ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད།


༄༅།། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཏ་ཇིཀ་སི་ཐན་དུ་ཐུག་འཕྲད་བྱུང་ཞིང་། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཇཱེ་ཤར་ཀར་གྱིས་ཝང་དབྱི་ལ་སྔ་ལོ་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་རྣམས་མཚམས་སུ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུའི་གྲོས་མཐུན་གྲོས་མཐུན་བྱུང་ཡང་ཧི་མ་ལ་ཡའི་ནུབ་ཕྱོགས་ཀྱི་ས་མཚམས་ཁག་ཏུ་སྔར་ཛ་དྲག་ཆེན་པོ་འདུག ས་མཚམས་ཀྱི་འཁྲུག་རྩོད་ནི་རྒྱ་དཀར་ནག་གཉིས་ཀྱི་སུ་ལའང་དགེ་མཚན་ཡོད་པ་ཞིག་མིན་ཞེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན། ན་ནིང་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་གྲོས་མོལ་ལན་མང་བྱས་པའི་རྗེས་སུ་སྤང་གོང་མཚོ་འགྲམ་ནས་འགོ་བཙུགས་ཏེ་ཕྱོགས་གཉིས་འཁྲུག་རྩོད་འབྱུང་སའི་ས་མཚམས་ཁག་ནས་དམག་དཔུང་དང་མེ་སྒྱོགས། ལྕགས་ཁྲབ་འཁོར་ལོ་སོགས་ཕྱིར་འཐེན་ཆ་ཚང་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་དཀར་ནག་གཉིས་ས་མཚམས་སུ་འཁྲུག་རྩོད་འབྱུང་རྒྱུ་མཚམས་ཆད་མི་འདུག ས་མཚམས་ཀྱི་འཁྲུག་རྩོད་ཁག་གིས་རྒྱ་དཀར་ནག་གི་འབྲེལ་བར་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་འདུག་ཅེས་བཤད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་རྒྱ་དཀར་ནག་གི་འབྲེལ་བ་བཟང་པོ་མེད་པ་ཡུན་རིང་འགོར་ན་ཕྱོགས་གཉིས་ཀར་དགེ་མཚན་མེད་པ་ངོས་ལེན་བྱས་འདུག

ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༦་ཉིན་དེར་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་རྒྱ་གར་བ་དང་ལ་དྭགས་པ། བོད་པ་བཙན་བྱོལ་བ་སོགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུས། རྒྱ་གར་གྱིས་ཧིན་རྡུ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྐབས་དེར་དུས་ཡུན་བདུན་ཕྲག་གཅིག་གི་རིང་དུ་རྒྱ་ནག་གི་དམག་མི་དང་ས་མཚམས་ཀྱི་ལས་བྱེད་པ་སོགས་རླངས་འཁོར་ལྔའི་ནང་དུ་ཡོང་སྟེ་སེངྒེ་ཁ་འབབ་ཀྱི་ཕ་ཕྱོགས་སུ་རྒྱ་ནག་གི་རྒྱལ་དར་དམར་པོ་འཕྱར་ནས་རྒྱ་གར་ཕྱོགས་སུ་སྡིགས་ར་བསྐུལ། བོད་པ་བཙན་བྱོལ་བ་དང་ལ་དྭགས་པ་སོགས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་ལ་དགའ་སྟོན་བྱས་པར་རྒྱ་ནག་གིས་མི་བཟོད་པའི་ཁོང་ཁྲོའི་རྣམ་འགྱུར་བསྟན། དཀོན་མཆོག་བསྟན་འཛིན་ཞེས་པའི་ལ་དྭགས་པ་ཞིག་གིས་ང་ཚོས་ས་མཚམས་སུ་ཅི་ཞིག་བྱས་ཀྱང་རྒྱ་ནག་གིས་དེ་ལ་ཡ་ལན་སློག་གི་འདུག རྒྱ་ནག་ལ་བཟོད་ཐབས་མེད་ཀྱང་བྱ་ཐབས་ཟད། དེ་ནི་ཧ་ཅང་གི་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ད་ལོ་རྒྱ་གར་གྱི་སྲིད་བློན་མོ་དྷིས་༧གོང་ས་མཆོག་ལ་ཞལ་པར་བཏང་སྟེ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པར་མ་ཟད། སྲིད་བློན་མོ་དྷིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཞལ་པར་བཏང་སྟེ་འཁྲུངས་སྐར་གྱི་རྟེན་འབྲེལ་ཞུས་པ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ད་དུང་སྲིད་བློན་མོ་དྷི་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་ཡུན་རིང་མི་འགོར་མཇལ་འཕྲད་གནང་འཆར་ཡོད་པའི་གནས་ཚུལ་ཐོན་ནས་བཟུང་། རྒྱ་ནག་གིས་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་གར་ལ་རྣམ་འགྱུར་དྲག་པོ་སྟོན་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་ལ་དྭགས་ཤར་ཕྱོགས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུངའགྲེམ་འཇོག་བྱེད་ཡོད་པ་ནི་བློ་འཚབ་འབྱུང་གཞི་ཞིག་རེད། རྒྱ་ནག་གིས་ཕྱོགས་གཅིག་རྐྱང་པས་ས་ཁུལ་དེའི་གནས་ཐོབ་ལ་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་པར་ངོས་ལེན་གཏན་ནས་མེད། རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་དགོས་ན་ས་མཚམས་ཀྱི་ཞི་བདེ་བརྟན་ལྷིང་སླར་གསོ་བྱ་རྒྱུ་གནད་འགག་ཆེན་པོ་ཡིན། རྒྱ་དཀར་ནག་གི་མཐོ་རིམ་དམག་དོན་མི་སྣ་ཁག་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅེས་བསྒྲགས། རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་ཚོས་ཞི་བདེ་བརྟན་ལྷིང་དང་འབྲེལ་བ་སླར་གསོ་བྱ་དགོས་པའི་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཉིས་ཀས་ཧིན་བོད་ས་མཚམས་སུ་དམག་དཔུང་ཁ་སྣོན་གཏོང་རྒྱུ་དང་ས་མཚམས་ཀྱི་དམག་དཔུང་ལ་མཚོན་ཆ་གསར་པ་མཁོ་འགྲེམ། ཧིན་བོད་ས་མཚམས་ཁག་ཏུ་རྒྱ་ལམ་དང་ཟམ་པ། དམག་གི་གནམ་ཐང་དང་དམག་སྒར་འཛུགས་སྐྲུན་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་ཅིང་། ད་ལྟ་རྒྱ་དཀར་ནག་གཉིས་ཀས་ཉུང་མཐར་ཡང་ཧིན་བོད་ས་མཚམས་ཁག་ཏུ་དམག་དཔུང་འབུམ་གཅིག་ལྷག་འགྲེམ་འཇོག་བྱེད་ཡོད་པའི་གནས་ཚུལ་ཐོན། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་གཉིས་མོས་ཀྱི་ལམ་ནས་རྒྱ་གར་ལ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད། རྒྱ་དཀར་ནག་གཉིས་ཀས་གནད་དོན་དེ་གཙིགས་སུ་བཟུང་ནས་གྲོས་མོལ་བྱ་དགོས་ཞེས་གསལ་བསྒྲགས་སྤེལ་རུང་ཝང་དབྱིས་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་དགོས་པའི་ལན་ཁག་རྒྱ་ནག་ལ་མེད་ཅེས་སྐད་ཆ་རྙིང་པ་རྣམས་བསྐྱར་དུ་བཟློས། རྒྱ་དཀར་ནག་གི་དམག་དཔུང་རྣམས་སྤང་གོང་མཚོ་འགྲམ་དང་གྷལ་ཝན་ལུང་གཤོང་ནས་ཕྱིར་འཐེན་བྱས་ཀྱང་ཆུ་ཚན་དང་གོག་ར། སྡེ་བཟང་ས་ཁུལ་ཁག་ནས་ཕྱིར་འཐེན་བྱས་མེད་པ་རེད།།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་དཀར་ནག་གི་འབྲེལ་བ་ནི་ཕན་ཚུན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདག་དབང་ལ་བརྩི་འཇོག བཙན་འཛུལ་མི་བྱེད་པ་དང་གཅིག་གི་ནང་སྲིད་ལ་ཅིག་ཤོས་ཀྱིས་ཐེ་གཏོགས་མི་བྱེད་པ། ཕན་ཚུན་གྱི་ཁེ་ཕན་ལ་བརྩི་འཇོག་བྱ་དགོས་པའི་གཞི་རྩའི་ཐོག་ཏུ་ཡར་རྒྱས་གཏོང་དགོས། ང་ཚོས་ས་མཚམས་ཀྱི་དམག་དཔུང་ཕྱིར་འཐེན་བྱས་པའི་གྲུབ་འབྲས་རྣམས་སྲ་བརྟན་བཏང་སྟེ་ཡར་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རྩོད་གཞི་ཅན་དུ་གྱུར་པའི་ས་ཁུལ་ཁག་ལ་གཉིས་མོས་མེད་པར་གནས་ཐོབ་ལ་འགྱུར་བ་གཏོང་མི་ཆོག ང་ཚོ་གོ་ལོག་དང་རྩིས་ལོག་ཐེབས་ནས་ས་མཚམས་ཀྱི་འཁྲུག་རྩོད་བསྐྱར་སློང་འབྱུང་སྲིད་པར་གཡོལ་ཐབས་བྱ་དགོས། ང་ཚོས་ཕུགས་ལ་བསམ་བློ་བཏང་ནས་ཛ་དྲག་དང་འགལ་ཟླའི་ངོ་བོ་འདི་འབྲེལ་བ་བཟང་པོ་ཞིག་ལ་བསྒྱུར་དགོས་ཞེས་བཤད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོས་ན་ནིང་ཕྱི་ཟླ་༩་པའི་ནང་དུ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཞག་པ་རྣམས་ལག་ལེན་བསྟར་རྒྱུ་གལ་འགངས་ཆེན་པོ་རེད་གྲོས་མོལ་བྱས་པ་རེད། ངས་ད་ཐེངས་ཀྱང་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་གྲོས་མཐུན་བཞག་པ་རྣམས་ལག་ལེན་བསྟར་དགོས་ཞེས་བསྐྱར་ཟློས་བྱ་རྒྱུ་ཡིན། ལ་དྭགས་ཀྱི་ཤར་ཕྱོགས་དང་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་ཐིག་མཚམས་ནས་གང་མགྱོགས་དམག་དཔུང་རྣམས་ཕྱིར་འཐེན་བྱ་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན་ཞེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བཏབ། ཇཱེ་ཤན་ཀར་དང་ཝང་དབྱི་གཉིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཏ་ཇིཀ་སི་ཐན་ལ་རྒྱ་ནག་གིས་བཙུགས་པའི་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་དྲུག་གི་ཕྱི་སྲིད་བློན་ཆེན་རིམ་པའི་ལོ་འཁོར་ཚོགས་འདུར་ཞུགས། རྒྱ་གར་ནི་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་མིན་རུང་སྒྲིག་དེའི་ཟུར་ཉན་པའི་གདན་ཐོབ་སྤྲད་ཡོད་པས་གཟའ་ལྷག་པའི་ཉིན་ཝང་དབྱི་དང་ཇཱེ་ཤན་ཀར་གཉིས་ཚོགས་ཆེན་ཞོར་དུ་ཐུག་འཕྲད་བྱུང་།།

རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཏ་ཇིཀ་སི་ཐན་གྱི་ས་ཐོག་ཏུ་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་ས་མཚམས་ཀྱི་རྩོད་གཞི་རྣམས་གཉིས་མོས་ཀྱི་ལམ་ནས་ཐག་གཅོད་བྱ་དགོས་པའི་གྲོས་མཐུན་བྱུང་ཡོད་ཅེས་གསལ་བསྒྲགས་སྤེལ་མོད། འོན་ཀྱང་ལྷོ་ཨེ་ཤི་ཡའི་བདེ་འཇགས་དང་རྒྱལ་སྲུང་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་སྟེ། རྒྱ་གར་གྱི་མདའ་དཔོན་ཟུར་པ་ཨ་ཇཱེ་ཤུཀ་ལཱ་ཞེས་པ་ཞིག་གིས་བཤད་པ་ལྟར་ན། ལོ་འདིའི་ཕྱི་ཟླ་༥་པའི་ཚེས་༢་ཉིན་རྒྱ་དམག་གིས་གྷལ་ཝན་ཆུ་ཁུག་ཏུ་གུར་ཕུབས། རྒྱ་གར་གྱི་དམག་གིས་རྒྱ་དམག་གི་གུར་རྣམས་བཤིག་དགོས་པའི་དགོས་འདུན་བཏོན་པའི་གནས་ཚུལ་ཐོན། གལ་སྲིད་མདའ་དཔོན་ཟུར་པ་ཨ་ཇཱེ་ཤུཀ་ལཱས་སྤེལ་བའི་གནས་ཚུལ་དེ་བདེན་པ་ཡིན་ཚེ། ལོ་གཅིག་མ་འགོར་པར་རྒྱ་དཀར་ནག་གི་དམག་དཔུང་རྣམས་སླར་ཡང་གྷལ་ཝན་ལུང་གཤོང་དུ་གདོང་ཐུག་འབྱུང་གྲབས་བྱས་ཤིང་། ༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་དང་རྒྱ་ནག་གི་དམག་མི་༤་ལ་སྲོག་སྐྱོན་ཕོག རྒྱ་གར་དང་ཨ་མི་རི་ཀ་སོགས་ཀྱིས་སྐབས་དེར་རྒྱ་ནག་གི་དམག་མི་༤༠་ལྷག་ལ་སྲོག་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ་རུང་རྒྱ་ནག་གིས་རང་གི་དམག་མི་ཅི་ཙམ་ལ་སྲོག་སྐྱོན་ཕོག་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་པ་རེད།།

XS
SM
MD
LG