ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༠༦

རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དང་འབྲུག་ཡུལ།


BHUTAN/
BHUTAN/

རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དང་འབྲུག་ཡུལ།

༄༅།། རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མ་ནོ་ཇ་པན་ཌེ་འབྲུག་ཡུལ་ལ་འཚམས་འདྲིར་ཕེབས་ནས་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དང་འབྲུག་རྒྱལ་བཞི་པ་འཇིགས་མེད་སིངྒེ་དབང་ཕྱུག་རྣམ་གཉིས་ལ་མཇལ་འཕྲད། དེ་བཞིན་འབྲུག་ཡུལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་པ་སོགས་ལ་མཇལ་འཕྲད་གྲོས་མོལ་གནང་སྟེ་ཕྱོགས་གཉིས་ཀྱི་བདེ་འཇག་སྲུང་སྐྱོབ་དང་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གནད་དོན་ཁག་ཅིག་ལ་གྲོས་མོལ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༩་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པའི་ཉིན་གཉིས་ཀྱི་འཚམས་ནི་ཉིན་ཤས་གོང་དུ་རྒྱ་ནག་གིས་འབྲོག་ལམ་ཤར་ཕྱོགས་ཀྱི་འབྲུག་པའི་ས་ཐོག་ཏུ་གྲོང་ཚོ་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་བརྙན་པར་ཐོན་པའི་རྗེས་སུ་བྱུང་ཡོད་པ་རེད་ཅེས་གནས་ཚུལ་སྤེལ། འབྲུག་ཡུལ་གྱི་དམག་དོན་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་མཛའ་འབྲེལ་དང་ཡུན་བརྟན་གྱི་འབྲེལ་བ། འབྲུག་ཡུལ་དང་རྒྱ་གར་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་དང་རྒྱུས་ལོན། ལྷག་བསམ་རྣམ་དག་གི་འབྲེལ་བ་ཞིག་བཙུགས་ཡོད་པ་ཡར་རྒྱས་གཏོང་རྒྱུ། འབྲུག་ཡུལ་དང་རྒྱ་གར་གྱི་དམག་དཔུང་ལ་རིག་གཞུང་དང་ཆེད་ལས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་གོང་མཐོར་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་གསལ་བསྒྲགས་སྤེལ་འདུག

ཕྱི་ཟླ་༧་པའི་ཚེས་༡༩་ཉིན་འབྲོག་ལམ་ཤར་ཕྱོགས་སུ་རྒྱ་ནག་གིས་གྲོང་ཚོ་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་བརྙན་པར་ཐོན་ནས་བཟུང་། འབྲུག་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་གཞུང་ནས་འབྲུག་གི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གནད་དོན་ཁག་ལ་དོ་སྣང་ཆེན་པོ་དང་ཕྱོགས་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་དུ་དགོས་ངེས་ཀྱི་སྲིད་ཇུས་ཁག་ལག་ལེན་བསྟར་གྱི་ཡོད་པ་རེད་ཅེས་བསྒྲགས། རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དང་འབྲུག་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོའི་གྲོས་གཞི་གཙོ་བོ་ནི་འབྲོག་ལམ་མཐོ་སྒང་དུ་རྒྱ་ནག་གིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་གྲོས་སྡུར་ལྷུག་པོ་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ༢༠༡༧་ལོར་རྒྱ་དཀར་ནག་གཉིས་ཀས་ཉི་མ་༧༣་ལ་འབྲོག་ལམ་ས་ཁུལ་དུ་དམག་གྲ་བསྒྲིགས་ནས་གདོང་ཐུག་འབྱུང་གྲབས་སུ་གྱུར། སྔ་ལོའི་ཕྱི་ཟླ་༡༠་པར་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱེད་པར་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པ་ཞིག་ལ་མིང་རྟགས་བཀོད། བོད་དང་འབྲུག་ཡུལ་ལ་སྤྱི་ལེ་༤༠༠་ལྷག་གི་ས་མཚམས་འདྲེས་ཡོད་པས་རྒྱ་ནག་དང་འབྲུག་གཞུང་གིས་གྲོས་མོལ་ཐེངས་༢༤་བྱས་ཀྱང་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་མ་ཐུབ། རྒྱ་གར་དང་བོད། འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་གྱི་འདྲེས་མཚམས་སུ་ཆགས་པའི་འབྲོག་ལམ་ས་ཁུལ་ནི་རྒྱ་གར་གྱི་བདེ་འཇགས་ལ་གནད་འགག་ཆེ་བའི་ས་གནས་ཤིག་ཡིན་ཞིང་། འབྲུག་གཞུང་གིས་འབྲོག་ལམ་མངའ་ཁུལ་ནི་འབྲུག་པའི་ས་ཆ་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་པར་རྒྱ་གར་གྱིས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གིས་འབྲོག་ལམ་ནི་བོད་ཀྱི་ས་ཆ་ཡིན་པ་དང་བོད་ས་ཡོངས་རྫོགས་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པའི་གསར་འགྱུར་རྣམས་སྔ་རྗེས་སུ་ལན་མང་ཐོན།།

བདུན་ཕྲག་སྔོན་མར་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཨ་མོ་ཆུ་བོའི་འགྲམ་དུ་གྲོང་ཚོ་འཛུགས་སྐྲུན་དང་འབྲུག་བོད་ཀྱི་ས་མཚམས་ཁག་གི་ངོ་བོ་སྒྱུར་གྱི་ཡོད་པར་རྒྱ་གར་གྱིས་ཚོར་སྐྱེན་རྣོན་པོས་དོ་སྣང་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་དམིགས་ཡུལ་ངོ་མ་ནི་འབྲུག་བོད་གཉིས་ལ་སྤྱི་ལེ་༤༧༧་གྱི་ས་མཚམས་འདྲེས་ཡོད་པ་སྒྱུར་ཐབས་བྱ་རྒྱུ་ཁོ་ན་མིན་ཞིང་། རྒྱ་ནག་གིས་ལ་དྭགས་ཤར་ཕྱོགས་ནས་མོན་ཡུལ་བར་དུ་ཧིན་བོད་གཉིས་ལ་སྤྱི་ལེ་༣༤༨༨་ཀྱི་ས་མཚམས་འདྲེས་ཡོད་པ་ཐམས་ཅད་སྒྱུར་ཐབས་བྱེད་ཀྱི་འདུག་ཅེས་བསྟན། རྒྱ་ནག་ལ་ཞིབ་འཇུག་བྱེད་མཁན་ཉམས་ཞིབ་པ་ཚོས་ཧིན་བོད་ས་མཚམས་དང་འབྲུག་བོད་ས་མཚམས་སུ་གྲོང་ཚོ་འཛུགས་སྐྲུན་བྱས་ནས་རྒྱ་ནག་གི་དམག་ཞབས་ཟུར་པ་རྣམས་གྲོང་ཚོ་དེ་དག་གི་ནང་དུ་གཞིས་ཆགས་བྱེད་དུ་འཇུག་གི་ཡོད་པ་ནི་ཞིས་ཅིན་ཕིང་གིས་བོད་ཡུལ་ཧྲིལ་པོ་རྒྱ་ཡུལ་དུ་བསྒྱུར་རྒྱུ། བོད་རྒྱ་ནག་གི་དབང་སྒྱུར་འོག་ནས་ནམ་ཡང་ཐར་ཐབས་མེད་པ་ཞིག་ཏུ་བསྒྱུར་ཐབས། བོད་རང་བཙན་དང་ཁ་བྲལ་གྱི་ལས་འགུལ་ཅི་ཡང་སྤེལ་མི་ཐུབ་པ། བོད་ལ་རྒྱ་གར་ནས་སངས་རྒྱས་ཆོས་ལུགས་ཀྱི་ནང་པའི་རིག་གཞུང་གཏིང་ཟབ་ཅིག་དར་ཡོད་པ་རྣམས་རྩ་མེད་གཏོང་ཐབས་ཤིག་རེད། རྒྱ་ནག་གིས་བོད་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་རྣམས་ཞིན་ཅང་ལའང་ལག་ལེན་བསྟར་ནས་ཁ་ཆེའི་ཆོས་ལུགས་ཀྱི་རིག་གཞུང་རྣམས་སྣུབ་ཀྱི་འདུག་ཅེས་གསལ་སྟོན་བྱས་འདུག

རྒྱ་གར་གྱིས་ཧིན་བོད་ས་མཚམས་ཁག་དང་འབྲུག་བོད་ས་མཚམས་ཁག་ཏུ་རྒྱ་ནག་གིས་གྲོང་ཚོ་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་དོགས་ཟོན་བྱེད་པའི་ཞོར་དུ་འདས་པའི་ལོ་གཉིས་ཡས་མས་ཤིག་གི་རིང་རྒྱ་དཀར་ནག་གི་དམག་དཔུང་རྣམས་ས་མཚམས་ཁག་ནས་ཕྱིར་འཐེན་བྱེད་ཐུབ་རྒྱུ་དེར་འབད། རྒྱ་ནག་གིས་འབྲུག་ཡུལ་དང་མོན་ཡུལ་གྱི་ས་མཚམས་ཁག་ཏུ་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་གཙིགས་སུ་བཟུང་། ལ་དྭགས་ཤར་ཕྱོགས་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་གནད་འགག་ཅིག་ལ་རྩི་ཡི་མེད་ཀྱང་སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་ནག་གི་འབྲུག་བོད་ས་མཚམས་ཁག་དང་ཧིན་བོད་ས་མཚམས་ཁག་ཏུ་གྲོང་ཚོ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། ལ་དྭགས་ཀྱི་ཤར་ཕྱོགས་ནས་རྒྱ་དམག་རྣམས་ཕྱིར་འཐེན་དང་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་སྐོར་གཡེང་ལ་བསྐྱོད་དུ་མ་བཅུག་པར་འགོག་གི་ཡོད་པ་མཚམས་འཇོག་མ་བྱས་ཚེ། རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་དང་སླར་གསོ་འབྱུང་ཐབས་མེད་ཅེས་ལངས་ཕྱོགས་གསལ་པོར་བསྟན། སྲིད་དོན་ཉམས་ཞིབ་པ་ཚོས་ལོ་མཇུག་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཚོགས་ཏེ་ཞིས་ཅིན་ཕིང་བསྐྱར་དུ་ལས་དུས་གསུམ་པ་ཞིག་ལ་འདེམས་བསྐོ་བྱས་པའི་རྗེས་སུ་འབྲུག་བོད་ས་མཚམས་དང་ཧིན་བོད་ས་མཚམས་ཁག་ཏུ་རྒྱ་ནག་གིས་དཔུང་འཛུལ་བྱེད་པའམ། ཡང་ན་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་སྲིད། ཞིས་ཅིན་ཕིང་གིས་ཐེ་ཝན་རྒྱ་ནག་གི་མངའ་འོག་ཏུ་བསྡུས་ནས་བོད་དང་ཞིན་ཅང་གཉིས་ལ་འཕག་འཚག་རྒྱག་ས་མེད་པ་ཞིག་ཏུ་གཏོང་རྒྱུ་ཉག་གཅིག་རེད་ཅེས་བློ་འཚབ་ཀྱི་སྒོ་ནས་ཉེན་བརྡ་བཏང་འདུག

XS
SM
MD
LG