འཕྲལ་དུ་འབྲས་ལྗོངས་སུ་གཏོང་གི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་གར་གྱི་དམག་དང་མི་མང་དཀྱུས་མ་བཅས་ཀྱི་གངས་འོག་ནས་མི་སྐྱོབ་ཐབས་བྱེད་ཀྱི་ཡོད་པའི་འདྲ་པར་དང་བརྙན་ཐུང་རྣམས་ཁྱབ།།

འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྟ་མང་པ་རེམ་སིང་གིས་འདས་པོ་རྣམས་ལ་མྱ་ངན་དང་ཤུལ་ལུས་བཟའ་མི་ཚོར་སེམས་གསོ། གངས་ཉིལ་སྐབས་སུ་རྨས་སྐྱོན་བྱུང་བ་རྣམས་མགྱོགས་ནས་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཡོད་ཅེས་གསལ་འགོད་གསལ་བསྒྲགས་སྤེལ། རྣ་ཐོས་ལའི་རྒྱ་ལམ་སྟེང་གི་གངས་བཤངས་པའི་རྗེས་སུ་ཡུལ་སྐོར་སྤྲོ་འཆམ་པ་༣༥༠་ཙམ་སྐྱོབ་ཐུབ་ཡོད་མོད། འོན་ཀྱང་འབྲས་ལྗོངས་ཀྱི་ཤར་ཕྱོགས་སུ་བདུན་ཕྲག་འདིའི་གཟའ་པ་སངས་བར་དུ་གངས་མ་ཆར་འབབ་རྒྱུའི་གནམ་གཤིས་སྔོན་བརྡ་བཏང་འདུག འབྲས་ལྗོངས་ཀྱི་གཉེན་རྟོག་འགོ་པ་ལེབ་ཆ་བསྟན་འཛིན་བློན་ལྡན་གྱིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་དུས་རྒྱུན་ནམ་ཟླ་འདིའི་སྐབས་སུ་གངས་དང་ཆར་པ་འབབ་རྒྱུ་དཀོན་པོ་རེད། ད་ལོ་དུས་རྒྱུན་དང་མ་འདྲ་བར་རྣ་ཐོས་ལའི་ཕྱོགས་སུ་གངས་མ་ཆར་མང་པོ་འབབ་ཀྱི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཀ་ཝི་ཏ་ཨ་གྷར་ཝལ་ཞེས་པའི་ལྡི་ལིའི་ཡུལ་སྐོར་བ་ཞིག་གིས་ཉེན་རྟོག་པ་ཚོས་ཡུལ་སྐོར་བ་རྣམས་རྣ་ཐོས་ལ་བརྒལ་ནས་མ་ཡོང་ཟེར་གྱི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

རྒྱ་གར་གྱི་དམག་གི་མགྲིན་ཚབ་པ་ལྡིང་དཔོན་མ་ཧན་དྷ་ར་ར་ཝ་ཏས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཡུལ་སྐོར་སྤྲོ་འཆམ་པ་༢༣་བསྐྱབས་པ་རྣམས་དམག་གི་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱེད་བཞིན་ཡོད་ཅིང་། སྔ་ལོ་རྒྱ་གར་གྱི་ཨུ་ཏར་ཁན་མངའ་སྡེའི་ནང་དུ་གངས་ཉིལ་བྱུང་སྟེ་གངས་འཛེག་གི་སྦྱོང་བརྡར་བྱེད་མཁན་མི་༢༧་ལ་སྲོག་སྐྱོན་ཕོག འདས་པའི་ལོ་གཉིས་ཀྱི་རིང་ཧི་མ་ལ་ཡའི་ལྗོངས་སུ་མི་༡༢༠་གངས་ཉིལ་འོག་ཏུ་ཚུད་ནས་འཆི་སྐྱོན་བྱུང་། ༢༠༡༨་ལོར་ཨ་མི་རི་ཀའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་ཁང་གིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཧི་མ་ཡ་ལའི་ལྗོངས་སུ་གངས་ཉིལ་འབྱུང་དུ་མང་དུ་འགྲོ་བཞིན་འདུག་ཅེས་སྙན་ཐོ་བཏོན། འཛམ་གླིང་གི་གངས་རི་མཐོ་ཤོས་ཨང་གསུམ་པ་གངས་ཅན་མཛོད་ལྔ་འབྲས་ལྗོངས་སུ་ཆགས་ཡོད་པ་དང་རྒྱ་གར་གྱི་ཧིན་དུ་བ་རྣམས་རྣ་ཐོས་ལ་བརྒྱུད་ནས་བོད་ལ་གངས་དཀར་ཏེ་སེ་དང་མ་ཕམ་གཡུ་མཚོ་གཉིས་ལ་གནས་སྐོར་དུ་བསྐྱོད་སྲོལ་ཡོད་པས་ཆར་དུས་མ་ཚུགས་གོང་དུ་རྣ་ཐོས་ལར་འགྲིམ་འགྲུལ་གྱི་འཚང་ཁ་ཆེ་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG