ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དྭང་ཞབས་པ་འདས་པོ་ཉི་མ་བསྟན་འཛིན་གྱི་སྐུ་ཕུང་ཞུགས་འབུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་ཕྱི་ཟླ་༩་ཚེས་༧་གྱི་སྔ་དྲོར་ལ་དྭགས་ཀྱི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་བོད་ལུགས་ལྟར་བསྔོ་བ་དང་སྨོན་ལམ། རྒྱ་གར་གྱི་དམག་གི་ལམ་ལུགས་ལྟར་དམག་དུང་བཏང་སྟེ་མཁའ་དབྱིབས་སུ་མེ་མདའ་འཕངས་ནས་དམ་པ་དེའི་སྐུ་ཕུང་ཞུགས་འབུལ་དང་མྱ་ངན་ཞུས་འདུག

༄༅།། ཉེ་ཆར་ཕྱི་ཟླ་༨་ཚེས་༣༠་ཉིན་གྱི་དགོང་མོར་ལ་དྭགས་ཀྱི་ས་མཚམས་སུ་རྒྱ་གར་གྱི་མཐའ་སྲུང་དམག་གི་ཁོངས་སུ་བཏང་བའི་བོད་པ་དྭང་ཞབས་པ་ཉི་མ་བསྟན་འཛིན་སྐོར་གཡེང་དུ་བསྐྱོད་པའི་སྐབས་སུ་ས་མེ་གས་འཐོར་བྱུང་སྟེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་ཡོད་ཅིང་། དེ་རིང་ཕྱི་ཟླ་༩་ཚེས་༧་གྱི་སྔ་དྲོར་ལ་དྭགས་ཀྱི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་བོད་ལུགས་ལྟར་བསྔོ་བ་དང་སྨོན་ལམ། རྒྱ་གར་གྱི་དམག་གི་ལམ་ལུགས་ལྟར་དམག་དུང་བཏང་སྟེ་མཁའ་དབྱིབས་སུ་མེ་མདའ་འཕངས་ནས་དམ་པ་དེའི་སྐུ་ཕུང་ཞུགས་འབུལ་དང་མྱ་ངན་ཞུས་འདུག

གཟའ་ཟླ་བའི་སྔ་དྲོར་དྭང་ཞབས་འདས་པོ་དེའི་སྐུ་ཕུང་ཞུགས་འབུལ་ཞུས་པའི་སྐབས་སུ་ཁུལ་དེའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་དང་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རམ་མ་དྷབ། ས་གནས་དེའི་རྒྱ་གར་གྱི་དམག་དཔོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱི་གཙོས་ས་གནས་ཀྱི་འགོ་ལས་སོགས་གནད་ཡོད་མི་སྣ་དང་མང་ཚོགས་བཅས་མི་ཆིག་སྟོང་ཡས་མས་ཤིག་འདུས་སོང་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་ལ་སྤྱི་ཚེ་བརྟན་དབང་ཕྱུག་གིས་འགྲེལ་བརྗོད་གནས་སོང་། དྭང་ཞབས་པ་དམ་པ་དེས་རྒྱ་གར་གྱི་དམག་ཁོངས་སུ་ལོ་༣༣་ལ་སྲི་ཞུ་བསྒྲུབས་ཏེ་དྭང་ཞབས་པ་རྒན་གྲས་ཤིག་ཡིན་ཞིང་། འདས་པོ་དེར་ཤུལ་ལུས་བཟའ་ཟླ་དང་ཕྲུ་གུ་གསུམ་འདུག

