ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་དང་ཐེ་ཝན་གྱི་མཉམ་འབྲེལ་ལ་རྒྱ་ནག་གིས་ངོ་རྒོལ།


༄༅།། ཉེ་ཆར་གཟའ་པ་སངས་ཉིན་ཐེ་ཝན་ལ་ལོ་༤༠་ལྷག་གི་རིང་དུ་བྱུང་མྱོང་མེད་པའི་འགྲུལ་སྐྱེལ་མེ་འཁོར་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་མི་༥༡་ལ་འཆི་སྐྱོན་དང་མི་༡༨༨་ལ་རྨས་སྐྱོན་ཕོག རྒྱ་གར་གྱི་ཊི་རི་བྷུན་དང་རྒྱ་གར་དུས་བབ་ཚགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། ཉིན་དེར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་བྷག་ཆུས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་དུ་ཐེ་ཝན་གཞུང་དམངས་གཉིས་ལ་སེམས་གསོའི་འཕྲིན་ཐུང་ཞིག་སྤེལ། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་ལ་བཀའ་དྲིན་ཆེ་ཞེས་ལན་བཏབ། གཟའ་ཉི་མའི་ཉིན་རྒྱ་གར་གྱི་ཆ་ཏི་སི་གྷར་མངའ་སྡེར་བདེ་སྲུང་དམག་དང་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་རྒྱ་གར་གྱི་གྱེན་ལོག་པ་ཚོས་འཐབ་འཁྲུག་བརྒྱབ་སྟེ་རྒྱ་གར་གྱི་བདེ་སྲུང་དམག་༢༢་ལ་སྲོག་སྐྱོན་ཕོག་པར་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་གཞུང་དམངས་གཉིས་ཀར་གདུང་སེམས་མཉམ་སྐྱེད་དང་སེམས་གསོའི་འཕྲིན་ཐུང་ཞིག་སྤེལ་འདུག འགྲོ་བ་མིའི་ཚེ་སྲོག་ཤོར་བ་དང་རང་བྱུང་ཁམས་ཀྱི་གནོད་འཚེ་ཕོག་པ་སོགས་ལ་ཕན་ཚུན་རོགས་སྐྱོར་དང་སེམས་གསོ་བྱེད་ཀྱི་ཡོད་པ་ནི་ཆོས་ཉིད་ཅིག་ཡིན་ཞིང་། རྒྱ་གར་དང་ཐེ་ཝན་གཉིས་ཀྱིས་ཕན་ཚུན་གདུང་སེམས་མཉམ་སྐྱེད་དང་སེམས་གསོ་བྱེད་རེས་བྱས་པ་རྒྱུན་ལྡན་ཞིག་ཡིན་མོད། འོན་ཀྱང་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཐེ་ཝན་ལ་སེམས་གསོའི་འཕྲིན་ཐུང་ཞིག་སྤེལ་བ་ནི་རྒྱ་ནག་གཅིག་གི་རྩ་དོན་ལ་འགལ་འཛོལ་བྱས་པ་རེད། རྒྱ་གར་གྱིས་སྔ་མོ་ནས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པར་ངོས་འཛིན་བྱེད་ཀྱི་ཡོད་པར་རྒྱབ་འགལ་བྱས་པ་ཞིག་རེད། ཐེ་ཝན་ནི་རྒྱ་ནག་གི་ནང་སྲིད་ཡིན་པས་དེ་ལ་སུ་ཞིག་གིས་ཐེ་གཏོགས་བྱས་ཀྱང་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་རྒོལ་གཏམ་བཏང་འདུག

རྒྱ་གར་གྱི་དུས་བབ་ཚགས་པར་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པར་ལྡི་ལི་གསར་པའི་དབང་འཛིན་པ་ཚོས་འཛེམ་ཟོན་དེ་ཙམ་བྱེད་དགོས་དོན་མེད། རྒྱ་ནག་གིས་ཐེ་ཝན་གྱི་བདག་དབང་རྩོད་ཀྱི་ཡོད་ཀྱང་མི་འབོར་ས་ཡ་༢༣་ཡོད་པའི་མཚོ་གླིང་དེ་སྲིད་དོན་ཚོགས་པ་སྣ་མང་ཡོད་པའི་དམངས་གཙོའི་ཡུལ་ལུང་ཞིག་རེད། ཐེ་ཝན་ནི་ཨེ་ཤི་ཡའི་དཔལ་འབྱོར་སྟོབས་ཆེན་དང་འཛམ་གླིང་གི་ཉེ་བའི་རྒྱུད་རྫས་བཟོ་སྐྲུན་པ་གཙོ་གྲས་ཤིག་ཡིན་པར་མ་ཟད། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཁ་ཕྱོགས་ལྷོ་ལ་གཏོད་པའི་སྲིད་ཇུས་ཤིག་བཟུང་ནས་ཐེ་ཝན་གྱིས་རྒྱ་གར་ལྟ་བུའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་དང་འབྲེལ་བ་འཛུགས་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག རྒྱ་གར་དང་ཐེ་ཝན་གཉིས་གྲོང་ཁྱེར་འཛུགས་སྐྲུན་དང་ཞིང་ལས་ཀྱི་ལག་རྩལ་ཡར་རྒྱས། བསྐྱར་བཀོལ་ནུས་ཤུགས་འདོན་སྤེལ་དང་རྒྱ་ཡིག་སློབ་སྦྱོང་། རྒྱ་ནག་གིས་རྒྱ་གར་གྱི་སློབ་ཆེན་ཁག་ལ་བཙུགས་ཡོད་པའི་ཁུང་ཙིའི་སློབ་གླིང་གི་ཤུལ་ཚབ་རྣམས་ཐེ་ཝན་གྱི་ཤེས་ཡོན་ལྟེ་གནས་ཁག་གིས་གསབ་ཐུབ། མདོར་ན་རྒྱ་གར་དང་ཐེ་ཝན་གཉིས་ཕྱོགས་གང་ཐད་དུ་མཉམ་འབྲེལ་ཡག་པོ་དང་བརྟན་པོ་ཞིག་བྱེད་ཐུབ། རྒྱ་ནག་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་རྒྱལ་ཁབ་ཅིག་ལ་འགྱུར་གྱི་ཡོད་པས་རྒྱ་གར་གྱིས་ངེས་པར་དུ་རྒྱ་ནག་ངོས་ཟིན་དགོས། ད་ལྟ་ཐེ་ཝན་ལས་ལྷག་པའི་རྒྱ་ནག་གི་རང་གཤིས་ངོས་འཛིན་ཐུབ་པ་སུ་ཡང་མེད། དེས་ན་རྒྱ་གར་གྱི་ཐེ་ཝན་ལ་མཉམ་འབྲེལ་བྱ་རྒྱུ་ནི་རྒྱ་གར་རང་གི་འཐབ་ཇུས་འཆར་འགོད་ལ་དགེ་མཚན་ཆེ། རྒྱ་ནག་གིས་ལ་དྭགས་ཤར་ཕྱོགས་ནས་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་མེད་པ་དེ་ལ་བལྟས་ཚེ། པེ་ཅིང་གི་དབང་འཛིན་པ་ཚོར་རྒྱ་གར་གཅིག་གི་རྩ་དོན་ལ་ཁས་ལེན་བྱེད་འདོད་མེད་པའི་རྟགས་མཚན་རེད། རྒྱ་ནག་གིས་པ་ཀི་སི་ཐན་འགྱུར་བ་མེད་པའི་ཕུ་ནུ་ལྟ་བུ་ཞིག་ལ་རྩི་བཞིན་ཡོད་པས་རྒྱ་གར་གྱིས་ཀྱང་ཐེ་ཝན་ལ་འབྲེལ་བ་འཛིན་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་བསམ་ཞིབ་བྱ་དགོས་པའི་དུས་ལ་བབས་ཡོད་ཅེས་བསྒྲགས།།

ཕྱི་ཟླ་༤་པའི་ཚེས་༦་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཐེ་པེ་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་ཡོད། ཉེ་ཆར་ཐེ་ཝན་ལ་མེ་འཁོར་བརྡབ་སྐྱོན་བྱུང་བའི་རྗེས་སུ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ངོ་དེབ་དང་ཊོས་ཊར་དྲྭ་ལམ་དུ་ཐེ་ཝན་མི་དམངས་ལ་སེམས་གསོའི་འཕྲིན་ཐུང་ཞིག་སྤེལ་བ་རེད། ༡༩༩༥་ལོར་རྒྱ་གར་དང་ཐེ་ཝན་གཉིས་ཀྱིས་འབྲེལ་མཐུད་ལས་ཁུངས་བཙུགས་ནས་བཟུང་། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཀྱི་གསལ་བསྒྲགས་སྤེལ་བ་ཐེངས་དང་པོ་རེད། ད་ཐེངས་ཀྱི་གསལ་བསྒྲགས་འདིས་ཐེ་ཝན་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པ་མཚོན་ཐུབ་ཅེས་བཤད། ཁ་སང་ཕྱི་ཚེས་༥་ཉིན་ཐེ་ཝན་གཞུང་གིས་རྒྱ་གར་གྱི་ཆ་ཏི་སི་གྷར་མངའ་སྡེར་གཞུང་གི་བདེ་སྲུང་དམག་དང་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་དམར་ཤོག་གྱེན་ལོག་པ་ཚོར་འཐབ་འཁྲུག་བརྒྱབ་སྟེ། རྒྱ་གར་གྱི་བདེ་སྲུང་དམག་༢༢་ལ་སྲོག་སྐྱོན་དང་མི་མང་དག་ཅིག་ལ་རྨས་སྐྱོན་ཕོག་པར་ཐེ་ཝན་གཞུང་དམངས་གཉིས་ཀྱིས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། འདས་པོ་རྣམས་ཀྱི་ཤུལ་ལུས་བཟའ་མི་ཚོར་ཐུགས་གསོ་དང་རྨས་མ་རྣམས་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཡོད་ཅེས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཞིག་ཞིག་སྤེལ། ༡༩༥༠་ཐམ་པའི་ལོར་རྒྱ་གར་གྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་བཅད། དེ་ནས་བཟུང་སྟེ་རྒྱ་གར་གྱིས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་འབའ་ཞིག་བཙུགས། ༡༩༩༥་ལོར་ཐེ་ཝན་དང་རྒྱ་གར་གཞུང་གིས་ཕྱོགས་གཉིས་ཀྱི་ས་ཐོག་ཏུ་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་རེ་འཛུགས་རྒྱུའི་གྲོས་མཐུན་བྱུང་སྟེ་ལས་ཁུངས་སྒོ་ཕྱེ། ཉེ་བའི་ལོ་ཤས་ཤིག་ནས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་མང་དག་ཅིག་རྒྱ་ནག་ནས་ཕྱིར་འཐེན་བྱས་ནས་རྒྱ་གར་དང་ཝྭི་ཏེ་ནམ་སོགས་ལྷོ་ཤོར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་སྤོར། ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་གར་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།།
རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་ནི་རྒྱ་གར་གྱི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་ཡིན་པ་དང་རྒྱ་གར་ལ་མཁོ་ངེས་ཀྱི་སྨན་དང་གློག་ཆས་སོགས་རྒྱ་ནག་ནས་ནང་འདྲེན་བྱེད་དགོས་ཐུག་ཡོད། རྒྱ་གར་གྱིས་འཕྲལ་དུ་རྒྱ་ནག་ལ་ཚོང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་བ་གཅོད་དཀའ། རྒྱ་གར་གཞུང་གིས་རིམ་བཞིན་རྒྱ་ནག་གཅིག་པུར་བརྟེན་མི་དགོས་པར་ཐེ་ཝན་སོགས་དམངས་གཙོ་དང་རང་དབང་། ཆབ་སྲིད་ཀྱི་ལམ་ལུགས་གཅིག་པ་དང་ལྟ་གྲུབ་མཐུན་པ་ཁག་ལ་ཕྱི་འབྲེལ་དང་ས་ཁམས་ཆབ་སྲིད་བཅས་ཀྱི་འབྲེལ་བ་འཛུགས་རྒྱུ་ཤུགས་ཆེ་རུ་གཏོང་དགོས། འདས་པའི་ལོ་༥༠་ལྷག་ལ་རྒྱ་དཀར་ནག་གིས་འབྲེལ་བ་ཡར་རྒྱས་དང་ཚོང་ལས་གོང་འཕེལ་བཏང་བ་རེད། ཞིས་ཅིན་ཕིང་དང་སྲིད་བློན་མོ་དྷི་གཉིས་ཀྱིས་རྒྱ་དཀར་ནག་གིས་འགོ་ཁྲིད་པའི་ཨེ་ཤི་ཡའི་དུས་རབས་ཤིག་འཆར་དུ་འཇུག་རྒྱུའི་འཆར་འགོད་བྱས་ནས་མཛའ་གྲོགས་བསྒྲིགས་ཀྱང་༢༠༡༧་ལོར་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ཡོད། ༢༠༢༠་ལོར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་སོང་། རྒྱ་ནག་གིས་རྒྱ་གར་ལ་འཛིན་པའི་འབྲེལ་བ་དེར་བརྩི་མེད་རྡོག་བརྫིས་གཏོང་ཡོད་པས་ང་ཚོས་ཀྱང་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་བསྐྱར་ཞིབ་བྱ་དགོས། རྒྱ་གར་གཞུང་གིས་ལ་དྭགས་ཕྱོགས་སུ་དམག་དཔུང་ཁ་སྣོན་བཏང་བ་དང་རྒྱ་ནག་གིས་བཟོས་པའི་ཁ་པར་གྱི་བཀོལ་ཆས་རྣམས་བཀག རྒྱ་ནག་གི་དངོས་ཟོག་ཉོ་མཚམས་འཇོག་དགོས་ཞེས་གནས་སྐབས་སུ་ངར་ཤུགས་ལངས་ནས་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་པ་རེད། ཡིན་ནའང་རྒྱ་གར་གཞུང་གིས་རྒྱ་ནག་ལ་འཛིན་པའི་ཕུག་རྒྱང་རིང་པོའི་འཐབ་ཇུས་ཤིག་གཏན་འབེབས་བྱེད་དགོས་ཞེས་བསྟན།།

རྒྱ་གར་གྱི་རྩོམ་པ་པོ་གཉིས་དང་ཉམས་ཞིབ་པ་དྲུག་གིས་རྒྱ་དཀར་ནག་གི་འབྲེལ་བ་དང་མ་འོངས་པར་རྒྱ་གར་གྱིས་འབྲེལ་བ་འཛིན་ཕྱོགས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་ཞིང་། སྙན་ཐོ་དེར་རྒྱ་གར་གྱིས་ཨ་མི་རི་ཀ་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་སོགས་ལ་འབྲེལ་བ་བརྟན་པོ་དང་སྙོམས་པོ་ཞིག་འཛིན་དགོས། རྒྱ་གར་གཞུང་གིས་རང་གི་ཁྱིམ་མཚེས་ཀྱི་དམངས་གཙོའི་རྒྱལ་ཁབ་ལ་འབྲེལ་བ་ཡར་རྒྱས་དང་དམ་ཟབ་འཛུགས་རྒྱུ། རྒྱ་ནག་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དར་ཁྱབ་བཏང་ན་དགེ་མཚན་མེད་པ་ངོས་ཟིན་དུ་འཇུག་རྒྱུ། ང་ཚོས་རྒྱལ་ཁབ་༢༠་ལྷག་ལ་གྲོས་མཐུན་དང་ཆིངས་ཡིག་བཞག་པ་གཅིག་པུས་མི་འགྲིག་པར་ཕྱི་འབྲེལ་དང་དཔལ་འབྱོར། ཚན་རིག་དང་ཤེས་ཡོན། གསར་གཏོད་པ་དང་ཁེ་ལས་པ་སོགས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ་རིམ་པ་མང་པོ་དང་ཕྱོགས་མང་པོ་ཞིག་ནས་འབྲེལ་བ་རྒྱ་བསྐྱེད་དགོས། རྒྱ་ནག་གཞུང་གིས་མ་རྩ་བཙུགས་པའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་གར་གྱི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པ་འགོག་དགོས། རྒྱ་ནག་གཞུང་གིས་རྒྱ་གར་ལ་སྟངས་འཛིན་དང་གསང་ཉུལ་བྱེད་པའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་འགོག་རྒྱུ། རྒྱ་གར་བརྡ་འཕྲིན་འཕྲུལ་རིག་དང་འཛུགས་སྐྲུན་སོགས་ཀྱི་ཐོག་ཏུ་རྒྱ་ནག་ལ་བརྟེན་མི་དགོས་པར་རང་མགོ་ཐོན་པ་ཞིག་ལ་བསྒྱུར་དགོས་ཞེས་རྒྱ་གར་གཞུང་ལ་ལམ་སྟོན་ཞུས་འདུག

XS
SM
MD
LG