ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༢༤

ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་རྒྱ་གར་བ་གཉིས་ལ་སྲོག་སྐྱོན་ཕོག


རྒྱ་གར་དང་ཨུ་རུ་སུའི་འགོ་ཁྲིད་གཉིས་ལྡི་ལིར་མཇལ་འཕྲད་གནང་སྐབས།
རྒྱ་གར་དང་ཨུ་རུ་སུའི་འགོ་ཁྲིད་གཉིས་ལྡི་ལིར་མཇལ་འཕྲད་གནང་སྐབས།

༄༅།། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་རྒྱ་གར་བ་གཉིས་ལ་ཡུཀ་རེན་གྱི་ས་ཐོག་ཏུ་སྲོག་སྐྱོན་ཕོག ལྡི་ལི་གསར་པའི་ལས་སྣེ་ཚོས་ཨུ་རུ་སུའི་གཞུང་ལ་རྒྱ་གར་བ་དམག་ཁོངས་སུ་བསྡུས་ཡོད་པ་རྣམས་འཕྲལ་དུ་རང་ཡུལ་ལ་ཕྱིར་སློག་བྱོས་ཞེས་འབོད་སྐུལ་ཞུས། ཕྱི་ཟླ་༦་པའི་ཚེས་༡༣་ཉིན་རྒྱ་གར་གྱི་ཇུ་རི་སི་ཊི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་བ་གཉིས་ཡུཀ་རེན་གྱི་ས་ཐོག་ཏུ་བསད་འདུག་ཅེས་ངེས་གཏན་བྱས། མོ་སི་ཀོར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་གིས་འདས་པོ་དེ་དག་གི་ཕུང་པོ་མགྱོགས་ནས་མྱུར་དུ་རང་ཡུལ་ལ་འཕྲོད་དུ་འཇུག་དགོས་ཞེས་ནན་གྱིས་བསྐུལ། ད་ལྟ་རྒྱ་གར་བ་༡༨་ཡས་མས་ཤིག་ཕར་ཚུར་གང་དུའང་མ་ཐར་པར་ཨུ་རུ་སུ་དང་ཡུཀ་རེན་གྱི་ས་མཚམས་སུ་ལུས། རྒྱ་གར་བ་ཚོས་ང་ཚོར་ཨུ་རུ་སུའི་དམག་སྒར་ཁག་ཏུ་ལས་ཀ་ཡོད་ཅེས་མགོ་སྐོར་བཏང་སོང་། ང་ཚོ་ཨུ་རུ་སུར་བསླེབས་པའི་རྗེས་སུ་ལམ་ཡིག་གཞུང་བཞེས་བཏང་ནས་དམག་ཁོངས་སུ་བཙན་གྱིས་བཅུག་པ་རེད་ཅེས་གཡོ་འོག་ཏུ་ཚུད་པ་ཐེར་འདོན་བྱས་འདུག

ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཞིག་གིས་ང་ཚོས་རྒྱ་གར་བ་༡༠༠་ཡས་མས་ཤིག་དམག་ཁོངས་སུ་བསྡུས་ཡོད། ཁོ་ཚོ་རང་མོས་ཐོག་ནས་ཡོང་བ་དང་འཐབ་འཁྲུག་གི་ཉེན་ཁ་རྣམས་ངོས་ཟིན་ཡོད་པ་རེད། ཨུ་རུ་སུའི་གཞུང་གིས་རྒྱ་གར་བ་དེ་ཚོར་གླ་ཕོགས་སྤྲོད་ཀྱི་ཡོད་ཅེས་བཀྲལ། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ནེ་ཀ་ཝ་ཏྲས་(Vinay Kwatra)་ང་ཚོས་ཨུ་རུ་སུའི་གཞུང་ལ་རྒྱ་གར་བ་དམག་ཁོངས་སུ་བསྡུ་རྒྱུ་མཚམས་འཇོག་བྱ་དགོས། རྒྱ་གར་བ་རྣམས་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱང་དེ་དག་ཐམས་ཅད་རང་ཡུལ་དུ་ཕྱིར་སློག་བྱ་དགོས་པའི་ནན་སྐུལ་བྱས་པ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ལོ་འདིའི་ཕྱི་ཟླ་༢་ནང་ལོ་ན་༣༡་ལ་སོན་པའི་ཀསྨིར་རི་བ་ཨ་ཛ་ད་ཡུ་སབ་ཟེར་བ་ཞིག་དང་ལོ་༣༠་ཐམ་པར་སོན་པའི་ཛ་ཧུར་ཨཱ་མེ་ད་ཤཱེཀ་ཟེར་བ་གཉིས་ཡུཀ་རེན་གྱི་དམག་ས་ཞིག་ཏུ་བསད། ཕྱི་ཟླ་༣་པའི་ནང་ལོ་ན་༢༣་ལ་སོན་པའི་རྒྱ་གར་གྱི་གུ་ཇ་ར་ད་མངའ་སྡེའི་ཧ་མིལ་ཨ་ས་ཌན་བྷ་ཡེ་ཞེས་པ་ཞིག་དང་ཧེ་དྷར་བྷ་ད་གྲོང་ཁྱེར་གྱི་ཡུལ་མི་ལོ་ན་༣༡་ལ་སོན་པ་མྷོ་མེ་ད་ཨ་ས་ཧྥན་ཟེར་བ་ཞིག་ཡུཀ་རེན་གྱི་ས་ཐོག་ཏུ་བསད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་དང་བལ་ཡུལ། སིངྒ་ལ་སོགས་ཀྱི་ནག་ཚོང་རྒྱག་མཁན་ཚོས་ཨུ་རུ་སུའི་གྲོང་ཁྱེར་ཁག་ཏུ་ལས་ཀ་ཡོད། གླ་ཕོགས་ཆེན་པོ་རག་གི་རེད་ཅེས་མི་ལ་མགོ་སྐོར་བཏང་ནས་ཕོ་གསར་མང་པོ་ཨུ་རུ་སུར་ཁྲིད། ད་དུང་སྐྱེས་པ་དེ་ཚོར་ལས་ཀའི་གན་རྒྱ་ཡིན་ཞེས་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དུ་བཅུག་སྟེ་ཨུ་རུ་སུའི་དམག་ཁོངས་སུ་བཅུག བལ་ཡུལ་གཞུང་གིས་ཉུང་མཐར་ཡང་བལ་པོ་༢༠་ཐམ་པ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག་ཅེས་གཞི་གྲངས་བཏོན། དེ་བཞིན་སིངྒ་ལའི་གཞུང་གིས་རང་གི་སྤྱི་དམངས་༡༦་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་ས་ཐོག་ཏུ་བསད་འདུག་ཅེས་གསལ་བསྒྲགས་སྤེལ། རྒྱ་གར་དང་བལ་ཡུལ། སིངྒ་ལ་སོགས་ཀྱིས་ཨུ་རུ་སུའི་གཞུང་ལ་གླས་དམག་བསྡུ་མཚམས་འཇོག་བྱ་དགོས་པའི་ནན་སྐུལ་བྱས་པར་མ་ཟད། ཨུ་རུ་སུར་གླས་དམག་བསྡུས་ནས་ནག་ཚོང་རྒྱག་མཁན་རྣམས་རྒྱ་གར་དང་བལ་ཡུལ། སིངྒ་ལ་སོགས་ཀྱིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡༠་ཉིན་བྷུ་ལུམ་བྷག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་གཉིས་ལྷག་ཕྱིན་པའི་རིང་དེར་དམག་མི་བསད་རྨས་ཚབས་ཆེན་བྱུང་སྟེ་འཐབ་མོ་བ་མེད་པར་གྱུར། དེར་བརྟེན་ཨུ་རུ་སུའི་གཞུང་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ནས་བསླེབས་པའི་སློབ་ཕྲུག་ཚོ་དམག་ཁོངས་སུ་བསྡུ་བཞིན་ཡོད་ཅིང་། ཨུ་རུ་སུའི་གཞུང་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་སློབ་ཕྲུག་ཚོར་དམག་ཁོངས་སུ་ཞུགས་པའམ། ཡང་ན་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་གདམ་ཀ་གཉིས་ལས་མི་སྤྲོད། ཡུ་རོབ་རྒྱལ་ཁབ་ཁག་གི་ལས་སྣེ་ཚོས་ཡུཀ་རེན་གྱི་ཁར་ཀིབ་ཕྱོགས་སུ་དཔུང་འཇུག་བྱས་པའི་དམག་མི་མང་ཆེ་བ་ཨ་ཧྥི་རི་ཀའི་སློབ་ཕྲུག་ཚོ་རེད། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་མི་དམངས་ལ་འཚོ་བའི་དཀའ་ངལ་ཆེ་བ། ན་གཞོན་ཚོར་རང་ཡུལ་དུ་ཤེས་ཡོན་སློབ་སྦྱོང་དང་ལས་ཀའི་གོ་སྐབས་མེད་པས་ཕོ་གསར་སྟོང་ཕྲག་མང་པོ་ཨུ་རུ་སུར་བསྐྱོད་དགོས་ཐུག་གི་འདུག་ཅེས་བསྟན།།

ཨ་ཧྥི་རི་ཀའི་ན་གཞོན་ཁག་ཅིག་གིས་ཨུ་རུ་སུའི་དམག་བསྡུ་ལས་ཁུངས་ཀྱི་ལས་སྣེ་ཚོར་དངུལ་སྒོར་ལྐོག་མ་བརྫངས། ཁོ་ཚོ་རང་ཡུལ་དུ་ཕྱིར་ལོག་བྱེད་མི་དགོས་པ་དང་དམག་ཁོངས་སུའང་ཞུགས་མི་དགོས་པའི་ཁེ་ཕན་བླངས། དངུལ་སྒོར་ལྐོག་མ་བརྫང་རྒྱུ་མེད་པའི་ཨ་ཧྥི་རི་ཀའི་སློབ་ཕྲུག་ཚོར་རང་ཡུལ་དུ་ཕྱིར་ལོག་བྱེད་པ་དང་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་ལ་བསྐྱོད་རྒྱུའི་གདམ་ཀ་ལས་མེད། ཡུཀ་རེན་གྱི་དམག་འཁྲུག་འགོ་ཚུགས་མ་ཐག་པ་ནས་ཨུ་རུ་སུར་ཕམ་ཉེས་བྱུང་། ཨུ་རུ་སུའི་གཞུང་གིས་ཝ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་དང་བཙོན་ཁང་ཁག་གི་བཙོན་པ་རྣམས་དམག་ཁོངས་སུ་བསྡུས། ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་དུ་ཨུ་རུ་སུའི་གླས་དམག་དང་བཙོན་པ་བཏང་ནས་མི་གསོད་ཁྲག་སྦྱོར་ཆེན་པོ་བྱུང་།།

ཨུ་རུ་སུའི་གཞུང་གིས་རང་གི་སྤྱི་དམངས་མི་རིགས་དཀར་པོ་སྟེ། རྒྱལ་ས་མོ་སི་ཀོ་དང་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་སོགས་ནས་བསྡུས་པའི་དམག་མི་རྣམས་བསྲི་ཚགས་བྱས་ཏེ་མདུན་སར་མ་བཏང་བར་རྒྱབ་ལོགས་སུ་བཞག ཌ་གྷེ་སི་ཐན་གྱི་ཁ་ཆེ་དང་བྷུ་རི་ཡ་ཐེ། ཐུ་བ་དང་ཀལ་མུག་སོགས་ཀྱི་སོག་རིགས་ནང་པ་གྲངས་ཉུང་མི་རིགས་དང་། ཕྱི་རྒྱལ་ནས་བསྡུས་པའི་གླས་དམག་གི་ཚེ་སྲོག་ལ་ཕངས་སེམས་མེད་པར་མདུན་སར་བཏང་སྟེ་བསད་རྨས་བྱུང་ཞིང་། ཨུ་རུ་སུའི་གྲངས་ཉུང་མི་རིགས་ཀྱི་དམག་མི་དང་གླས་དམག་ཚོས་ང་ཚོ་ནི་སྒྱོགས་མདེལ་ལྟར་མདུན་སར་འཕེན་གྱི་འདུག་ཅེས་འཁང་ར་བཤད། ཨུ་རུ་སུའི་གཞུང་གིས་གླས་དམག་རྣམས་ལ་དམག་སྦྱོང་ཡག་པོ་སྤྲོད་ཀྱི་མེད་པ་དང་དམག་རྒྱག་གི་མཐུན་རྐྱེན་ཞན་པ། མིའི་ཚེ་སྲོག་ལ་རིན་ཐང་རྩི་ཡི་མེད་པ་བཅས་ཀྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་འཐབ་འཁྲུག་བརྒྱབ་ནས་རྒྱལ་ཁ་ལེན་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་ཚུད་པའི་རྒྱལ་ཁབ་༢༡་ནས་གླས་དམག་བསྡུས། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ཨུ་རུ་སུར་ངལ་རྩོལ་བ་ས་ཡ་མང་པོ་ཡོང་གི་ཡོད་པ་དེ་དག་ཀྱང་དམག་ཁོངས་སུ་ཞུགས་དགོས། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ན་གླ་ཕོགས་ཆེན་པོ་ཡོད། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ལོ་གཉིས་ཀྱི་སྲི་ཞུ་བསྒྲུབ་རྒྱུའི་གན་རྒྱ་བཞག་ན་མི་དེར་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་ཆོག ཁོ་པའི་བཟའ་ཟླ་བུ་ཕྲུག་རྣམས་ཀྱང་ཨུ་རུ་སུར་ཁྱིམ་གཞི་སྤོས་ནས་ཡོང་ཆོག་ཅེས་ཁེ་ཕན་སྤྲད། རྒྱ་གར་དང་བལ་ཡུལ། སིངྒ་ལ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཏུ་ལས་ཀའི་གོ་སྐབས་མེད་པ་དང་གླ་ཕོགས་དམའ་བ་བཅས་ཀྱིས་སྐྱེས་པ་མང་པོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་རྒྱལ་ཁབ་དེའི་སྤྱི་དམངས་སུ་འགྱུར་རྒྱུའི་ཧེབ་ལངས། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་གླས་དམག་ཕལ་མོ་ཆེ་ལོ་གཉིས་ཀྱི་གན་རྒྱ་མ་རྫོགས་སྔོན་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ལྔ་ལམ་དུ་བརྫངས། ཁོ་ཚོ་ཨུ་རུ་སུའི་སྤྱི་དམངས་སུ་གྱུར་ནས་འཚོ་བའི་གནས་སྟངས་ཡག་ཏུ་འགྲོ་རྒྱུའི་ཕུགས་བསམ་མ་གྲུབ།།

ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་ཚོགས་སུ་ཨུ་རུ་སུ་དྲིལ་བསྒྲགས་བྱེད་མཁན་ཚོགས་པ་ཞིག་གིས་དེང་སྐབས་ཨུ་རུ་སུའི་རྒྱལ་ཡོངས་སུ་ཨ་ཧྥི་རི་ཀའི་སློབ་ཕྲུག་༣༥༠༠༠་ནས་༣༧༠༠༠་ཙམ་ཡོད། ལོ་ལྟར་ཨ་ཧྥི་རི་ཀའི་སློབ་ཕྲུག་༦༥༠༠་ཡས་མས་རེ་སློབ་ཡོན་སྤྲོད་མི་དགོས་པར་ཨུ་རུ་སུར་སློབ་སྦྱོང་ལ་ཡོང་དུ་འཇུག་གི་ཡོད་ཟེར། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཟླ་བ་སྔོན་མའི་ཉིན་གཅིག་ལ་ཨུ་རུ་སུའི་དམག་མི་༡༢༠༠་བསད་འདུག དེ་ནི་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་བཟུང་སྟེ་ཨུ་རུ་སུའི་དམག་ལ་སྲོག་སྐྱོན་ཕོག་པ་ཆེས་མང་ཤོས་རེད། འདས་པའི་ལོ་༢་ལྷག་གི་རིང་ཨུ་རུ་སུའི་དམག་མི་འབུམ་༥་ལྷག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་འདུག་ཅེས་བསྒྲགས། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་ཟླ་བ་རེར་ཨུ་རུ་སུའི་དམག་མི་༡༠༠༠༠་ཡས་མས་རེ་བསད་རྨས་འབྱུང་གི་འདུག ཡུཀ་རེན་གྱི་དམག་མི་བསད་རྨས་བྱུང་བ་ལྡབ་ལྔ་ལྷག་མང་གི་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག

གླེང་སྟེགས།

XS
SM
MD
LG