འདས་པའི་ཉིན་ཞིག་ནས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་ཉི་མ་བསྟན་འཛིན་དམ་པ་དེའི་བློས་གཏོང་བྱས་པ་རྣམས་ཁྱབ་བསྒྲགས་དང་དམིགས་བསལ་ས་མཚམས་དམག་དཔུང་ཞེས་བོད་པའི་དྭང་ཞབས་ཚོར་ཆེ་བསྟོད་ཆེན་པོ་ཐོབ། རྒྱ་གར་གྱི་དམག་དཔོན་མཐོ་གྲས་ཟུར་པ་བྷག་ཤཱིས་ཀྱིས་རང་གི་ངོ་དེབ་སྟེང་དུ་ཉི་མ་བསྟན་འཛིན་ནི་རྒྱལ་ཁབ་ཀྱི་གཅེས་ཕྲུག་ཅིག་ཡིན། ཁོང་སྤང་ཀོང་མཚོ་འགྲམ་དུ་སྐོར་གཡེང་ལ་བསྐྱོད་པའི་དུས་སུ་ས་མེ་འབར་གས་བྱུང་ནས་ཚེ་སྲོག་ཤོར་པ་རེད། རྒྱ་གར་གྱིས་ནམ་ཡང་དཔའ་བོ་དེའི་བཀའ་དྲིན་བརྗེད་མི་སྲིད་ཅེས་ཆེ་བསྟོད་ཀྱི་ཞུ་ཚིག་བཀོད་ཡོད་པར་མ་ཟད། འདས་པོ་དེའི་ཤུལ་ལུས་བཟའ་མི་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བཀོད།།

ཕྱི་ཟླ་༩་པའི་ཚེས་༧་ཉིན་མོར་ལ་དྭགས་ཀྱི་ཚོང་ཁང་ཁག་དང་ཟ་ཁང་སོགས་སྒོ་བརྒྱབ་ནས་དྭང་ཞབས་འདས་པོ་ཉི་མ་བསྟན་འཛིན་ལ་མྱ་ངན་ཞུས་པ་དང་ཕྱི་དྲོར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ཉི་མ་བསྟན་འཛིན་དམ་པ་དེའི་ཆེད་དུ་མཆོད་འབུལ་དང་བསྔོ་སྨོན་བྱས་འདུག

ལྡི་ལིར་གནས་འཁོད་དྭང་ཞབས་ཟུར་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཁ་སང་འདི་ག་བསམ་ཡས་གླིང་དུ་ས་གནས་བུད་མེད་ལྷན་ཚོགས་སོགས་ཀྱིས་གོ་སྒྲིག་བྱས་པའི་བསྔོ་སྨོན་དུས་སུ་ཉི་མ་བསྟན་འཛིན་དམ་པ་དེའི་བློས་གཏོང་གིས་དྭང་ཞབས་པ་ཚོར་དམིགས་བསལ་གྱིས་སྤོབས་པ་ཞིག་བསྐྱེད་བྱུང་། ང་ཡང་དམག་སར་འགྲོ་རྒྱུའི་གྲ་སྒྲིག་ཡོད། ངས་རྒྱ་གར་གཞུང་ལ་དེ་ལྟར་ཞུ་ཡི་ཡོད་ཅེས་གསར་འགོད་པར་བཤད་འདུག

འདི་ལོའི་ཕྱི་ཟླ་༥་འགོ་སྟོད་ནས་འབྲས་ལྗོངས་དང་ལ་དྭགས་སོགས་ཧིན་བོད་མཐའ་མཚམས་ཀྱི་ས་ཚིགས་ཁ་ཤས་སུ་རྒྱ་དམག་རྣམས་རྒྱ་གར་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱས་པས་རྒྱ་གར་དང་རྒྱ་མིའི་དམག་དཔུང་ཁག་ཅིག་ལག་འཛིང་དང་ཁ་འཛིང་ཐེངས་འགའ་ཞིག་ཐུག རྒྱ་དཀར་ནག་གི་མཐོ་རིམ་དམག་དོན་མི་སྣ་ཁག་དང་ཕྱི་འབྲེལ་མི་སྣ་སོགས་ཐུག་འཕྲད་གྲོས་མོལ་ཐེངས་འགའ་ཞིག་བྱས་ཀྱང་ས་མཚམས་ཀྱི་འཁྲུག་རྩོད་རྣམས་ཞི་འཇམ་འགྲོ་ཐུབ་ཀྱི་མེད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
XS
SM
MD
LG