ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

རྒྱ་གར་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་གདན་ས་ཁག་ཏུ་གཟིགས་ཞིབ།


༄༅།། རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་རིན་ཆེན་ལྷ་མོ་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པའི་གདན་ས་ཁག་ཏུ་ཉིན་ཤས་རིང་གཞུང་འབྲེལ་གཟིགས་ཞིབ་ཏུ་ཕེབས་ཤིང་། ཕྱི་ཟླ་༤་པའི་ཚེས་༦་ཉིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དུ་གཟིགས་ཞིབ་གནང་སྟེ་མཛད་རིམ་ཁག་མཇུག་སྒྲིལ་འདུག ཁོང་གིས་ཐེངས་འདིའི་གཟིགས་ཞིབ་སྐབས་སུ་བོད་པའི་གདན་ས་ཁག་ཏུ་ཧི་མ་ལ་ཡའི་ལྗོངས་ཀྱི་སློབ་གཉེར་པ་ཚོར་དབྱེ་འབྱེད་གང་ཡང་མེད་པར་བོད་པ་དང་གཅིག་མཚུངས་ལྟར་མཐུན་འགྱུར་གནང་གི་ཡོད་པ་དེས་སེམས་འགུལ་ཆེན་པོ་ཐེབས་སོང་། བོད་པ་བཙན་བྱོལ་བའི་གཞིས་སྒར་ཁག་དང་དགོན་སྡེ་ཁག མང་ཚོགས་བཅས་ལ་དཀའ་ངལ་ཅི་ཞིག་ཡོད་ཀྱང་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་གོ་སྐབས་ནི་སོ་སོ་རང་ལ་སྐལ་བ་བཟང་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད། ལྷག་དོན་དུ་མི་རབས་རྒན་པ་ཚོས་དེ་སྔོན་བོད་ལ་དུས་འགྱུར་མ་བྱུང་གོང་དུ་ལ་དྭགས་ཀྱི་ཡུལ་མི་ཚོ་བོད་དུ་བསྐྱོད་ནས་བསླབ་པ་སློབ་གཉེར་དང་༧གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་སོགས་ཀྱི་ལམ་སྲོལ་བཟང་པོ་ཞིག་དར་ཡོད་པ་གོ་ཐོས་བྱུང་། དེང་སང་བོད་པ་ཚོ་རྒྱ་གར་དུ་བཙན་བྱོལ་དུ་གནས་ཡོད་ཀྱང་མོན་དང་འབྲས་ལྗོངས། ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་ཚོར་གདན་ས་གྲྭ་ཚང་ཁག་ཏུ་དབྱེ་འབྱེད་གང་ཡང་མེད་པར་བོད་པ་དང་གཅིག་མཚུངས་ལྟར་བསླབ་པ་སློབ་གཉེར་གྱི་གོ་སྐབས་དང་མཐུན་འགྱུར་གནང་ཡོད་པར་མ་ཟད། གདན་ས་ཁག་ནས་ལ་དྭགས་དང་ཧི་མ་ལ་ཡའི་མི་རིགས་ཀྱི་དགེ་བཤེས་དང་མཁན་པོ་སོགས་མང་པོ་ཐོན་དང་འཐོན་བཞིན་ཡོད་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བཀའ་དྲིན་དེ་ཚིག་གི་ལམ་ནས་འགྲེལ་བརྗོད་བྱེད་ཐུབ་པ་ཞིག་མ་རེད་ཅེས་སྤྱན་ཆབ་བསིལ་བཞིན་གསུང་བཤད་གནང་འདུག

ལྷོ་ཕྱོགས་གདན་ས་ཁག་གི་མཁན་པོ་རྣམས་དང་ཧི་མ་ལ་ཡའི་སློབ་གཉེར་བའི་འཐུས་མི་ཚོས་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་ཐབས་ཡོང་བའི་རེ་སྐུལ་ཞུས། ཁོང་གིས་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་རྒྱུར་རྒྱབ་སྐྱོར་དང་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༣༡་ཉིན་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་སྙན་ཐོའི་ནང་དུའང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཚད་མཐོའི་གཟེངས་རྟགས་བྷ་རཏ་རཏྣ་འབུལ་དགོས་པའི་རྒྱབ་གཉེར་དང་དམིགས་སུ་བཀར་ནས་རྒྱ་གར་དབུས་གཞུང་ལ་འབོད་སྐུལ་ཞུས་ཡོད། ལ་དྭགས་ཁུལ་དུ་དེའི་ཐད་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད། དེ་བཞིན་བོད་པ་བཙན་བྱོལ་བའི་དགོན་སྡེ་ཁག་ཏུ་སློབ་གཉེར་གནང་མཁན་ཧི་མ་ལ་ཡའི་ས་ཁུལ་གྱི་སློབ་གཉེར་བ་ཚོར་རྒྱ་གར་གཞུང་གིས་མཐུན་འགྱུར་རོགས་རམ་ཡོང་ཐབས་དང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་དང་འབྲེལ་བའི་ཚད་མཐོའི་ཤེས་ཡོན་སློབ་སྦྱོང་གནང་སའི་བོད་ཀྱི་དགོན་སྡེ་ཁག་རྒྱ་གར་གྱི་མཐོ་སློབ་གཞན་དང་འདྲ་བའི་ངོས་འཛིན་གནང་རྒྱུ། དགོན་སྡེ་ཁག་ཏུ་མཚན་བཏགས་བཞེས་པའི་ལག་འཁྱེར་ཁག་ལ་ངོས་འཛིན་འཐོབ་རྒྱུ། ཧི་མ་ལ་ཡའི་ཁུལ་གྱི་མི་རིགས་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཀྱི་སྐད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་དུ་ཚུད་ཐབས་བཅས་དོན་ཚན་ཁག་ཅིག་བཀོད་ནས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུང་བཤད་གནང་འདུག

རྒྱ་གར་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་རིན་ཆེན་ལྷ་མོ་ཕྱི་ཟླ་བཞི་པའི་ཚེས་༤ ནས་༦་བར་དུ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་གྱི་རིས་མེད་དགོན་སྡེ་ཁག་ཏུ་གཟིགས་ཞིབ་ཏུ་ཕེབས་ཤིང་། དེའི་གོང་དུ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་གྱི་རིས་མེད་དགོན་སྡེ་ཁག་ཏུ་གཟིགས་ཞིབ་ཀྱི་མཛད་རིམ་རྣམས་རེ་ཞིག་ལེགས་གྲུབ་ཀྱིས་མེ་སོར་གྲོང་ཁྱེར་ཕྱོགས་སུ་ཕེབས་འདུག ཁོང་གིས་བྷེང་ལོར་གྲོང་ཁྱེར་དུ་ལྷོ་ཕྱོགས་བོད་མིའི་སྤྱི་ཁྱབ་འཇིགས་མེད་ཚུལ་ཁྲིམས་དང་ས་གནས་འགོ་འཛིན། ཕྱོགས་བཞུགས་སྤྱི་འཐུས་བཅས་ལ་ཐུག་འཕྲད་གནང་རྒྱུ། དེ་དང་ཕྱོགས་མཚུངས་རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཀ་ལི་ཀ་ཏའི་དཔལ་ལྡན་ཁྲིམས་དཔོན་ཆེན་མོ་སྐལ་བཟང་སྒྲོལ་མ་ཡང་ཕྱི་ཟླ་༤་པའི་ཚེས་༢་ནས་༤་བར་དུ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་གྱི་དགོན་སྡེ་ཁག་ལ་གནས་གཟིགས་སུ་ཕེབས་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG