ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གྱིས་རྒྱ་ནག་ལ་ཚོང་ལས་བཀག་ནས་རྒོལ་ལན་སློག་ཐབས། 


རྒྱ་གར་བ་ཞིག་གིས་རྒྱ་ནག་གི་ཅ་དངོས་འགོག་དགོས་པའི་སྐད་འབོད།
རྒྱ་གར་བ་ཞིག་གིས་རྒྱ་ནག་གི་ཅ་དངོས་འགོག་དགོས་པའི་སྐད་འབོད།

༄༅།། ཉེ་ཆར་རྒྱ་དཀར་ནག་གི་དམག་རྣམས་ལག་འཛིང་དྲག་པོ་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་བསད་པའི་རྗེས་སུ་རྒྱ་གར་གྱི་ས་གནས་གང་སར་རྒྱ་ནག་ལ་ཚོང་ལས་བཀག་ནས་རྒོལ་ལན་སློག་དགོས་ཞེས་མི་མང་གིས་ལས་འགུལ་སྤེལ་གྱི་ཡོད་ཅིང་། བདུན་ཕྲག་འདིར་རྒྱ་གར་ནུབ་ཕྱོགས་སུ་ཆགས་པའི་མ་ཧ་ར་ཤི་ཊི་ར་མངའ་སྡེའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་གསུམ་ལ་ཚོང་ལས་ཀྱི་སྔོན་འགྲོའི་གན་རྒྱ་བཞག་ཡོད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་མ་ཧ་ར་ཤི་ཊི་ར་མངའ་སྡེར་ཨ་སྒོར་དུང་ཕྱུར་༦་མ་རྩ་འཛུགས་ཀྱི་འདུག ང་ཚོས་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་ལ་ཚོང་འབྲེལ་འཛུགས་དགོས་མིན་བསྐྱར་ཞིབ་བྱ་རྒྱུ་ཡིན། རྒྱ་གར་དབུས་གཞུང་གིས་མ་ཧ་ར་ཤི་ཊི་ར་མངའ་སྡེའི་གཞུང་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་ཚོང་འབྲེལ་འཛུགས་ཆོག་མིན་ཐག་གཅོད་དང་བརྡ་ལན་གསལ་པོ་ཞིག་གནང་རོགས་ཞེས་ཞུས་འདུག ད་ལོ་རྒྱ་གར་ལ་ཏོག་དབྱིབས་རིམ་ནད་ཁྱབ་སྟེ་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པས་མ་ཧ་ར་ཤི་ཊི་ར་མངའ་སྡེའི་གཞུང་གིས་ས་གནས་ཀྱི་དཔལ་འབྱོར་སླར་གསོ་ཡོང་ཐབས་སུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་གསུམ་ལ་ཚོང་འབྲེལ་བཙུགས། རྒྱ་ནག་གི་ལྕགས་རི་ཆེན་མོའི་རླངས་འཁོར་བཟོ་ཚོང་ཁང་གིས་མ་ཧ་ར་ཤི་ཊི་ར་མངའ་སྡེར་ཨ་སྒོར་དུང་ཕྱུར་༥་མ་རྩ་བཙུགས་ནས་རླངས་འཁོར་བཟོ་རྒྱུ། རྒྱ་ནག་གི་ཧེང་ལི་བཟོ་སྐྲུན་ཁང་དང་པེ་ཅིང་ཧྥོ་ཊོན་རླངས་འཁོར་བཟོ་ཚོང་ཁང་གཉིས་ཀྱིས་རྒྱ་གར་གྱི་གློག་ཤུགས་སྤྱི་སྤྱོད་རླངས་འཁོར་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱས་ནས་ཚོང་ལས་གཉེར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༡༩་ལོའི་ཕྱི་ཟླ་༤་ནས་༢༠༢༠་ལོའི་ཕྱི་ཟླ་༢་པ་བར་དུ་རྒྱ་གར་གྱིས་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ་༦༢་གྱི་དངོས་ཟོག་ནང་འདྲེན་བྱས་ཀྱང་རྒྱ་ནག་གིས་རྒྱ་གར་ནས་ཨ་སྒོར་ཐེར་འབུམ་༡༥་དང་ཕྱེད་ཀའི་དངོས་ཟོག་མ་གཏོགས་ནང་འདྲེན་བྱས་མེད་པ་རྒྱ་གར་གྱི་ཚོང་ལས་གཞི་གྲངས་ཁག་ཏུ་བཀོད། ད་སྔ་རྒྱ་གར་གཞུང་གིས་རྒྱ་ནག་ལ་ཚོང་འབྲེལ་བཀག་ནས་རྒོལ་ལན་སློག་དགོས་ཞེས་ཐག་གཅོད་གསལ་པོ་ཞིག་བྱས་མེད་ཀྱང་ཝྭ་རོན་བཏུང་བ་བཟོ་ཚོང་ཁང་དང་ཧི་ར་ནན་དྷ་ཎི་ས་ཁང་ཉོ་ཚོང་ཁང་སོགས་ཧ་མ་ར་ཤི་ཊི་ར་མངའ་སྡེའི་བཟོ་ཚོང་ལས་ཁང་འགའ་ཞིག་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་མཉམ་འབྲེལ་བྱས་ནས་ཚོང་ལས་གཉེར་གྱི་ཡོད་པར་མ་ཟད། རྒྱ་ནག་གི་འཕྲུལ་རྩལ་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་གར་གྱི་འཕྲུལ་རྩལ་བཟོ་ཚོང་ལས་ཁང་ཁག་ལ་ཨ་སྒོར་ཐེར་འབུམ་མང་པོ་མ་རྩ་བཙུགས་ནས་ཚོང་ལས་རྒྱ་ཆེན་པོ་ཞིག་གཉེར་གྱི་ཡོད་པ་སྟེ། རྒྱ་གར་གྱི་ཁ་པར་ཚོང་འགྲེམ་ཁྲོམ་ར་ཡོངས་ལ་རྒྱ་ནག་གི་ལག་ཐོགས་ཁ་པར་ཁྱབ་ནས་རྒྱ་གར་གྱི་ལག་ཐོགས་ཁ་པར་བཟོ་ཚོང་ལས་ཁང་ཁག་རྩ་བ་ཚུགས་མི་ཐུབ་པ་ཞིག་ཏུ་གྱུར། གཟའ་འཁོར་སྔོན་མ་ནས་རྒྱ་གར་གྱི་དྲྭ་དམངས་དང་གསར་འགྱུར་ལས་ཁང་ཁག སྤྱི་ཚོགས་ལས་འགུལ་བ་ཚོས་རྒྱ་གར་གཞུང་གིས་རྒྱ་ནག་ལ་རྒོལ་ལན་ནན་པོ་ཞིག་སློག་རྒྱུ་ཡིན་ན་གནོད་ས་དེར་དམིགས་དགོས། རྒྱ་ནག་གིས་ལོ་ལྟར་ཨ་སྒོར་ཐེར་འབུམ་༦༠་ལྷག་གི་དངོས་ཟོག་རྣམས་རྒྱ་གར་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཚོང་ལས་ཆུང་ཆུང་ཞིག་མ་རེད། རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས། རྒྱ་གར་གཞུང་གིས་རྒྱ་ནག་ལ་དམག་འཁྲུག་བརྒྱབ་པ་ལས་ཀྱང་ཚོང་ལས་བཀག་ན་ནུས་པ་ཆེ་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག

རྒྱ་གར་གྱི་ཆཱེན་ནེ་དང་མུམ་བྷེའི་གྲུ་ཁ་ཁག་ཏུ་རྒྱ་ནག་ནས་ནང་འདྲེན་བྱས་པའི་དངོས་ཟོག་གི་དོ་པོ་སྟོང་ཕྲག་མང་པོ་བཀག་སྟེ་འགག་སྒོ་ཁག་ནས་ཐར་གྱི་མེད་ཅིང་། རྒྱ་གར་དབུས་གཞུང་གིས་འགག་སྒོའི་ལས་སྣེ་ཚོར་རྒྱ་ནག་གི་དངོས་ཟོག་རྒྱ་གར་གྱི་གྲུ་ཁ་ཁག་ལ་འབྱོར་བ་རྣམས་འགོག་དགོས་ཞེས་ཡིག་ཐོག་ཏུ་བཀོད་ཁྱབ་བཏང་མེད་ཀྱང་རྒྱ་ནག་ནས་འབྱོར་བའི་དངོས་ཟོག་རྣམས་རྒྱ་གར་གྱི་གྲུ་ཁ་ཁག་ཏུ་ཕྱི་ལ་གཏོང་གི་མེད་པ་རེད། ཆཱེན་ནེའི་འགག་སྒོའི་ལས་སྣེ་ཞིག་གིས་རྒྱ་གར་གྱི་བང་ཆེན་ཚགས་པར་གྱི་གསར་འགོད་པར་ང་ཚོར་རྒྱ་ནག་ནས་འབྱོར་བའི་དངོས་ཟོག་རྣམས་གྲུ་ཁ་ནས་ལེན་ཆོག་པའི་བཀའ་འཁྲོལ་སྤྲད་ཟིན་པ་རྣམས་ཀྱང་འགོག་དགོས་པའི་ལམ་སྟོན་བྱས་སོང་ཞེས་བཤད། མུམ་བྷེའི་བཟོ་ཚོང་ལས་ཁང་ཞིག་གིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་དངོས་ཟོག་རྣམས་གྲུ་ཁ་ནས་ལེན་མི་ཐུབ་པའི་དཀའ་ངལ་ཆེ་རུ་ཕྱིན་སོང་། དངོས་ཟོག་ཁག་ཅིག་གྲུ་ཁ་ནས་ལེན་ཆོག་པའི་བཀའ་འཁྲོལ་མི་འཐོབ་པར་དུས་ཚོད་རིང་པོ་ཞིག་འགོར་གྱི་འདུག རྒྱ་གར་གྱི་འགག་སྒོའི་ལས་སྣེ་ཚོས་རྒྱ་ནག་ནས་འབྱོར་བའི་དངོས་ཟོག་རྣམས་དོ་བདག་ལ་སྤྲོད་རྒྱུ་མིན་ཟེར་གྱི་མེད་ཀྱང་བརྟག་དཔྱད་བྱ་རྒྱུ་དེར་དུས་ཚོད་རིང་པོ་འགོར་གྱི་འདུག དངོས་ཟོག་ཁག་ཅིག་ལ་རྒྱ་གར་གྱི་གསང་བའི་ལས་ཁང་གི་བཀོད་འདོམས་ལྟར་བརྟག་དཔྱད་བྱ་དགོས་པའི་ལན་ཁག་སྣ་ཚོགས་ཤིག་དཀྲི་ཡི་འདུག་ཅེས་བཤད། རྒྱ་གར་རང་གི་ས་ཐོག་ཏུ་བཟོ་སྐྲུན་བྱེད་མི་ཐུབ་པའི་ཉེར་མཁོའི་དངོས་ཟོག་རྣམས་སྔར་བཞིན་རྒྱ་ནག་ནས་ནང་འདྲེན་བྱེད་ན་འགོག་རྐྱེན་ཆེན་པོ་ཞིག་འཕྲད་མི་སྲིད་ཀྱང་ཉེར་མཁོ་མིན་པའི་དངོས་ཟོག་རྣམས་རྒྱ་ནག་ནས་ནང་འདྲེན་བྱེད་ན་དུས་ཐོག་ཏུ་ལེན་མི་ཐུབ་པའམ། ཡང་ན་འགག་སྒོ་ནས་ལེན་ཆོག་པའི་བཀའ་འཁྲོལ་འཐོབ་རྒྱུར་ཡུན་རིང་འགོག་སྲིད། དངོས་ཟོག་རྣམས་ཅི་ཙམ་གྲུ་ཁ་ནས་བཀག་ན་དེ་ཙམ་གྱིས་དངོས་ཟོག་བཞག་གླ་སྤྲོད་དགོས། དེ་ནས་དངོས་ཟོག་གི་རིན་པ་དང་སྐྱེལ་གླ། གྲུ་ཁ་ནས་བཞག་གླ་དང་འགག་སྒོའི་དཔྱ་ཁྲལ་རྣམས་བསྡོམས་ན་ཁྲོམ་རར་བཙོང་དུས་ཁེ་སང་ཆེན་པོ་ཞིག་མི་འདུག་ཅེས་རྒྱ་གར་གྱི་ཚོང་པ་ཚོས་གླེང་གི་ཡོད་པ་རེད།།

རྒྱ་གར་གྱི་ས་ཐོག་ཏུ་ཚུགས་པའི་རྒྱ་ནག་གི་ཞའོ་མཱི་ཁ་པར་བཟོ་ཚོང་ཁང་གི་འགན་འཛིན་ཀུ་མར་ཇེན་གྱིས་བཤད་པ་ལྟར་ན། རྒྱ་གར་གྱི་དྲྭ་དམངས་ཉུང་ཤས་ཤིག་གིས་རྒྱ་ནག་ལ་ཚོང་འབྲེལ་གཅོད་དགོས་ཞེས་ངར་སྐད་སྒྲོགས་ཀྱི་ཡོད་ཀྱང་རྒྱ་དཀར་ནག་གི་ཚོང་ལས་ལ་དོ་ཕོག་འགྲོ་མི་སྲིད། ཞའོ་མཱི་ཁ་པར་ནི་རྒྱ་གར་གྱི་ཁ་པར་ལས་རྟགས་ལྟ་བུ་ཞིག་ལ་གྱུར་ཟིན་ཡོད། འདས་པའི་ལོ་༦་གི་རིང་ལ་ཞའོ་མཱི་བཟོ་ཚོང་ཁང་གི་ཚོང་ལས་རྣམས་རྒྱ་གར་ལ་ཚུགས་ནས་ཐོན་སྐྱེད་བཟོ་སྐྲུན་བྱས་དང་རྒྱ་གར་བ་༥༠༠༠༠་ལྷག་ལ་ལས་ཀ་སྤྲོད་ཐུབ་ཀྱི་ཡོད། ཞའོ་མཱི་བཟོ་ཚོང་ཁང་གི་ལག་ཐོགས་ཁ་པར་མང་ཆེ་བ་རྒྱ་གར་ན་བཟོ་སྐྲུན་བྱེད་ཀྱི་ཡོད། ཁ་པར་དེའི་ལྷུ་ལག་གལ་ཆེན་བརྒྱ་ཆ་༦༥་ལྷག་རྒྱ་གར་གྱི་ས་ཐོག་ཏུ་བཟོ་སྐྲུན་བྱེད་ཀྱི་ཡོད། རྒྱ་གར་གྱི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་ལག་ཐོགས་ཁ་པར་རྣམས་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་ནག་ནས་བཟོ་སྐྲུན་བྱས་པ་རེད། ཁོ་ཚོས་ལས་རྟགས་བསྒྱུར་ནས་རྒྱ་གར་གྱི་ཁ་པར་ཡིན་ཞེས་ཚོང་འགྲེམ་བྱེད་ཀྱི་འདུག ཞའོ་མཱི་ཁ་པར་བཟོ་ཚོང་ཁང་གི་ཐོན་སྐྱེད་རྣམས་གཞན་དང་མ་འདྲ་བར་རྒྱ་གར་གྱི་ཐོན་སྐྱེད་ཅིག་ཏུ་གྱུར་ཡོད། སྲིད་བློན་མོ་དྷིས་རྒྱ་གར་གྱི་ཐོན་སྐྱེད་དང་ལག་རྩལ་ཡར་རྒྱས་གཏོང་དགོས་ཟེར་གྱི་ཡོད་པ་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མི་ཁག་ཅིག་གིས་ངར་སྐད་སྒྲོགས་ཀྱི་ཡོད་པར་ངས་རྒྱུས་ལོན་བྱེད་ཐུབ། དོན་དངོས་སུ་རྒྱ་གར་གྱི་དངོས་ཟོག་ཉེར་སྤྱོད་པ་རྣམས་ཀྱིས་དེ་ལ་བསམ་བློ་གཏོང་གི་མེད་རེད་ཅེས་བཤད་འདུག རྒྱ་གར་གྱི་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་ལ་ཚོང་ལས་བཀག་ན་དངོས་ཟོག་དེ་རྣམས་རང་ཡུལ་དུ་བཟོ་སྐྲུན་བྱེད་ཐུབ་མིན། རྒྱ་གར་རང་གི་དངོས་ཟོག་དང་ཐོན་སྐྱེད་རྣམས་རྒྱ་ནག་གི་དངོས་ཟོག་དང་ཐོན་སྐྱེད་ལྟར་རིན་གོང་ཁེ་པོ་དང་སྤུས་ཚད་ལོངས་མིན་བཤད་དཀའ་བ་ཞིག་ཏུ་གྱུར་འདུག

༢༠༠༦་ནས་༢༠༠༩་བར་དུ་ལོ་གསུམ་ལ་པེ་ཅིང་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ཎི་རུ་པ་མ་རའོ་ཡིས་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། བདུན་ཕྲག་སྔོན་མར་ཧི་མ་ལ་ཡའི་གངས་འདབས་སུ་ཆགས་པའི་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ལག་འཛིང་ཐུག་པ་གནས་ཚུལ་ཚབས་ཆེན་ཞིག་རེད། ངས་ཐེངས་འདིའི་དོན་རྐྱེན་དེ་རྒྱ་དཀར་ནག་གི་འབྲེལ་བ་རྩ་ཆད་དུ་འགྲོ་བའི་རྒྱུ་རྐྱེན་ཞིག་ལ་འགྱུར་རྒྱུ་རེད་ཟེར་གྱི་མེད། ཡིན་ནའང་རྒྱ་དཀར་ནག་གི་འབྲེལ་བར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་རྒྱུའི་རྒྱུ་རྐྱེན་ཞིག་ལ་འགྱུར་རྒྱུ་རེད་ཅེས་བཤད་ཐུབ། པེ་ཅིང་དང་ལྡི་ལི་གསར་པའི་ལས་སྣེ་ཚོས་དོན་ཕན་ལྡན་པའི་གྲོས་མོལ་བྱ་ཐབས་དང་རྩོད་གཞི་ཆེ་བའི་ས་གནས་ཁག་ནས་དམག་དཔུང་ཕྱིར་འཐེན་བྱ་ཐབས། ཕྱོགས་གཉིས་ཀྱི་འབྲེལ་བར་དོ་ཕོག་ཆེན་པོ་ཞིག་མི་ཐེབས་པའི་འབད་བརྩོན་བྱེད་ཀྱི་འདུག འོན་ཀྱང་ལོ་འདིར་རྒྱ་དཀར་ནག་གི་དམག་དཔུང་ལག་འཛིང་དང་ཁ་འཛིང་དྲག་པོ་ཐུག་པ་དེ་འདྲ་ཞིག་ལོ་མང་པོར་བྱུང་མྱོང་མེད་ཅེས་བཤད། རྒྱ་གར་གྱི་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་ལ་ཚོང་འབྲེལ་བཅད་ནས་རྒྱ་གར་གྱིས་རང་མགོ་ཐོན་ཐབས་བྱ་དགོས། རྒྱ་གར་གྱི་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་པ་ཞིག་བྱ་དགོས། རྒྱ་གར་གྱིས་རྒྱ་ནག་ལ་ཕོག་ཐུག་འགྲོ་སྲིད་པའི་འཛེམ་ཟོན་བྱེད་མི་དགོས་པར་ཨ་མི་རི་ཀ་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་བཅས་ལ་དམག་དོན་འབྲེལ་བ་ཡར་རྒྱས་བཏང་ནས་རྒྱ་ནག་གི་སྟོབས་ཤུགས་གཅོག་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG