ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

རྒྱ་གར་གྱི་ཉེན་རྟོག་པས་གསར་ཁང་ཞིག་གི་གསར་འགོད་པ་༢་འཛིན་བཟུང་། 


༄༅།། རྒྱ་གར་གྱི་ཉེན་རྟོག་པས་རང་བཙན་གྱི་གསར་འགྱུར་ལས་ཁང་ཞིག་གི་རྩོམ་སྒྲིག་པ་དང་གསར་ཁང་དེའི་ལས་བྱེད་བདག་གཉེར་འགན་འཛིན་གཉིས་འཛིན་བཟུང་བྱས་པ་དང་དེ་དག་གི་ཁྱིམ་ལ་སྔོག་བཤེར་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གསར་འགྱུར་ཐྲི་སྒྲ་(NewsClick)་གསར་ཁང་གི་གསར་འགོད་པ་ཚོས་སྲིད་བློན་མོ་དྷི་དང་གཞུང་འཛིན་ཧིན་རྡུ་མི་རིགས་རིང་ལུགས་ཚོགས་པར་སྐྱོན་བརྗོད་ཀྱི་གསར་འགྱུར་སྤེལ། ཁ་སང་གཟའ་མིག་དམར་གྱི་སྔ་དྲོར་གསར་འགྱུར་ཐྲི་སྒྲ་གསར་ཁང་གི་གསར་འགོད་པ་ཁག་ཅིག་བཀག་ཉར་བྱས་པ་དང་དེ་དག་གི་གློག་ཀླད་སོགས་གཞུང་བཞེས་བྱས་ཤིང་།

རྒྱ་གར་གཞུང་གིས་གསར་འགྱུར་ལས་ཁང་དེར་རྒྱ་ནག་ནས་རོགས་དངུལ་འབྱོར་གྱི་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་རྒྱུ་མཚན་བགྲངས། གསར་འགྱུར་ཐྲ་སྒྲ་གསར་ཁང་གིས་རྒྱ་ནག་ནས་རོགས་དངུལ་བླངས་མྱོང་མེད་ཅེས་གཞུང་གི་ཉེས་འཛུགས་དེར་ངོས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག

ལྡི་ལིའི་ཉེན་རྟོག་པའི་མགྲིན་ཚབ་པ་སུ་མན་ནལ་ཝས་གསར་འགོད་པ་དེ་རྣམས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་གྱི་ཁྲིམས་ལུགས་ལྟར་འཛིན་བཟུང་བྱས་པ་ཡིན། གསར་འགྱུར་ཐྲི་སྒྲ་གསར་ཁང་གི་གསར་འགོད་པ་ཟུར་པ་དང་རང་དབང་གི་རྩོམ་ཡིག་འབྲི་མཁན། འགུལ་རི་འབྲི་མཁན་སོགས་མི་༤༦་འཛིན་བཟུང་བྱས་ནས་འདྲི་གཅོད་བྱས་པ་ཡིན། ཁོ་ཚོའི་ཁྱིམ་ལ་སྔོག་བཤེར་བྱས་ནས་གློག་ཀླད་དང་ཁ་པར་བཅས་ལ་བརྟག་དཔྱད་བྱེད་པར་གཞུང་གིས་བླངས་པ་ཡིན་ཞེས་བསྒྲགས། རྒྱ་གར་གཞུང་གིས་འཛིན་བཟུང་བྱས་པའི་གསར་འགོད་པ་དེ་དག་ནི་གསར་འགྱུར་ཐྲི་སྒྲ་གསར་ཁང་རྩ་འཛུགས་པ་དང་རྩོམ་སྒྲིག་པ་པྲ་བིར་པུར་ཀ་ཡ་ས་ཐ་(Prabir Purkayastha)་དང་ལས་བྱེད་བདག་གཉེར་འགན་འཛིན་ཨ་མི་ཏ་ཙཀྲ་བར་ཏི་(Amit Chakravarty)་གཉིས་ཡིན་ཞིང་། རྒྱ་གར་གཞུང་གིས་ཁྲིམས་ལུགས་ལག་ལེན་བསྟར་ནས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་ལས་འགུལ་བ། སྲིད་བློན་མོ་དྷིར་སྐྱོན་བརྗོད་བྱེད་མཁན་རྣམས་འཛིན་བཟུང་བཙོན་འཇུག་བྱས་ནས་ཁ་འགོག་གི་ཡོད་པའི་གནས་ཚུལ་སྤེལ་འདུག


གསར་འགྱུར་ཐྲ་སྒྲ་གསར་ཁང་ནི་༢༠༠༩་ལོར་གསར་དུ་བཙུགས་པའི་རང་བཙན་གྱི་གསར་ཁང་ཞིག་ཡིན་ཞིང་། གསར་ཁང་དེ་ནི་རྒྱ་གར་གྱི་སྤྱི་ཚོགས་སུ་སྲིད་བློན་མོ་དྷི་དང་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཕོད་པའི་གསར་ཁང་ཉུང་ཤས་ཤིག་ཡོད་པ་དེ་དག་གི་གྲས་སུ་གཏོགས། ༢༠༢༡་ལོར་རྒྱ་གར་གྱི་ནོར་སྲིད་སྒྲིག་ཁྲིམས་ལྷན་ཁང་གིས་གསར་ཁང་དེར་སྔོག་བཤེར་བྱས་ཀྱང་ཁྲིམས་ཁང་གིས་གསར་ཁང་ལ་གནོན་སྡོམ་བྱེད་མི་ཆོག་ཅེས་ཐག་བཅད། ད་ལོ་ནེའུ་ཡོག་དུས་བབ་ཚགས་པར་ནང་དུ་ཨ་རིའི་འབྱོར་ལྡན་པ་ཞིག་གིས་གསར་འགྱུར་ཐྲིག་སྒྲ་གསར་ཁང་ལ་རོགས་དངུལ་སྤྲོད་ཀྱི་འདུག ཨ་རིའི་འབྱོར་ལྡན་པ་དེས་རྒྱ་ནག་དམར་ཤོག་གི་ལྟ་ཚུལ་ཁྱབ་བསྒྲགས་བྱེད་ཀྱི་འདུག་ཅེས་གསར་འགྱུར་ཐོན། ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༡༧་རྒྱ་གར་གཞུང་གིས་གསར་འགྱུར་ཐྲིག་སྒྲ་གསར་ཁང་ཁྲིམས་ལ་གཏུགས། རྒྱ་གར་གྱི་ཆ་འཕྲིན་དང་རྒྱང་སྲིང་ལྷན་ཁང་གི་བློན་ཆེན་གཞོན་པ་ཨ་ནུ་ར་ག་ཐ་ཀུར་(Anurag Thakur)་གྱིས་ནེའུ་ཡོག་དུས་བབ་ཚགས་པར་ལུང་འདྲེན་བྱས་ནས་གསར་འགྱུར་ཐྲིག་སྒྲ་གསར་ཁང་གིས་རྒྱ་གར་དགྲ་འཛིན་གྱི་གསར་འགྱུར་སྤེལ་གྱི་འདུག རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པར་མཉམ་འབྲེལ་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། གསར་འགྱུར་ཐྲ་སྒྲ་གསར་ཁང་དང་རྒྱ་གར་གྱི་ཀོང་རེ་སི་ཕྱོགས་འགལ་ཚོགས་པ་གཉིས་ཀས་གཞུང་གི་སྐྱོན་འཛུགས་དེར་ངོས་ལེན་མེད་ཅེས་དགག་པ་བརྒྱབ། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཚུད་པའི་གསར་འགོད་པའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་རྒྱ་གར་གཞུང་ནས་གསར་འགོད་པ་འཛིན་བཟུང་དང་རང་བཙན་གྱི་གསར་ཁང་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པར་ཁ་རྡུང་དྲག་པོ་བཏང་ཡོད་པར་མ་ཟད། སྲིད་བློན་མོ་དྷིའི་དབང་བསྒྱུར་འོག་ཏུ་རྒྱ་གར་གྱི་གསར་འགོད་རང་དབང་ཉམས་ཀྱི་འདུག་ཅེས་བསྟན། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཨེ་ཤི་ཡའི་སྡེ་ཚན་གྱི་འབྲེལ་མཐུད་པ་བྷེ་ལཱི་དབྱིས་(Beh Lih Yi)་རྒྱ་གར་གཞུང་གིས་སླར་ཡང་གསར་འགོད་རང་དབང་ལ་དམ་དྲག་བྱེད་ཀྱི་འདུག ང་ཚོས་སྲིད་བློན་མོ་དྷིའི་གཞུང་ལ་གསར་འགོད་པར་གནོན་སྡོམ་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། གསར་འགོད་པ་ཚོར་དགྲ་ལན་སློག་སྲིད་པའི་འཇིགས་སྣང་མེད་པར་ཆེད་ལས་སྒྲུབ་ཏུ་འཇུག་དགོས་ཞེས་ནན་གྱིས་བསྐུལ།།


རྒྱ་གར་གྱི་རྩོམ་སྒྲིག་པའི་སྐྱིད་སྡུག་ཚོགས་པས་སྲིད་གཞུང་གིས་གསར་འགོད་པའི་ཁྱིམ་ལ་སྔོག་བཤེར་བྱས་པའི་ཀུན་སློང་དེར་བློ་འཚབ་ཡོད། བཙན་དྲག་གི་སྒྲིག་ཁྲིམས་ཁག་ཅིག་ལག་ལེན་བསྟར་ནས་གསར་འགོད་པ་ཚོར་འཇིགས་སྐུལ་གྱི་ཁོར་ཡུག་ཅིག་སྐྲུན་གྱི་འདུག་ཅེས་གསལ་བསྒྲགས་སྤེལ། ད་ལོའི་ཕྱི་ཟླ་༢་པར་རྒྱ་གར་གྱི་ཉེན་རྟོག་པས་ལྡི་ལི་གསར་པ་དང་མུམ་བྷེ་གྲོང་ཁྱེར་དུ་བཅའ་སྡོད་བྷི་བྷི་སི་གསར་ཁང་གི་ལས་ཁུངས་ཁག་ལ་དཔྱ་ཁྲལ་མ་འཇལ་བའི་ནག་ཉེས་བཙུགས་ནས་སྔོག་བཤེར་བྱས་ཤིང་། དེའི་སྔོན་དེར་བྷི་བྷི་སི་གསར་ཁང་གིས་༢༠༠༢་ལོར་རྒྱ་གར་གྱི་གུ་ཇ་ར་ཏ་མངའ་སྡེར་ཧིན་རྡུ་མི་རིགས་རིང་ལུགས་པ་ཚོས་ཁ་ཆེ་ཚོར་གཏོར་རྒོལ་བྱས་ནས་མི་༡༠༠༠་ལྷག་ལ་སྲོག་སྐྱོན་བྱུང་བ་དེར་སྲིད་བློན་མོ་དྷི་འབྲེལ་བ་ཅི་ཡོད་ཞིབ་འཇུག་གི་དངོས་བྱུང་གློག་བརྙན་ཞིག་བཟོས། སྲིད་བློན་མོ་དྷིའི་གཞུང་གིས་གློག་བརྙན་དེ་རྒྱ་གར་དུ་སྟོན་མི་ཆོག་ཅེས་བཀག ཧིན་རྡུ་མི་རིགས་རིང་ལུགས་པ་ཚོས་བྷི་བྷི་སི་གསར་ཁང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གནས་ཚུལ་ཐོན།།


རྒྱ་གར་གཞུང་གིས་གསར་འགྱུར་ཐྲིག་སྒྲ་གསར་ཁང་གཅིག་པུ་མ་ཡིན་པར་གསར་འགྱུར་ལས་ཁུངས་གཞན་ཁག་ཅིག་ལའང་འགྲོ་གྲོན་དངུལ་སྒོར་གྱི་འབྱུང་ཁུངས་གཙང་མ་མི་འདུག་ཅེས་ཞིབ་འཇུག་བྱས་ནས་རྡུང་རྡེག་ཕོག རང་བཙན་གྱི་གསར་འགོད་པ་ཚོས་གཞུང་གི་ཞིབ་བཤེར་ལ་འཐབ་རྒོལ་བྱས་ན་འཛིན་བཟུང་དང་སུན་གཙེར་མྱོང་། རྒྱ་གར་གྱི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་བཅའ་ཁྲིམས་ལྟར་འཛིན་བཟུང་བྱུང་བ་ཚོ་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་གཏོང་ཆོག་པའི་དོན་ཚན་ཞིག་འདུས་མོད། འོན་ཀྱང་མི་དེ་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་མ་ཐོབ་གོང་དུ་ཟླ་བ་མང་པོའམ། ཡང་ན་ནག་ཉེས་འཛུགས་རྒྱུ་མེད་པར་འཛིན་བཟུང་འོག་ཏུ་ལོ་ཡང་འགོར་གྱི་ཡོད་པའི་གནས་ཚུལ་ཐོན། རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་མཐུན་ཚོགས་ཀྱིས་རྒྱ་གར་ནི་གསར་འགོད་རང་དབང་གི་བང་རིམ་ཁོངས་ནས་ཨང་༡༦༡་པ་དང་གསར་འགོད་རང་དབང་ལ་དཀའ་ངལ་ཡོད་པ་ནས་གསར་འགོད་རང་དབང་གི་གནས་སྟངས་ཧ་ཅང་ཐབས་རྡུགས་ཡིན་པའི་གྲས་སུ་བཀོད།།


རྒྱ་གར་གཞུང་གིས་རང་ཡུལ་གྱི་རང་བཙན་ཞིབ་ཚོགས་པ་ཁག་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། ཨོཀ་སི་ཧྥམ་རྒྱ་གར་ལན་ལག་ཚོགས་པ་སོགས་ལ་སྔོག་བཤེར་བྱས་ནས་རོགས་དངུལ་ལེན་དུ་མ་བཅུག་པར་འགོག་མགོ་བརྩམས། གསར་འགོད་པ་ཨ་བྷི་སར་ཤར་མའི་(Abhisar Sharma)་ཁྱིམ་ལ་སྔོག་བཤེར་བྱས་ནས་གློག་ཀླད་སོགས་ཁྱེར། གསར་འགོད་པ་ཤར་མས་ངས་རང་གི་ཆེད་ལས་སྒྲུབ་རྒྱུ་དེར་ཕྱིར་ཤིག་རྒྱག་རྒྱུ་མིན། ང་སྐྲག་དགོས་ས་ཅི་ཡང་མེད། ངས་སྔར་བཞིན་སྲིད་དབང་འཛིན་པ་ཚོར་འདྲི་རྩད་བྱ་རྒྱུ་ཡིན། ཁྱད་པར་དུ་དྲི་བ་སྟབས་བདེའི་རིགས་ལ་སྐྲག་པའི་མི་ཚོར་འདྲི་རྩད་བྱ་རྒྱུ་ཡིན་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཤ་ཤི་ཐ་རཱུར་(Shashi Tharoor)་གྱིས་གསར་འགྱུར་ཐྲིག་སྒྲ་གསར་ཁང་ལ་སྔོག་བཤེར་བྱུང་བར་སྐྱོན་བརྗོད་བྱས། ཁོང་གིས་སྤྱོད་ཚུལ་འདི་དམངས་གཙོའི་ཨ་མ་ལྟ་བུའི་རྒྱལ་ཁབ་ཅིག་གི་བྱ་སྤྱོད་མ་རེད། དེ་ནི་རང་ལ་གདེང་ཚོད་མེད་པའི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཁག་གི་སྤྱོད་ཚུལ་ཞིག་རེད། རྒྱ་གར་གཞུང་གིས་རང་གི་རྒྱལ་ཁབ་དང་དམངས་གཙོའི་ལམ་ལུགས་དེ་ངོ་གནོང་དགོས་པ་ཞིག་ལ་འགྱུར་དུ་བཅུག་སོང་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ།།


ཕྱི་ཟླ་༡༠་པའི་ཚེས་༤་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྩོམ་པ་པོ་དང་ལས་འགུལ་བ་བྷ་ཤ་སིང་(Bhasha Singh)་གིས་ཉེན་རྟོག་པས་ངའི་ཁ་པར་འདི་མ་ཕྲོགས་གོང་དུ་མཐའ་མཇུག་གི་འཕྲིན་ཐུང་ཞིག་སྤེལ་རྒྱུ་ཡིན། ལྡི་ལིའི་ཉེན་རྟོག་པས་ངའི་ཁ་པར་འཕྲོག་གྲབས་བྱེད་ཀྱིན་འདུག་ཅེས་བྲིས། ཞོགས་པའི་ཆུ་ཚོད་༨་དང་སྐར་ཆ་ལྔའི་སྟེང་དུ་གསར་འགོད་པ་ཨ་བྷི་སར་ཤར་མས་ལྡི་ལིའི་ཉེན་རྟོག་པ་ཡོང་ནས་ངའི་ཁྱིམ་ལ་སྔོག་བཤེར་བྱེད་ཀྱི་འདུག ངའི་གློག་ཀླད་དང་ཡོ་བྱད་རྣམས་འཁྱེར་གྲབས་བྱེད་ཀྱི་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ། ཆུ་ཚོ་འགའ་ཞིག་གི་རྗེས་སུ་གསར་འགོད་པ་དེས་ཉིན་ཧྲིལ་པོར་ལྡི་ལིའི་ཉེན་རྟོག་པས་འདྲི་གཅོད་བྱས་བྱུང་། ད་ལྟ་ང་ཁྱིམ་དུ་ལོག་ཡོད། དྲི་བ་ཚང་མར་ལན་བཏབ་པ་ཡིན། ང་སྐྲག་དགོས་ས་ཅི་ཡང་མེད་ཅེས་སླར་ཡང་འཕྲིན་ཐུང་ཞིག་སྤེལ། གསར་འགྱུར་ཐྲ་སྒྲ་གསར་ཁང་གི་བློ་འདོན་པ་པཱ་རན་ཇོ་ཡེ་གུ་ཧ་ཐ་ཀུར་ཏའི་ཁྱིམ་དུའང་ཉེན་རྟོག་པ་༩་བསླེབས་ནས་འདྲི་གཅོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG