ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༠༨

རྒྱ་གར་གྱི་མང་ཚོགས་ལ་ཧིན་བོད་གཉིས་ཀྱི་འབྲེལ་བ་གོ་རྟོགས་སྤེལ་འཆར།


༄༅།། ༢༠༡༥་ལོར་བོད་ལ་ལྟ་སྐོར་དུ་ཕེབས་པའི་རྒྱ་གར་གྱི་ནབ་བྷ་ར་ཏ་དུས་བབ་ཀྱི་གསར་འགོད་པ་རྒན་པ་ཅནྡྲ་བྷུ་ཤན་གྱིས་ཧིན་བོད་གཉིས་ལ་ལོ་བརྒྱ་ཕྲག་གི་གོང་ནས་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཚུགས་ཡོད་པའི་བྱུང་རབས་རྣམས་རྒྱ་གར་མི་དམངས་ལ་གོ་རྟོགས་སྤེལ་དགོས་འདུག་ཅེས་གསུང་གི་ཡོད་ཅིང་། ཕྱི་ཟླ་༦་པའི་ཚེས་༡་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྷན་རྡིའི་ཞི་བའི་ལྟེ་གནས་ཁང་དུ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་ཏེ་རྒྱ་གར་གྱི་གསར་འགོད་པ་ཅནྡྲ་བྷུ་ཤན་གྱིས་བརྩམས་པའི་དཔེ་དེབ་སྟེ། བོད། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་པའི་བོད་ཀྱི་དངོས་ཡོད་གནས་ཚུལ་འཁོད་པའི་བརྩམས་ཆོས་དབུ་འབྱེད་གནང་འདུག དཔེ་དེབ་དེའི་བརྗོད་བྱ་གཙོ་བོ་ནི་དེ་སྔ་རྩོམ་པ་པོ་རྒྱ་ནག་གཞུང་གིས་མགྲོན་འབོད་བྱས་ནས་བོད་ལ་བདུན་ཕྲག་གཅིག་རིང་ལྟ་སྐོར་དུ་བསྐྱོད་རྗེས་རང་གིས་མཐོང་ཐོས་མྱོང་གསུམ་གྱི་གནས་ཚུལ་སྤྱི་དང་། དེ་བཞིན་རྒྱ་གར་ལ་བཙན་བྱོལ་དུ་བཞུགས་ཡོད་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མང་ཚོགས་སོགས་མཇལ་མོལ་གྱིས་བོད་ཀྱི་དངོས་ཡོད་བདེན་དོན་ཁག་རྒྱ་གར་གྱི་ཧིན་རྡིའི་སྐད་དུ་བྲིས་པ་ཞིག་ཡིན་འདུག

དཔེ་དེབ་དབུ་འབྱེད་མཛད་སྒའི་སྟེང་རྩོམ་པ་པོ་ཅནྡྲ་བྷུ་ཤན་གྱིས་རང་གི་བརྩམས་ཆོས་ངོ་སྤྲོད་གནང་སྟེ་རྒྱ་ནག་གཞུང་གིས་བོད་ས་ཁག་ཏུ་གནམ་ཐང་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་གཉེར་གྱི་འདུག ཡིན་ནའང་གཞི་རིམ་མང་ཚོགས་ལ་ཆབ་སྲིད་ཀྱི་དམ་དྲག་ཧ་ཅང་ཆེན་པོ་བྱས་ཏེ་བོད་ཀྱི་ཐུང་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་པའི་གནས་ཚུལ་ཇི་སྙེད་ཅིག་མཐོང་ཐོས་བྱུང་བ་རྣམས་གླེང་། ཁོང་གིས་རྒྱ་གར་གྱི་གཞི་རིམ་མང་ཚོགས་རྣམས་བོད་དོན་ལ་དོ་སྣང་གསར་པ་ཞིག་སླེབས་ཐབས་དང་དུས་རབས་༦་པ་དང་༧་པའི་སྐབས་སུ་ཧིན་བོད་གཉིས་ལ་བླ་སློབ་ཀྱི་འབྲེལ་བ་ཚུགས་པ་རྣམས་གོ་རྟོགས་སྤེལ་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་བཀྲལ།།

བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དཔེ་དེབ་དབུ་འབྱེད་གནང་ནས་རྩོམ་པ་པོར་མངགས་བརྗོད་གནང་བར་མ་ཟད། དཔེ་དེབ་དེ་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གི་ཟིན་ཐོ་ཙམ་མ་ཡིན་པར་དཀའ་སྡུག་འོག་ཏུ་ཚུད་ཡོད་པའི་མི་རིགས་ཤིག་གི་བདེན་དོན་ཡིན་ཞིང་། བོད་དོན་ཐག་གཅོད་བྱ་རྒྱུ་ནི་ཀུན་ལ་འགན་ཁུར་ཡོད་པ་ཞིག་ཡིན་པ་དང་རྒྱལ་ཁབ་བྱེ་བྲག་པ་རེ་ཟུང་ལ་འབྲེལ་བ་ཆགས་ཡོད་པ་ཞིག་གཏན་ནས་མ་རེད། བོད་རྒྱའི་དཀའ་རྙོག་སེལ་བར་བོད་པའི་ཕྱོགས་ནས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ཏུ་གྲོས་མོལ་བྱས་ཏེ་བོད་པ་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་རྩོད་མུས་ཡིན་ཞེས་གསུངས་ཤིང་། བོད། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་པའི་དཔེ་དེབ་འདིར་ཤོག་གྲངས་༡༦༨་ཡོད་པ་དང་རྩོམ་པ་པོ་ཅནྡྲ་བྷུ་ཤན་གྱིས་བོད་དོན་སྐོར་བྲིས་པའི་བརྩམས་ཆོས་དང་པོ་ཡིན་མོད། འོན་ཀྱང་རིམ་བཞིན་བོད་དོན་གྱི་དཔེ་དེབ་མང་ཙམ་འབྲི་འཆར་ཡོད་པ་བཅས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG