ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱིས་འགོག་ཁབ་གཉིས་ལ་ཆོག་མཆན་བཀོད་པ།


༄༅།། རྒྱ་གར་གཞུང་གིས་དབྱིན་ཇིས་བཟོས་པའི་འགོག་ཁབ་དང་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་གཉིས་ཛ་དྲག་གི་ཆེད་དུ་མི་དམངས་ལ་རྒྱག་ཆོག་ཅེས་ཆོག་མཆན་བཀོད། དབྱིན་ཇི་དང་རྒྱ་གར་གྱི་འགོག་ཁབ་གཉིས་ཀ་ནད་པ་རེར་ཐེངས་གཉིས་རེ་རྒྱག་དགོས་པ་དང་གྲང་ཚད་སེལ་སེ་སི་༢་ནས་༨་བར་དུ་སྤྱིར་བཏང་གི་འཁྱག་སྒམ་ནང་དུ་ཉར་འཇོག་བྱེད་ཆོག་ཅིང་། བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེ་ཚོད་ལྟ་རིམ་པ་གསུམ་བརྒྱུད་ཡོད་མེད་དང་ཕན་ནུས་ཆེ་ཆུང་། འགོག་ཁབ་དེར་ཞོར་གནོད་ཅི་ཞིག་ཡོད་མེད་བཅས་ཀྱི་གཞི་གྲངས་གསལ་པོ་ཞིག་རྒྱ་གར་གཞུང་གིས་ཁྱབ་བསྒྲགས་བྱས་མེད་པར་སྐྱོན་བརྗོད་དྲག་པོ་ཕོག ད་ལྟའི་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༠༠༠༠༠༠་ལྷག་བྱུང་བ་དང་༡༥༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་འདུག རྒྱ་གར་གཞུང་གིས་མི་འབོར་དུང་ཕྱུར་༡༣་དང་ཕྱེད་ཀ་ལྷག་ཡོད་པ་དེ་དག་གི་གྲས་ཀྱི་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་སྣེ་ཚོ་དང་རྒན་རྒོན། ནད་པ་ཛ་དྲག་ཅན་བཅས་མི་གྲངས་དུང་ཕྱུར་༣་ལ་ཕྱི་ཟླ་༨་པའི་སྔོན་དུ་འགོག་ཁབ་བརྒྱབ་ཚར་རྒྱུའི་གྲ་སྒྲིག་དང་འཆར་འགོད་བྱས་ཡོད་པ་སྟེ། འདས་པའི་ཟླ་བ་མང་པོར་རྒྱ་གར་གཞུང་གིས་འགོག་ཁབ་རྒྱག་སྟངས་དང་འགྲེམ་སྤེལ་བྱེད་ཕྱོགས། ཚད་པ་ཆེ་བའི་རྒྱ་གར་གྱི་ས་གནས་ཁག་ཏུ་འགོག་ཁབ་རྣམས་གྲང་མོ་བྱས་ནས་ཉར་འཇོག་བྱེད་སྟངས་བཅས་ལ་སྦྱོར་བརྡར་གང་ལེགས་སྤྲད།།

རྒྱ་གར་གྱི་སེ་རམ་ཉམས་ཞིབ་ཁང་ནི་འཛམ་གླིང་གི་འགོག་ཁབ་བཟོ་སྦྱོར་ཁང་ཆེ་ཤོས་ཡིན་ཞིང་། ཁོ་ཚོས་དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་དང་ཨོཀ་སི་ཧྥོར་ཌི་སློབ་ཆེན་གཉིས་ཀྱིས་མཉམ་དུ་བཟོས་པའི་འགོག་ཁབ་དེ་རྒྱ་གར་གྱི་ས་ཐོག་ཏུ་བཟོ་སྦྱོར་བྱེད་ཀྱི་ཡོད་པས་རྒྱ་གར་གཞུང་གིས་འགོག་ཁབ་དེ་རིན་གོང་དམའ་མོ་བྱས་ནས་མང་ཚོགས་ལ་རྒྱག་ཐུབ་པའི་དགེ་མཚན་ཆེ། སེ་རམ་ཉམས་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་ཕུ་ན་ཝ་ལས་ང་ཚོའི་འགོག་ཁབ་དེ་རྒྱ་གར་མི་དམངས་དང་འཛམ་གླིང་མི་དམངས་ལ་རིན་གོང་དམའ་མོ་བྱས་ནས་འགྲེམ་སྤེལ་བྱེད་ཐུབ། འདི་ནི་ཧ་ཅང་གི་གཏམ་བཟང་ཞིག་ཡིན། འགོག་ཁབ་འདི་སྔོན་ལ་སྒེར་གྱི་སྨན་ཚོང་ཁང་ཁག་དང་སྒེར་གྱི་སྨན་ཁང་ཁག་ལ་བགྲོ་འགྲེམ་བྱེད་མི་ཆོག་པའི་བཀག་སྡོམ་བྱས་སོང་། འགོག་ཁབ་རྣམས་འཕྲལ་དུ་གཞུང་གི་སྨན་ཁང་འབའ་ཞིག་ལ་བཀྲམ་ནས་དགོས་ངེས་ཅན་དང་ཛ་དྲག་ཅན་ཚོར་རྒྱག་དགོས་པའི་ཐག་གཅོད་བྱུང་ཡོད། ལོ་འདིའི་ཕྱི་ཟླ་༣་དང་༤་པའི་མཚམས་སུ་མ་གཏོགས་རྒྱ་གར་གྱིས་བཟོས་པའི་འགོག་ཁབ་འདི་ཕྱིའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱ་འཆར་མེད། ཐོག་མར་རྒྱ་གར་མི་དམངས་ལ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཆེན་པོ་ཡོད་པ་སེལ་ཐབས་བྱ་དགོས་ཞེས་བཤད། ཨ་རིའི་ཧྥེ་ཛར་དང་མོ་ཌེར་ན། དབྱིན་ཇིའི་ཨེ་སི་ར་ཊ་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གསུམ་གྱིས་བཟོས་པའི་འགོག་ཁབ་རྣམས་འབྱོར་ལྡན་རྒྱལ་ཁབ་ཁག་གིས་མངགས་ཉོ་བྱས་ཚར་ཡོད་པས་འཛམ་གླིང་ཡོངས་ལ་འཕྲལ་དུ་འགྲེམ་སྤེལ་བྱ་རྒྱུ་འདང་ངེས་ཤིག་མེད། དེར་བརྟེན་རྒྱ་གར་གྱིས་བཟོས་པའི་འགོག་ཁབ་དེས་འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཁག་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་བརྗོད་མི་དགོས། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཀྱང་འགོག་ཁབ་བཟོས་ནས་འགྲེམ་སྤེལ་བྱེད་ཀྱི་ཡོད་མོད། འོན་ཀྱང་འགོག་ཁབ་དེ་དག་ཚད་ལྡན་ཡིན་མིན་དང་ཕན་ནུས་ཆེ་ཆུང་། ཞོར་གནོད་ཅི་ཞིག་འབྱུང་གི་ཡོད་མེད་ཀྱི་གཞི་གྲངས་གསལ་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་པས་འགོག་ཁབ་དེ་ཚོར་དོགས་པ་བྱ་དགོས་པ་ཞིག་ཏུ་གྱུར་འདུག

ན་ནིང་ཕྱི་ཟླ་༩་པར་རྒྱ་གར་གྱི་སེ་རམ་ཉམས་ཞིབ་ཁང་གིས་འཛམ་གླིང་མི་དམངས་ལ་འགོག་ཁབ་བགོ་འགྲེམ་འདྲ་མཉམ་ཞིག་འཐོབ་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་ནད་དུག་གི་འགོག་ཁབ་དུང་ཕྱུར་༢་མཁོ་འགྲེམ་བྱེད་ཆོག་ཅེས་ཁས་བླངས། འོན་ཀྱང་རྒྱ་གར་གཞུང་གིས་མགྱོགས་མྱུར་ངང་དུ་འགོག་ཁབ་དེ་དག་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱེད་ཆོག་པའི་ཆོག་མཆན་འགོད་རྒྱུའི་རྟགས་མཚན་བྲལ། སེ་རམ་ཉམས་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་ཕུ་ན་ཝ་ལས་རྒྱ་གར་གྱི་འགོག་ཁབ་དེ་དག་གི་སྨན་ཐུན་གཅིག་ལ་ཨ་སྒོར་༢.༧༤་བྱས་ནས་བཟོ་སྦྱོར་བྱས་ཡོད། ང་ཚོས་འགོག་ཁབ་དེ་མ་རྩའི་ཐོག་ཏུ་རྒྱ་གར་གཞུང་ལ་བཙོང་རྒྱུ་ཡིན། ཕྱི་རྒྱལ་གྱི་སྲིད་གཞུང་ལ་འགོག་ཁབ་རེར་ཨ་སྒོར་༣་ནས་༥་ཡས་མས་རེ་བྱས་ནས་ཕྱིར་ཚོང་བྱ་འཆར་ཡོད། སྒེར་གྱི་སྨན་ཁང་ཁག་ལ་འགོག་ཁབ་རྒྱག་ཐེངས་རེར་ཨ་སྒོར་༡༣.༧༠་བྱས་ནས་བཙོང་འཆར་ཡོད་ཅེས་བཤད། ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྒྱག་ཐེངས་རེར་ཨ་སྒོར་༣༢་ནས་༣༧་ཡས་མས་རེ་འབབ། དེ་བཞིན་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྒྱག་ཐེངས་རེར་ཨ་སྒོར་༡༩.༥༠་ཐམ་པ། ད་ལྟ་འཐོན་ལ་ཉེ་བའི་ཨ་རིའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྒྱག་ཐེངས་རེར་ཨ་སྒོར་༡༠་ཡས་མས། ནོ་ཝྭ་ཝྭཀ་སི་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྒྱག་ཐེངས་རེར་ཨ་སྒོར་༡༦་ཡས་མས། དབྱིན་ཇིའི་འགོག་ཁབ་དེ་རྒྱག་ཐེངས་རེར་ཨ་སྒོར་༣་ནས་༤་ཡས་མས་རེ་གནས་རྒྱུ་ཡིན་འདུག རྒྱ་ནག་གི་འགོག་ཁབ་རྒྱག་ཐེངས་གཉིས་ལ་སྒོར་༡༤༥་གནས་རྒྱུ་ཡིན་པར་མ་ཟད། ཨུ་རུ་སུའི་འགོག་ཁབ་རྒྱག་ཐེངས་གཅིག་ལ་ཨ་སྒོར་༡༠་དང་རྒྱག་ཐེངས་གཉིས་ཀར་ཨ་སྒོར་༢༠་འབབ་རྒྱུ། ད་ལྟ་འགྲེམ་སྤེལ་བྱེད་བཞིན་པ་དང་མཐའ་མའི་ཚོད་ལྟའི་གནས་སྐབས་སུ་ཡོད་པའི་འགོག་ཁབ་ཡོད་དོ་ཅོག་ཐེངས་གཉིས་རེ་རྒྱག་དགོས་པ་རེད།།

སེ་རམ་ཉམས་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་ཕུ་ན་ཝ་ལས་རྒྱ་གར་གཞུང་དང་ང་ཚོས་དངོས་གཞིའི་ཚོང་ལས་ཀྱི་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་དགོས། དེ་ནས་ཉི་མ་༡༠་ཡས་མས་ཤིག་གི་རྗེས་སུ་རྒྱ་གར་གཞུང་གིས་དངོས་སུ་མི་དམངས་ལ་འགོག་ཁབ་རྒྱག་འགོ་ཚུགས་ཐུབ། ང་ཚོས་འགོག་ཁབ་བྱེ་བ་༥་བཟོ་སྦྱོར་ཟིན་ནས་གཞུང་གིས་གཏན་འབེབས་བྱས་པའི་ས་གནས་ཁག་༣༠་ནས་༤༠་ཡས་མས་ཤིག་ལ་སྐྱེལ་འདྲེན་བྱེད་ཆོག་པའི་གྲ་སྒྲིག་བྱས་ཡོད། ས་གནས་ཆེ་ཁག་༣༠་ནས་༤༠་ཙམ་ཡོད་པ་དེ་ནས་གྲོང་གསེབ་ཁག་དང་སྨན་ཁང་ཆུང་ཁག་བཅས་ལ་སྐྱེལ་འདྲེན་དང་བགོ་འགྲེམ་བྱ་འཆར་ཡོད་ཅེས་བསྒྲགས། རྒྱ་གར་གཞུང་གིས་ལོ་ལྟར་མི་གྲངས་བྱེ་བ་༥་དང་ཕྱེད་ཀ་ཙམ་ལ་ནད་རིགས་སྔོན་འགོག་གི་ཁབ་རྒྱག་གི་ཡོད་པས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་རྒྱག་རྒྱུ་དེ་ལའང་གཞི་རྩའི་མཐུན་རྐྱེན་རྣམས་འཛོམས། ཉམས་ཞིབ་པ་ཚོས་རྒྱ་གར་གཞུང་གིས་ནད་རིགས་སྔོན་འགོག་གི་ཁབ་བརྒྱབ་པ་ལྟར་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཀྱང་བདེ་བླག་ཏུ་རྒྱག་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག ད་དུང་རྒྱ་གར་གཞུང་གིས་འགོག་ཁབ་རྣམས་འཁྱག་སྒམ་ནང་དུ་ཡུན་རིང་ཉར་འཇོག་བྱེད་མི་དགོས་པའི་ཆེད་དུ་སྨན་ཞབས་པ་འཐོལ་པ་གླས། སྨན་ཞབས་པ་དང་འཕྲོད་བསྟེན་ལས་སྣེ་ཚོས་ལག་ཏུ་འཁྱེར་ཐུབ་པའི་འཁྱག་སྒམ་ཆུང་རིགས་དང་འཁྱག་པ་བླུགས་ནས་འགོག་ཁབ་གྲང་མོར་ཉར་འཇོག་བྱ་ཡུལ་ཡོ་བྱད་རྣམས་གསར་བཟོ། ཁ་སྔོན་གཟའ་སྤེན་པའི་ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་༢༨༦་ལ་འགོག་ཁབ་རྒྱག་སྟངས་ཀྱི་སྦྱོང་བརྡར་སྤྲད། འགོག་ཁབ་སླེབས་པའི་ཉིན་མོ་དེར་རྒྱ་གར་གྱི་སྨན་ཞབས་པ་དང་འཕྲོད་བསྟེན་ལས་སྣེ་ཚོ་མགོ་འཐོམས་ཏེ་ཅི་བྱ་གཏོལ་མེད་དུ་འགྱུར་མི་དགོས་པའི་འབད་བརྩོན་བྱས་ཤིང་། རྒྱ་གར་གཞུང་གིས་མི་༡༡༤༡༠༠་གླས་ནས་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་གི་དྲྭ་ཚིགས་སུ་སྐྱེ་བོ་སྒེར་གྱི་གཞི་གྲངས་དབྱེ་གསེས་དང་འགོག་ཁབ་གྲང་མོར་སྐྱེལ་འདྲེན་དང་བགོ་འགྲེམ་གྱི་གནས་ཚུལ་རྣམས་ཡར་འཇུག་བྱེད་མཁན་ལ་སྦྱོང་བརྡ་སྤྲད་འདུག

རྒྱ་གར་རང་གིས་བཟོས་པའི་འགོག་ཁབ་དེ་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་དང་རྒྱ་གར་གྱི་སྨན་སྦྱོར་ཉམས་སློབ་སྟོན་ཁང་གཉིས་མཉམ་འབྲེལ་གྱིས་བཟོས་འདུག རྒྱ་གར་གྱི་སྨན་པ་མཁས་པ་དང་ཕྱོགས་འགལ་ཀོང་རེ་སི་ཚོགས་པ་སོགས་ཀྱིས་སྲིད་བློན་མོ་དྷིའི་གཞུང་གིས་འགོག་ཁབ་དེའི་གཞི་གྲངས་གསལ་པོ་ཞིག་ཕྱིར་བསྒྲགས་མ་བྱས་པར་ཆོག་མཆན་བཀོད་པར་ཁ་རྡུང་དྲག་པོ་གཏོང་འགོ་ཚུགས། ཁ་སང་གཟའ་ཉི་མར་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཤ་ཤི་ཐ་རུར་གྱིས་རྒྱ་གར་གྱི་འགོག་ཁབ་དེར་ཆོག་མཆན་འགོད་རྒྱུ་སྔ་དྲགས་པ་རེད། འགོག་ཁབ་དེ་ཚོད་ལྟ་རིམ་པ་གསུམ་མཇུག་མ་བསྒྲིལ་པར་བརྒྱབ་ན་མང་ཚོགས་ཀྱི་བདེ་ཐང་ལ་ཉེན་ཁ་ཆེན་པོ་ཞིག་རེད། རྒྱ་གར་གྱི་འགོག་ཁབ་དེ་ཚོད་ལྟ་རིམ་པ་གསུམ་ལེགས་གྲུབ་མ་བྱུང་བར་དུ་མི་མང་ལ་རྒྱག་མི་ཉན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། རྒྱ་གར་རྒྱལ་ཡོངས་སྨན་སྦྱོར་ཚན་རིག་ཁང་གི་འགན་འཛིན་སྨན་པ་གྷུ་ལེ་རི་ཡས་ཀྱང་ཤ་ཤི་ཐ་རུར་གྱི་བསམ་ཚུལ་དེར་མོས་མཐུན་ཡོད། ངས་བལྟས་ན་ང་ཚོས་སྔོན་ལ་རྒྱ་གར་གྱི་སེ་རམ་ཉམས་ཞིབ་ཁང་གིས་དབྱིན་ཇིའི་འགོག་ཁབ་དེ་བཟོས་ཡོད་པ་འགྲེམ་སྤེལ་བྱེད་ཆོག གལ་སྲིད་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་སོང་སྟེ་ཛ་དྲག་གི་གནས་སུ་ལྷུང་ཚེ། ང་ཚོས་འཕྲལ་དུ་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེ་རྒྱག་ཆོག་གི་རེད། སྔོན་ལ་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དེ་རྒྱབ་གནོན་གྱི་ཚུལ་དུ་བཞག་ན་ལེགས་ཞེས་བསམ་འཆར་བཤད། ཟླ་བ་སྔོན་མར་རྒྱ་གར་གྱི་ནུབ་བངྒ་ལ་མངའ་སྡེའི་སྤྱི་ཁྱབ་ཀྱིས་ས་གནས་ཁག་ཅིག་ལ་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེ་ཚོད་ལྟ་རིམ་པ་གསུམ་བྱས། རྒྱ་གར་གྱི་སྲིད་དོན་པ་དང་སྨན་པ་མཁས་པ་ཚོས་སྐྱོན་བརྗོད་བྱས་པའི་རྗེས་སུ་འཕྲོད་བསྟེན་བློན་ཆེན་གྱིས་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེ་རྒྱབ་གནོན་གྱི་ཚུལ་དུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

XS
SM
MD
LG