ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་ལ་ནད་དུག་འགོས་པའི་ནད་པ་གསར་པ་༣༤༣༡༤༤་བྱུང་བ། 


༄༅།། ཕྱི་ཟླ་༥་པའི་ཚེས་༡༤་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་མི་༣༤༣༡༤༤་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པ་དང་ཉུང་མཐར་ཡང་མི་༤༠༠༠་ལ་འཆི་སྐྱོན་བྱུང་སོང་། འདི་ནི་ཉིན་ལྟར་ཏོག་དབྱིབས་ནད་དུག་གིས་མི་༤༠༠༠་ལྷག་བསྟུད་མར་འཆི་སྐྱོན་བྱུང་བའི་ཉིན་གསུམ་པ་དེ་ཡིན། ད་ལྟའི་བར་དུ་རྒྱ་གར་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༢༤་དང་མི་༢༦༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། རྒྱ་གར་གྱི་གསར་འགོད་པ་དང་སྤྱི་ཚོགས་ཞབས་ཞུ་བ་ཚོས་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་དོན་དངོས་སུ་མི་ལ་ནད་མནར་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་ལྡབ་འགའ་ཞིག་མང་བ་འདུག་ཅེས་གནས་ཚུལ་སྤེལ། ད་དུང་ཡང་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པའི་གྲངས་འབོར་འབུམ་༣་ལྷག་འཐོན་གྱི་ཡོད་པ་དང་སྨན་ཁང་ཁག་གིས་ནད་པར་བལྟ་མི་ཐུབ་པའི་དཀའ་ངལ་གཅིག་མཚུངས་སུ་གནས་པ། རྒྱ་གར་གྱི་ས་གནས་ཁག་ཅིག་གི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མ་ལག་སྦོ་ལུག་ཡོད་པ་སླར་གསོ་ཐུབ་ཀྱི་མེད་པ། རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཚོ་ནད་རླབས་གསུམ་པ་ཁྱབ་རྒྱུ་དེར་སྐྲག སློབ་དཔོན་མ་ནིན་དྷ་ར་ཨག་ར་ཝལ་གཙོས་རྒྱ་གར་གྱི་ནད་ཡམས་ཁྱབ་གདལ་སྔོན་དཔག་བ་ཚོས་རྒྱལ་ཡོངས་སུ་ཁྱབ་གདལ་འགྲོ་བཞིན་པའི་ནད་རླབས་གཉིས་པ་དེ་ངར་སྒང་གི་དུས་སུ་བསླེབས་འདུག ད་ནས་རྒྱ་གར་ལ་ནད་པའི་གྲངས་འབོར་ཇེ་མང་དུ་མི་འགྲོ་བར་རིམ་གྱིས་ནད་མནར་དང་དང་འཆི་སྐྱོན་གྱི་གྲངས་འབོར་ཉུང་དུ་འགྲོ་རྒྱུའི་རེ་བ་འཆང་། ད་སྔ་ཕྱི་ཟླ་༥་པའི་ཚེས་༧་ཉིན་རྒྱ་གར་རྒྱལ་ཡོངས་སུ་ནད་པ་གསར་པ་༤༡༤༡༨༨་བྱུང་བའི་ཟིན་ཐོ་དེ་བརྒལ་མེད་པ་རེད།།

རྒྱ་གར་གྱི་ཀན་པུར་འཕྲུལ་རིག་ཉམས་ཞིབ་ཁང་གི་སློབ་དཔོན་ཨག་ར་ཝལ་གྱིས་ང་ཚོས་སྔོན་དཔག་བྱས་པ་ལྟར་ན། ཉིན་ལྟར་ནད་པ་གསར་པ་འབྱུང་གི་ཡོད་པ་དང་འཆི་སྐྱོན་གྱི་གྲངས་འབོར་དེ་ངར་ཤུགས་ཆེ་སྒང་ལ་བསླེབས་ཟིན་འདུག ད་ནས་རྒྱ་གར་གྱི་ནད་ཡམས་ཁྱབ་གདལ་གྱི་ངར་ཤུགས་ཆག་དགོས་པའི་མཚམས་སུ་བསླེབ་རྒྱུའི་རྣམ་པ་ཞིག་མངོན། རྒྱ་གར་གྱི་སྤྱི་ཚོགས་སུ་ནད་རྟགས་ཡོད་པའི་གྲངས་འབོར་ཡང་ཚད་མཐོ་ཤོས་ཀྱི་མཚམས་དེར་བསླེབས་ཟིན་པ་འདྲ། ཉིན་ཤས་རྗེས་སུ་རྒྱ་གར་ལ་ནད་པ་དང་འཆི་སྐྱོན་གྱི་གྲངས་འབོར་ཉུང་དུ་འགྲོ་སྲིད་ཅེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་སློབ་དཔོན་ཨག་ར་ཝལ་སོགས་ཀྱི་སྔོན་དཔག་དེར་ཡིད་རྟོན་མི་རུང་། ཁོ་ཚོས་རྒྱ་གར་ལ་ནད་ཡམས་ཁྱབ་གདལ་གྱི་ངར་ཤུགས་ཆེ་སྒང་ནི་ཕྱི་ཟླ་༤་པའི་ཟླ་དཀྱིལ་དུ་བསླེབ་ཀྱི་རེད། ཉིན་རིའི་ནད་པ་གསར་པའི་གྲངས་འབོར་ཡང་༡༠༠༠༠༠་ཡས་མས་ལས་བརྒལ་མི་ཐུབ་ཅེས་སྔོན་དཔག་བྱས་པ་རེད། ཕྱི་ཟླ་༤་པ་གཅིག་པུར་རྒྱ་གར་ལ་ནད་པ་ས་ཡ་༧་ལྷག་ཐོན་པ་དང་མི་༤༨༠༠༠་ལྷག་ལ་འཆི་སྐྱོན་བྱུང་སོང་། ཕྱི་ཟླ་༤་པ་ནི་རྒྱ་གར་ལ་ནད་ཡམས་ཁྱབ་གདལ་གྱི་ཟླ་ནག་ཚབས་ཆེ་ཤོས་སུ་གྱུར་སོང་ཞེས་དགག་པ་བརྒྱབ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་རིགས་འགའ་ཞིག་ཁྱབ་ཀྱི་ཡོད་པས་ནད་པ་ཇེ་མང་དང་འཆི་སྐྱོན་གྱི་གྲངས་འབོར་ཇེ་མང་དུ་སོང་བ་ཡིན་སྲིད། འོན་ཀྱང་རྒྱ་གར་ལ་ནད་རླབས་གཉིས་པ་ཁྱབ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་དུས་ཡུན་ཟླ་བ་གཅིག་ལ་ཧིན་རྡུ་ཆོས་ལུགས་ཀྱི་ཀུམ་བྷུ་མེ་ལ་ཚུགས་ཏེ་མི་ས་ཡ་༡༢་ལྷག་གནས་གཅིག་དུ་འདུས་པ། རྒྱ་གར་གྱི་མངའ་སྡེ་ཁག་ལ་འོས་འདེམས་བྱས་ནས་མི་ཚོགས་བསྡུས་པ། རྒྱ་གར་བ་ཚོས་ཁ་རས་མ་གྱོན་པ་དང་སྤྱི་ཚོགས་རྒྱང་བཀྱེད་མ་བྱས་པར་ནད་ཡམས་ལ་སྣང་ཆུང་བྱས་ནས་བྱུང་བ་རེད་ཅེས་བསྟན།།

རྒྱ་གར་གྱི་ཊི་རི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ཉིན་༥༠་ལྷག་གི་རིང་དེར་ཨུ་ཏར་པུར་དྷེ་ཤི་མངའ་སྡེའི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཉིན་ལྟར་མི་༡༠༠༠་རེའི་ནང་དུ་མི་༡་དང་གྲངས་ཆུང་༥་ནས་མི་༣་དང་གྲངས་ཆུང་༠༠༥་ཡས་མས་རེ་གྲོངས་འདུག་ཅེས་བཀོད། རྒྱ་གར་གྱི་རྒྱལ་ཡོངས་རང་སྲིད་རང་སྐྱོང་ཚོགས་པའི་གཙོ་འཛིན་ཡོ་གྷིན་དྷ་ར་ཡ་དྷབ་ཀྱིས་ངས་ཨུ་ཏར་པུར་དྷེ་ཤི་མངའ་སྡེར་གནས་འཁོད་གྲོགས་པོ་ཁག་ཅིག་ལ་གྲོང་གསེབ་པ་ཚོར་འདས་པའི་ཉི་མ་༥༠་ཐམ་པའི་རིང་དེར་གྲོང་གསེབ་དེའི་མི་ཅི་ཙམ་གྲོངས་སོང་། གྲོང་གསེབ་དེར་མི་འབོར་ཅི་ཙམ་ཡོད་ཅེས་དྲི་བ་སྟབས་བདེ་རེ་འདྲི་རུ་བཅུག་པ་ཡིན། ང་ལ་ཝ་ར་ཎ་སི་མངའ་ཁུལ་གྱི་གྲོང་གསེབ་༡༤་ནས་གནས་ཚུལ་འབྱོར་སོང་། དབུལ་ཕོངས་གྲོང་གསེབ་ཁག་ཏུ་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་བ་ཡོད་པ་དང་གྲོང་གསེབ་རེའི་མི་༡༠༠༠་གི་ནང་དུ་མི་༣་དང་གྲངས་ཆུང་༠༠༥་རེ་གྲོངས་འདུག འདི་ནི་ཚན་རིག་དང་མཐུན་པའི་རྩིས་ཐབས་ཤིག་མིན་རུང་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་མི་ལ་ཏོག་དབྱིབས་ནད་དུག་ཕོག་ནས་འཆི་སྐྱོན་ཅི་ཙམ་འབྱུང་གི་ཡོད་མེད་རགས་རམ་ཙམ་ཚོད་དཔག་བྱེད་ཐུབ་ཅེས་བཤད། རྒྱ་གར་གྱི་ཨུ་ཏར་པུར་དྷེ་ཤི་མངའ་སྡེ་ནི་རྒྱལ་ཡོངས་ཀྱི་མི་འབོར་མང་ཤོས་ཀྱི་མངའ་སྡེ་དེ་ཡིན་ཞིང་། ཨ་རིའི་ཝ་ཤིང་ཊོན་སློབ་གྲྭ་ཆེན་མོའི་ནད་རིགས་སྔོན་འགོག་ཉམས་ཞིབ་ཁང་གིས་ལོ་འདིའི་ཕྱི་ཟླ་༨་པའི་མཚམས་སུ་རྒྱ་གར་གྱི་ཨུ་ཏར་པུར་དྷེ་ཤི་མངའ་སྡེ་གཅིག་པུར་མི་༡༧༠༠༠༠་ནས་མི་༢༡༠༠༠༠་ཡས་མས་ཤིག་ལ་འཆི་སྐྱོན་འབྱུང་སྲིད་པའི་རྩིས་རྒྱག་གི་ཡོད་འདུག ཨུ་ཏར་པུར་དྷེ་ཤི་མངའ་སྡེ་གཞུང་གིས་རང་གི་མངའ་ཁོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༠༠༠༠་ལྷག་འབྱུང་གི་ཡོད་ཅེས་གྲངས་ཐོ་ཞིག་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་ནི་དགོད་བྲོ་བའི་གཏམ་ཞིག་རེད་ཅེས་གླེང་།།

སྲིད་བློན་མོ་དྷི
སྲིད་བློན་མོ་དྷི

༢༠༡༩་ལོའི་སྤྱི་ཡོངས་འོས་འདེམས་དུས་སུ་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་བྷི་ཇེ་པི་གཞུང་འཛིན་ཚོགས་པར་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུའི་གཞུག་ཏུ་སྙན་གྲགས་རྒྱས་མྱོང་མེད་པ་ཞིག་ན་རེན་དྷ་ར་མོ་དྷིའི་སྙན་གྲགས་རྒྱས། འོན་ཀྱང་རྒྱ་གར་ལ་ནད་རླབས་གཉིས་འཕྱུར་བའི་དུས་དེར་སྲིད་བློན་མོ་དྷིའི་གཞུང་གིས་ནད་ཡམས་སྔོན་འགོག་བྱས་མ་ཐུབ་པར་བྷི་ཇེ་པི་གཞུང་འཛིན་ཚོགས་པར་མི་དམངས་རྣམས་ཡི་ཐང་ཆད། ཐོག་མར་སྲིད་བློན་མི་དྷིའི་རྒྱལ་ཁབ་འཛིན་སྐྱོང་ལ་འདོད་པ་ཚིམས་ཡོད་ཅེས་གླེང་སློང་བྱེད་མཁན་མི་མང་བརྒྱ་ཆ་༧༤་ཡོད་པ་༦༣་བར་དུ་མར་ཆག རྒྱ་གར་མི་དམངས་ཀྱི་གྲས་སུ་མ་འོངས་པར་སྲིད་བློན་མོ་དྷི་དང་བྷི་ཇེ་པི་སྲིད་དོན་ཚོགས་པར་ནམ་ཡང་འོས་ཤོག་འཕེན་རྒྱུ་མིན་ཞེས་ངོ་རྒོལ་བྱེད་མཁན་ཇེ་མང་དུ་སོང་། རྒྱལ་ཁབ་ལ་དམག་འཁྲུག་དང་ནད་ཡམས་སོགས་གོད་ཆག་བྱུང་བའི་དུས་སུ་འགོ་ཁྲིད་ཚོས་འཇོན་ཐང་སྟོན་པའི་དུས་སྐབས་ཡིན་རུང་སྲིད་བློན་མོ་དྷིས་ནད་རླབས་ཁྱབ་གདལ་གཉིས་པའི་སྐབས་སུ་རྒྱ་གར་མི་དམངས་ལ་གདོང་པ་སྟོན་མ་ཐུབ་པར་ལྐོག་ཏུ་འཛུལ་ཡོད་པའི་གནས་ཚུལ་ཐོན། བྷི་ཇེ་པི་གཞུང་འཛིན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོས་ནད་ཡམས་ཁྱབ་གདལ་གྱི་ལན་ཁག་རྣམས་མངའ་སྡེ་ཁག་གི་འགོ་ཁྲིད་ཚོའི་སྟེང་དུ་བཀལ་ཏེ་སྲིད་བློན་མོ་དྷི་སྐྱོབ་ཐབས་སུ་འབད། ཡིན་ནའང་སྲིད་བློན་མོ་དྷིས་འགོ་ཁྲིད་ནས་མངའ་སྡེ་ཁག་ཏུ་མི་ཚོགས་བསྡུས་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་བ། རྒྱ་གར་གྱི་ཧ་རི་དྷོ་ཝར་ས་གནས་སུ་མི་ས་ཡ་མང་པོ་འདུས་ཏེ་ཆུ་བོ་གངྒའི་ནང་དུ་ལུས་བཀྲུ་སྒྲིབ་སྦྱོང་གི་ཆོས་ལུགས་དུས་ཆེན་ཚོགས་པ་སྲིད་བློན་མོ་དྷིའི་གཞུང་གིས་བཀག་འགོག་མ་བྱས་པར་ནད་དུག་ཁྱབ་གདལ་བཏང་བ་སུས་ཀྱང་བསྙོན་མི་དཀའ། གལ་སྲིད་རྒྱ་གར་ལ་ཕྱོགས་འགལ་ཚོགས་པ་སྟོབས་ཤུགས་ཅན་ཞིག་ཡོད་ན་སྲིད་བློན་མོ་དྷི་གནས་དབྱུང་གཏོང་ཐུབ་པའི་ཚད་དེར་སླེབས་འདུག་ཅེས་རྒྱ་གར་གྱི་གསར་འགྱུར་ཁག་ཏུ་རྩོམ་ཡིག་ཇི་སྙེད་ཅིག་ཐོན།།

རྒྱ་གར་དབུས་གཞུང་དང་མངའ་སྡེ་ཁག་གིས་རོགས་སྐྱོབ་བྱེད་ཐུབ་ཀྱི་མེད་པས་རྒྱ་གར་མི་དམངས་ཀྱིས་རང་མགོ་རང་ཐོན་དང་རང་སྲོག་སྐྱོབ་ཐབས་བྱ་དགོས་པའི་དཀའ་ངལ་ཡང་སེལ་ཐུབ་མེད་ཅིང་། དཔེར་ན་ཨ་རིའི་གསར་འགོད་པ་ཚོས་ཀོལ་ཧ་པུར་ཞེས་པའི་ས་གནས་ཤིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཤི་ཝ་རི་ཡ་ཏན་ཏོན་ཞེས་པའི་ན་གཞོན་མ་ཞིག་གི་ཨ་མར་ཚ་བ་འཕར་ཏེ་དབུགས་གཏོང་མི་ཐུབ་པར་གྱུར། ལོ་ན་༢༨་ལ་སོན་པའི་ན་གཞོན་མ་དེས་ཨ་མ་སྨན་ཁང་གཅིག་ནས་གཅིག་ལ་ཁྱེར་ཏེ་སྨན་བཅོས་བྱ་ཐབས་བྱས་ཀྱང་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་མ་ཐོན་བར་དུ་སྨན་ཁང་དུ་ལེན་གྱི་མེད་པ། ན་གཞོན་མ་ཏན་ཏོན་གྱིས་ང་ཚོ་སྨན་ཁང་གཅིག་ནས་སྨན་ཁང་གཅིག་ལ་ནད་པ་སྐྱོབ་རོགས་ཞེས་ཞུ་བ་འཐེན་ནས་ཕྱིན་པ་ཡིན། དེ་ལ་གྲུབ་འབྲས་གང་ཡང་ཐོན་མ་སོང་། ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་གྲུབ་འབྲས་དེར་ཉིན་འགའ་ཞིག་སྒུག་དགོས་ཀྱི་འདུག དེའི་བར་དུ་ནད་པ་འཆི་སྲིད་པ་རེད་ཅེས་སྡུག་སྐད་བརྒྱབ། མཐར་ན་གཞོན་མ་ཏན་ཏོན་གྱིས་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་མཁན་ཞིག་ལ་དངུལ་སྒོར་ལྐོག་མ་བརྫངས་ནས་ཨ་མ་སྐྱོབ་ཐབས་བྱ་དགོས་བྱུང་འདུག ཉི་མ་གཉིས་ཀྱི་རྗེས་སུ་ཨ་མ་དེར་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་བརྟག་དཔྱད་ཀྱི་གྲུབ་འབྲས་ཐོན། ན་གཞོན་མ་ཏན་ཏོན་གྱིས་སྨན་ཁང་༢༠་ལྷག་ལ་ཁ་པར་བཏང་ནས་ཉལ་ས་ཞིག་བཙལ་ཡང་མ་ཐོབ། མཐར་སྨན་ཁང་ཞིག་ཏུ་ཉལ་ས་ཞིག་རག་ཀྱང་ཉལ་ཁྲི་གཅིག་པུ་དེར་ནད་པ་༢༥་ཡིས་འཕྲོག་རྩོད་བྱུང་། དེང་སྐབས་སྨན་ཁང་གི་ཉལ་ས་དང་འཚོ་རླུང་ནི་རྒྱ་གར་གྱི་ནག་ཚོང་ཁྲོམ་རར་ཤོར་ཏེ་མི་མང་དཀྱུས་མའི་ལག་ཏུ་འཚོ་རླུང་དང་སྨན་ཁང་གི་ཉལ་ཁྲི་རྣམས་རག་གི་མེད་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG