ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

རྒྱ་གར་གྱིས་ལ་དྭགས་སུ་གནམ་ཐང་དང་ཟམ་པ་སོགས་འཛུགས་སྐྲུན། 


༄༅།། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ཆགས་ཡུལ་དེ་ཉིད་དམག་དོན་ལ་གནད་འགག་ཆེན་པོར་བརྩིས་ཏེ་དམག་དོན་ལ་མཁོ་བའི་གནམ་ཐང་དང་ཟམ་པ། ཕུག་ལམ་དང་རྒྱ་ལམ་སོགས་འཛུགས་སྐྲུན་བྱས་ནས་རྒྱ་ནག་གི་སྟོབས་ཤུགས་ལ་དོ་མཉམ་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༡་ཉིན་ཡུ་རེ་ཤི་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་གིས་ལ་དྭགས་ཀྱི་ས་མཐོའི་དམག་ས་ཁག་ཏུ་སྐྱེལ་འདྲེན་གྱི་ནུས་པ་དང་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས་སུ་དགོས་ངེས་ཀྱི་གོམ་སྟབས་ཁག་ཅིག་མདུན་སྤོ་བྱེད་འགོ་ཚུགས། རྒྱ་ནག་ལ་ཧི་མ་ལ་ཡའི་གངས་རིའི་ཁྲོད་དུ་མཚོན་ཆ་ཡག་པོ་ཡོད་ཀྱང་རྒྱ་གར་ལ་གངས་རིའི་ཁྲོད་དུ་དམག་འཐབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཐོབ་ཡོད་ཅིང་། རྒྱ་གར་གྱི་རྒྱ་ལམ་སྐྱེལ་འདྲེན་ལྷན་ཁང་གི་བློན་ཆེན་ཎི་ཏིན་ཇཱ་ཡེ་རམ་གྷ་ད་ཀ་རིས་ལ་དྭགས་ཀྱི་ས་མཐོའི་ཀ་ར་ཀོ་རམ་བར་དུ་ཐར་གྱི་མ་རེད་ཟེར་བ་ནི་གཏམ་སྣ་བར་མི་འགྲོ་བ་ཞིག་རེད་ཅེས་སེམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གཞུང་གིས་རོ་བྲང་ལའི་ཕུག་ལམ་འཛུགས་སྐྲུན་བྱས་ཏེ་ཧི་མ་ཅལ་མངའ་སྡེའི་མ་ན་ལི་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་དུ་རྒྱ་ལམ་མཐུད། ད་ལྟ་རྒྱ་གར་གཞུང་གིས་ཇམ་མུ་དང་སི་རི་ན་གྷར་ནས་ལ་དྭགས་ཀྱི་མཛོ་བཟི་ལར་ཕུག་ལམ་བྲུས། མཁར་དཀྱིལ་ནས་གླེ་བར་དུ་རྒྱ་ལམ་ཐིག་ཤུར་༤་ཅན་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་འགྲུབ་ལ་ཉེ། རྒྱ་ལམ་དེའི་གྲུབ་འབྲས་ཆེ་ཤོས་ནི་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཊི་༡༡༥༠༠་ཐམ་པའི་ཡན་ཆད་དུ་ཆགས་པའི་མཛོ་བཟི་ལའི་ཕུག་ལམ་ཡིན་འདུག ༢༠༡༨་ལོའི་ཕྱི་ཟླ་༥་པའི་ནང་མཛོ་བཟི་ལའི་ཕུག་ལམ་བརྡོལ་ཏེ་སི་རི་ན་གྷར་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་དུ་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་མགོ་བརྩམས། མཛོ་བཟི་ལའི་ཕུག་ལམ་དེའི་ཞེང་ལ་མཱི་ཊར་༩.༥་དང་མཐོ་ཚད་མཱི་ཊར་༧.༧༥་ཡོད་པར་མ་ཟད། ཕུག་ལམ་དེའི་རིང་ཚད་སྤྱི་ལེ་༡༤.༡༥་ཡོད་པ་དང་༢༠༢༦་ལོར་མཛོ་བཟི་ལའི་ཕུག་ལམ་ལེགས་འགྲུབ་ཐུབ་རྒྱུའི་དུས་བཀག་བྱས་འདུག མཛོ་བཟི་ལའི་ཕུག་ལམ་གྲུབ་པའི་རྗེས་སུ་ལ་དྭགས་སུ་དབྱར་དགུན་སྟོན་དཔྱིད་མེད་པར་འགྲིམ་འགྲུལ་དང་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གཞུང་གིས་མཛོ་བཟི་ལའི་ཕུག་ལམ་འཛུགས་སྐྲུན་གྱི་དགོས་པ་གཞན་ཞིག་ནི་མ་འོངས་པར་སི་རི་ན་གྷར་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་དུ་མེ་འཁོར་ལྕགས་ལམ་མཐུད་རྒྱུའི་དམིགས་ཡུལ་ཡིན་ཞིང་། ཉམས་ཞིབ་པ་ཚོས་རྒྱ་གར་གཞུང་གིས་ལ་དྭགས་ལ་རྒྱ་ལམ་དང་ཟམ་པ། ཕུག་ལམ་དང་གནམ་ཐང་སོགས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དེ་དམག་དོན་འབའ་ཞིག་གི་ཆེད་དུ་མིན་པར་ཧི་མ་ལ་ཡའི་ལྗོངས་ཀྱི་མཐོ་སྒང་གི་ས་གནས་དེ་རྒྱ་གར་གྱི་ས་གནས་གཞན་ལ་མཐུད། ལ་དྭགས་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་རྣམས་ཡར་རྒྱས་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས། ལ་དྭགས་ཀྱི་སྲིད་འབྱོར་རིག་གསུམ་རྒྱ་གར་གྱི་སྲིད་འབྱོར་རིག་གསུམ་ལ་ཐད་ཀར་སྦྲེལ་ཐབས་ཤིག་རེད། སྐྱེལ་འདྲེན་དང་འགྲིམ་འགྲུལ་ཅི་ཙམ་སྟབས་བདེ་བྱུང་ན་ཡུལ་སྐོར་སྤྲོ་འཆམ་དང་ཚོང་ལས། གནས་སྐོར་དང་ཆུའི་ཐོན་སྐྱེད་འདྲེན་གཏོང་རྣམས་སྟབས་བདེ་རུ་འགྲོ་རྒྱུའི་ཆེད་དུ་རེད་ཅེས་བསྟན།།

ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༢་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་ནས་བཟུང་། རྒྱ་དཀར་ནག་གཉིས་ཀས་བོད་དང་ལ་དྭགས་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཁག་ཏུ་དམག་དཔུང་འགྲེམ་འཇོག་དང་མཚོན་ཆ་བཀོད་སྒྲིག ལྷག་པར་དུ་དཀར་ནག་གཉིས་ཀས་མཐོ་སྒང་དུ་བཀོལ་སྤྱོད་བྱེད་ཐུབ་པའི་ལྕགས་ཁྲབ་འཁོར་ལོ་དང་མེ་སྒྱོགས། འཕུར་མདེལ་རྣམས་གྲ་སྒྲིག་བྱེད་པར་བྲེལ། རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཁག་ཏུ་ལྕགས་ཁྲབ་འཁོར་ལོ་ཡང་མོ་འགྲེམ་འཇོག་བྱས་པའི་རྗེས་སུ་རྒྱ་གར་གྱིས་ཀྱང་ལྕགས་ཁྲབ་འཁོར་ལོ་ལྕི་མོ་དེ་ཚོར་འགྱུར་བ་བཏང་ནས་རྒྱ་དམག་ལ་ཁ་གཏད་གཅོག་ཐུབ་པའི་ལྕགས་ཁྲབ་འཁོར་ལོ་ཡང་མོ་མངགས་ཉོ་བྱས་ཤིང་། རྒྱ་གར་གྱི་ལྕགས་ཁྲབ་འཁོར་ལོ་ལྕི་མོ་དེ་རྣམས་མཐོ་སྒང་དུ་བཀོལ་སྤྱོད་བྱེད་བདེ་པོ་མེད་པའི་གནས་ཚུལ་ཐོན་འདུག

ལྕགས་ཁྲབ་འཁོར་ཡང་མོ་རྣམས་ནི་དགྲ་དམག་གི་ཁ་གཏད་དུ་ལངས་ནས་འཐབ་རྒོལ་བྱེད་པའི་མཚོན་ཆ་ཞིག་མིན་པ་དང་སྐམ་དམག་ལ་རྒྱབ་སྐྱོར་བྱས་ནས་དགྲ་དམག་གི་ས་བཙན་ཁག་ལ་ཐད་ཀར་གཏོར་རྒོལ་བྱེད་པར་ཕན་ཐོགས་ཆེ། ལྕགས་ཁྲབ་འཁོར་ལོ་ཡང་མོ་དེ་རྣམས་མགྱོགས་ཚད་མྱུར་པོ་དང་ཁ་ཁུག་ཚང་མར་བསྐྱོད་ཐུབ་ཀྱང་མེ་འཕེན་གྱི་སྟོབས་ཤུགས་ཆུང་། ཨ་རི་དང་ཉི་ཧོང་གི་དམག་ལ་ལྕགས་ཁྲབ་འཁོར་ལོ་ཡང་མོ་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་ཀྱང་རྒྱ་དཀར་ནག་གི་དམག་དཔུང་ལ་ཧི་མ་ལ་ཡའི་མཐོ་སྒང་དུ་ལྕགས་ཁྲབ་འཁོར་ལོ་ཡང་མོ་རྣམས་མེད་ཐབས་མེད་པར་གྱུར། ༢༠༢༠་དང་༢༠༢༡་སོ་སོར་རྒྱ་དཀར་ནག་གཉིས་ཀས་ཧིན་བོད་ས་མཚམས་ཁག་ཏུ་འཐབ་འཁོར་བཏང་རུང་ལྕགས་ཁྲབ་འཁོར་ལོ་ཡང་མོ་གཏོང་རྒྱུ་མ་རྙེད། དེར་བརྟེན་རྒྱ་གར་བའི་དམག་མི་༢༠་དང་རྒྱ་དམག་༤་ལ་སྲོག་སྐྱོན་ཕོག གལ་སྲིད་སྐབས་དེར་རྒྱ་དཀར་ནག་གཉིས་ཀར་མཐོ་སྒང་དུ་བཀོལ་སྤྱོད་བྱེད་ཆོག་པའི་ལྕགས་ཁྲབ་འཁོར་ལོ་ཡང་མོ་ཡོད་ཚེ། ཕྱོགས་གཉིས་ཀྱི་དམག་མིར་སྲོག་སྐྱོན་དང་རྨས་སྐྱོན་དེ་འདྲ་ཞིག་ཕོག་མི་སྲིད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གིས་ཧིན་བོད་ས་མཚམས་སུ་Type 15་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ཡང་མོ་རྣམས་བཀྲམ། རྒྱ་ནག་གི་Type 15་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ནི་དུས་རབས་༢༡་པའི་ནང་དུ་བཟོ་སྐྲུན་བྱས་ཏེ་༢༠༡༦་ལོར་ཕྱི་རུ་བཏོན། དེ་ནི་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཟོས་པའི་ལྕགས་ཁྲབ་འཁོར་ལོ་ལྕི་མོ་དང་མེ་སྒྱོགས་སྟོབས་ཤུགས་ཆེ་བ་དེ་འདྲ་མིན་པར་ཡང་མོ་དང་རིན་གོང་ཁེ་པོ། ༢༠༡༨་ལོར་རྒྱ་ནག་གི་དམག་ལ་བཀྲམ་པ་དང་༢༠༢༠་ལོར་རྒྱ་ནག་དམར་ཤོག་རྒྱལ་ཁབ་བཙུགས་ནས་ལོ་༧༠་འཁོར་བའི་དུས་ཆེན་སྐབས་སུ་རུ་སྒྲིག་ཁོངས་སུ་བཤམས། ༢༠༢༠་ལོར་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་ལག་འཛིན་ཐུག་པའི་རྗེས་སུ་རྒྱ་གར་ལའང་ལྕགས་ཁྲབ་འཁོར་ལོ་ཡང་མོ་རྣམས་དགོས་ངེས་སུ་གྱུར། དེས་ན་རྒྱ་གར་གྱིས་ལ་དྭགས་སོགས་ས་མཐོ་དང་གྲང་ངར་ཆེ་སར་མཁོ་བའི་ལྕགས་ཁྲབ་འཁོར་ལོ་ཡང་མོ་Zorawar་ཞེས་པ་ཞིག་བཟོ་སྐྲུན་བྱེད་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG