ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་གྱིས་རྒྱ་ནག་ལ་ས་མཚམས་ཀྱི་དམག་དཔུང་ཕྱིར་འཐེན་བྱོས་ཞེས་བསྐུལ།


༄༅།། རྒྱ་གར་གཞུང་གིས་རྒྱ་ནག་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་ན་ཧིན་བོད་ས་མཚམས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་བྱ་དགོས། ཕྱོགས་གཉིས་ཀས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་མཚམས་ཁག་ཏུ་དམག་དཔུང་འགྲེམ་འཇོག་བྱེད་བཞིན་ཡོད་པ་རྒྱུན་འཁྱོངས་བྱས་ནས་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་ཐབས་ཡོད་པ་མ་རེད་ཅེས་ནན་བརྗོད་བྱས་འདུག དེ་ཡང་ཕྱི་ཟླ་༩་པའི་ཚེས་༡༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཏ་ཇིཀ་སི་ཐན་གྱི་རྒྱལ་ས་དྷུ་ཤན་བྷེར་རྒྱ་ནག་གིས་བཙུགས་པའི་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་འདུ་ཚོགས་པའི་སྐབས་སུ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཀར་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཟུར་དུ་ཐུག་འཕྲད་བྱུང་། ཇཱེ་ཤན་ཀར་གྱིས་ས་མཚམས་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་གྲོས་མོལ་བྱས་པ་ཡིན། ཞི་བདེ་བརྟན་ལྷིང་སླར་གསོ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་ཆ་རྐྱེན་གཙོ་བོ་ནི་ས་མཚམས་ཀྱི་དམག་དཔུང་ཕྱིར་འཐེན་བྱེད་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཀྱང་ང་ཚོས་རྟག་ཏུ་རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་འོས་འཚམས་ཀྱི་ཐབས་ལམ་དང་ཀུན་སློང་བཟང་པོ་ཞིག་འཆང་ནས་སེལ་ཐབས་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀས་ས་མཚམས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་དེར་འབད་བརྩོན་དང་ས་མཚམས་སུ་འཁྲུག་རྩོད་མི་འབྱུང་བའི་ཤུགས་སྣོན་རྒྱག་དགོས་ཞེས་ལན་འདེབས་བྱས་པའི་གནས་ཚུལ་ཐོན་འདུག

ན་ནིང་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་གྷལ་ཝན་ལུང་གཤོང་དུ་ལག་ཐུག་བྱུང་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་དང་རྒྱ་ནག་གི་དམག་མི་མང་དག་ཅིག་ལ་སྲོག་སྐྱོན་དང་རྨས་སྐྱོན་ཕོག ༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་སུ་དམག་འཁྲུག་ཐེངས་དང་པོ་བརྒྱབ་ནས་བཟུང་། ༢༠༢༠་བར་དུ་རྒྱ་དཀར་ནག་གི་འབྲེལ་བ་ཛ་དྲག་ཆེན་པོ་དེ་འདྲ་ཞིག་ལ་གྱུར་ནས་དམག་འཁྲུག་གི་ཉེན་ཁ་བྱུང་མྱོང་མེད་ཅིང་། དེར་བརྟེན་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་སུ་དམག་དཔུང་ཁྲི་ཚོ་མང་པོ་འགྲེམ་འཇོག་བྱས་ནས་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་འབྱུང་གྲབས་ཀྱི་ཛ་དྲག་ཆེ་རུ་སོང་། མཐར་ས་མཚམས་ཀྱི་རྒྱ་དཀར་ནག་གི་དམག་དཔུང་བཀོད་འདོམས་པ་ཚོས་གྲོས་མོལ་ཐེངས་བཅུ་གཉིས་བྱས་ནས་སྤང་གོང་མཚོ་འགྲམ་སོགས་འཁྲུག་རྩོད་འབྱུང་སའི་ས་གནས་ཁག་ཅིག་ནས་དམག་དཔུང་ཕྱིར་འཐེན་བྱས་ཀྱང་ས་མཚམས་གཞན་ཁག་ཏུ་ཕྱོགས་གཉིས་ཀས་མེ་སྒྱོགས་དང་འཕུར་མདེལ་བཙུགས་ཏེ་དམག་དཔུང་སོར་འཇོར་བྱེད་བཞིན་ཡོད་པར་མ་ཟད། རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཀྱི་དམག་དཔུང་ཡུན་རིང་འཇོག་རྒྱུའི་རྣམ་པ་བསྟན་པ་དང་དེང་སྐབས་ཕྱོགས་གཉིས་ཀས་དམག་དཔུང་ཁྲི་ཚོ་༥་ནས་ཁྲི་ཚོ་༦་ཡས་མས་རེ་ཧིན་བོད་ས་མཚམས་སུ་བཀྲམ་སྟེ་དམག་འཁྲུག་གི་གྲ་སྒྲིག་ཆ་ཚང་བྱས་ཡོད་པ་རེད།།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་དཀར་ནག་གཉིས་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་གཉིས་ལ་འགྱུར་གྱི་ཡོད་པས་པེ་ཅིང་དང་ལྡི་ལི་གསར་པས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་ཐུབ་པའི་འབད་བརྩོན་བྱེད་དགོས་ཞེས་བཤད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་རྒྱལ་སྤྱིའི་གནད་དོན་གཞན་ཁག་ཀྱང་གྲོས་སྡུར་བྱས་པ་ཡིན་ཞེས་བཤད་ཀྱང་གནད་དོན་གང་གང་ལ་གྲོས་སྡུར་བྱས་ཡོད་མེད་གནས་ཚུལ་ཞིབ་ཕྲ་ཞིག་གསལ་བཀྲོལ་བྱས་མེད་མོད། འོན་ཀྱང་ཇཱེ་ཤན་ཀར་གྱིས་རྒྱ་དཀར་ནག་གི་འབྲེལ་བ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན་པས་དེ་ལ་ཕྱོགས་གཉིས་ཀྱི་འབྲེལ་བའི་ལྟ་སྟངས་ཐོག་ཏུ་བལྟ་དགོས། རྒྱ་ནག་གིས་རྒྱ་དཀར་ནག་གི་འབྲེལ་བར་ཚོགས་ཁག་གསུམ་པ་ཞིག་གི་ལྟ་སྟངས་ནས་བལྟ་མི་ཉན་ཞེས་བསྟན། དེ་ནི་རྒྱ་ནག་གིས་པ་ཀི་སི་ཐན་གྱི་ལྟ་སྟངས་དང་ལངས་ཕྱོགས་ཐོག་ཏུ་རྒྱ་གར་ལ་འབྲེལ་བ་འཛིན་གྱི་ཡོད་པར་གོ་དགོས། རྒྱ་ནག་དང་པ་ཀི་སི་ཐན་གྱི་དམག་དོན་འབྲེལ་བ་དམ་ཟབ་ཡོད་པ་རྒྱ་དཀར་ནག་གི་འབྲེལ་བར་འགལ་ཟླ་ཡོང་ས་ཆེན་པོ་ཞིག་ཡིན་ཞིང་། ཏ་ཇིཀ་སི་ཐན་གྱི་ཚོགས་འདུའི་སྐབས་སུ་ཇཱེ་ཤན་ཀར་དང་ཝང་དབྱི་གཉིས་ཀྱིས་ཏ་ལི་བྷན་ཤོག་ཁག་གིས་ཨབ་གྷ་ཎི་སི་ཐན་ལ་དབང་སྒྱུར་བྱེད་ཡོད་པ་དང་རྒྱ་ནག་གིས་ཏ་ལི་བྷན་ཤོག་ཁག་ལ་ཨ་སྒོར་ས་ཡ་མང་པོ་རོགས་རམ་སྤྲད། པ་ཀི་སི་ཐན་དང་ཏ་ལི་བྷན་ཤོག་ཁག་གཉིས་མཐུན་གྲོགས་ཡིན་པ་བཅས་ལའང་གྲོས་མོལ་བྱས་པའི་གནས་ཚུལ་ཐོན་འདུག

ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཁར་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝ་དབྱི་གཉིས་རྒྱ་དཀར་ནག་གི་དམག་དོན་དང་ཕྱི་འབྲེལ་མི་སྣ་ཚོས་མུ་མཐུད་དུ་གྲོས་མོལ་བྱ་དགོས་པའི་གྲོས་མཐུན་བྱུང་། ཇཱེ་ཤན་ཀར་གྱིས་རྒྱ་དཀར་ནག་གི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་གི་གཞི་རྩའི་ཐོག་ཏུ་ཚུགས་དགོས། རྒྱ་ནག་གིས་རྒྱལ་ཁབ་གསུམ་པ་ཞིག་གི་ལྟ་སྟངས་དང་ལངས་ཕྱོགས་ཐོག་ཏུ་རྒྱ་གར་ལ་འབྲེལ་བ་འཛིན་རྒྱུ་གཡོལ་ཐབས་བྱ་དགོས། རྒྱ་ནག་གིས་ཧིན་བོད་ས་མཚམས་ཀྱི་དབང་སྒྱུར་ས་ཐིག་གི་གནས་བབ་ལ་རང་མོས་ཀྱིས་འགྱུར་བ་བཏང་ཚེ། རྒྱ་གར་གྱིས་དེ་ལ་ནམ་ཡང་ངོས་ལེན་བྱེད་མི་ཐུབ། ལ་དྭགས་ཤར་ཕྱོགས་སུ་ཞི་བདེ་བརྟན་ལྷིང་མ་བྱུང་བར་དུ་རྒྱ་དཀར་ནག་གི་འབྲེལ་ཡར་རྒྱས་འགྲོ་ཐུབ་ཐབས་མེད། རྒྱ་གར་གྱི་བྱུང་རབས་ནང་དུ་རྒྱལ་ཁབ་གཞན་ལ་བཙན་འཛུལ་བྱས་མྱོང་མེད། རྒྱ་དཀར་ནག་གཉིས་ཀས་ཕན་ཚུན་བརྩི་འཇོག་བྱས་ནས་འབྲེལ་བ་བཟང་པོ་ཞིག་མ་བཙུགས་པར་ཡོང་ཐབས་མེད་པའི་དོན་དངོས་ལ་བལྟས་ནས་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག ཇཱེ་ཤན་ཀར་དང་ཝང་དབྱི་གཉིས་ལྡི་ལི་གསར་པ་དང་པེ་ཅིང་གི་འབྲེལ་བ་བཟང་པོ་མེད་པར་ཡུན་རིང་འགོར་ན་དགེ་མཚན་མེད། དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་གཏོང་བའི་རྒྱུ་རྐྱེན་ལ་འགྱུར་སྲིད་པའི་ངོས་འཛིན་ཐོབ། དེ་རིང་གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཀས་དྲྭ་ལམ་དུ་ཏ་ཇིཀ་སི་ཐན་དུ་ཚོགས་པའི་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ལ་གཏམ་བཤད་བྱས་འདུག

XS
SM
MD
LG