ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པ་ནད་པ་ས་ཡ་༦་བྱུང་བ། 


༄༅།། དེང་སྐབས་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༨༠༠༠༠་ནས་ཁྲི་༩་ཡས་མས་རེ་འབྱུང་གི་ཡོད་པས་ཡུན་རིང་མི་འགོར་པར་རྒྱ་གར་ནི་ཨ་མི་རི་ཀ་ལས་ཀྱང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་མང་བ་ཡོད་པའི་རྒྱལ་ཁབ་དེར་འགྱུར་འགྲོ་སྲིད་པའི་ཉེན་ཁ་ཆེ། ཕྱི་ཟླ་༩་ཚེས་༢༨་ཉིན་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༡༠༠༠༠༠་མ་ཟིན་ཙམ་ལ་འཆི་སྐྱོན་དང་མི་ས་ཡ་༦་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་སོང་། ད་དུང་ཡང་རྒྱ་གར་གྱི་མངའ་སྡེ་དང་གྲོང་ཁྱེར་མང་དག་ཅིག་ལ་ཏོག་དབྱིབས་རིམས་ནད་འགོག་ཐབས་མེད་པར་ཁྱབ་གདལ་འགྲོ་བཞིན་འདུག་ཅེས་གནས་ཚུལ་སྤེལ། ཁ་སང་གཟའ་ཉི་མའི་ཉིན་སྲིད་བློན་མོ་དྷིས་རྒྱལ་ཡོངས་མི་དམངས་ལ་རང་ཁྱིམ་ནས་ཕྱི་ལ་བསྐྱོད་དུས་ཁ་རས་གྱོན་དགོས། ཁ་རས་གྱོན་དགོས་པའི་སྒྲིག་ཁྲིམས་རྣམས་ཏོག་དབྱིབས་ནད་དུག་འགོག་པའི་གོ་ཆ་ཡིན། ཁ་རས་ནི་སྤྱི་དམངས་ཀུན་གྱི་ཚེ་སྲོག་སྐྱོབ་པའི་ལག་ཆ་ཡིན་ཞེས་ཟླ་རེའི་རླུང་འཕྲིན་གཏམ་བཤད་བྱས་འདུག རྒྱ་གར་ལ་ཏོག་དབྱིབས་རིམ་ནད་ཁྱབ་གདལ་འགྲོ་ས་གཙོ་བོ་ཞིག་ནི་མུམ་བྷེ་དང་རྒྱལ་ས་ལྡི་ལི་སོགས་གྲོང་ཁྱེར་ཆེ་ཁག་དང་མི་འབོར་མང་ས་རྣམས་ཡིན་འདུག རྒྱ་གར་གྱི་གྲོང་ཁྱེར་ཁག་ནས་ཏོག་དབྱིབས་རིམས་ནད་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་སྲོལ་ཡག་པོ་ཞིག་ཚུགས་ཐུབ་མེད་ས་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་གྲོང་གསེབ་ཁག་ལ་ཁྱབ་ཀྱི་ཡོད་པ་རེད།།

རྒྱ་གར་འཛམ་གླིང་གི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་ཤོས་རྒྱལ་ཁབ་ཨང་གཉིས་པ་དེར་གྱུར་ཀྱང་སྲིད་བློན་མོ་དྷིའི་གཞུང་གིས་སླར་ཡང་འགྲོ་འོང་བཀག་སྡོམ་བྱ་རྒྱུའི་རྟགས་མཚན་མེད་པ་སྟེ། ད་ལོ་ཟླ་བ་གཉིས་གསུམ་ཞིག་ལ་རྒྱ་གར་གཞུང་གིས་འགྲོ་འོང་བཀག་སྡོམ་ནན་པོ་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དང་མི་མང་དབུལ་ཕོངས་ས་ཡ་མང་པོར་འཚོ་བའི་དཀའ་ངལ་སྣོན་མ་ཞིག་འཕྲད། དེར་བརྟེན་རྒྱ་གར་གཞུང་གིས་བཀག་སྡོམ་ཡོད་པའི་སྒོ་ནས་སློབ་གྲྭ་དང་ཟ་ཁང་། ཁྲོམ་ར་སོགས་བསྐྱར་དུ་སྒོ་འབྱེད་དུ་བཅུག་སྟེ་རྒྱ་གར་རྒྱལ་ནང་གི་མེ་འཁོར་དང་མཁའ་ལམ་འགྲིམ་འགྲུལ། ས་འོག་མེ་འཁོར་བཅས་པའང་བསྐྱར་དུ་སྒོ་ཕྱེ། རྒྱ་གར་རྒྱལ་ཡོངས་གསོ་སྤྱད་ཉམས་ཞིབ་ཁང་གི་སློབ་དཔོན་ཨ་ནན་ཏ་ཀིར་ཤི་ནཱས་བཤད་པ་ལྟར་ན། ནད་དུག་ནི་རྒྱ་གར་གྱི་སྤྱི་ཚོགས་སུ་ཁྱབ་ཟིན་ཡོད་པས་ནད་པ་ཚོར་སྨན་བཅོས་བྱ་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་ཀྱི་འདུག ང་ཚོས་ནད་པ་ཚོར་སྨན་བཅོས་དང་མྱུར་དུ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་སྨན་བཅོས་བྱ་རྒྱུ་དེར་རེམ་དགོས། སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་ཁག་ཀྱང་བརྩི་སྲུང་བྱ་དགོས། ཐབས་ཇུས་འདི་དག་མ་གཏོགས་ནད་ཡམས་འདིར་བཅོས་ཐབས་གཞན་པ་ཨེ་ཡོད་སྙམ་ཞེས་བཤད། བདུན་ཕྲག་སྔོན་མར་རྒྱ་གར་གཞུང་གིས་ཏ་ཇི་མཱལ་ལྟ་བུའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཁག་ཅིག་བསྐྱར་དུ་སྒོ་ཕྱེ་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་དང་ཚོང་ལས་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་སྔར་བཞིན་བཀག་ཡོད་ཅིང་། དེས་ན་ལོ་ལྟར་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་མང་པོའི་ཡོང་འབབ་ཡོད་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལོ་འདིར་ཡོང་ཐུབ་རྒྱུ་ཁག་པོ་ཆགས་འདུག

ལྡི་ལིའི་གྲོང་མི་ཁག་ཅིག་གིས་ཏོག་དབྱིབས་རིམས་ནད་ལ་སྔར་བཞིན་འཛེམ་ཟོན་བྱེད་ཀྱི་ཡོད། འོན་ཀྱང་ལོ་འདིའི་མགོ་སྟོད་ལྟར་ནད་ཡམས་དེར་འཇིགས་སྣང་དེ་ཙམ་མེད་པར་གྱུར་སོང་། ཨུ་མང་ཆཱུ་ཏ་ཎི་ཞེས་པའི་ལོ་ན་༢༣་ལ་སོན་པའི་སྨན་ཚོང་ལས་ཁང་ཞིག་གིས་ལས་བྱེད་པ་ཞིག་གིས་ང་ནི་ཉིན་ཧྲིལ་པོར་ཕྱི་ལ་ལས་ཀར་འགྲོ་ཡི་ཡོད། ལས་ཀར་མ་གཏོགས་ཁྱིམ་ནས་ཕྱི་ལ་འབུད་ཀྱི་མེད། མ་འོངས་པ་ནི་ངེས་གཏན་མེད་པས་ནད་འགོག་གི་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་དང་འཛེམ་ཟོན་བྱ་རྒྱུ་ལས་བྱ་ཐབས་གཞན་པ་ཅི་ཡང་མི་འདུག་ཅེས་བཤད། ལོ་ན་༦༡་ལ་སོན་པའི་ཧི་མན་ཤུ་ཀེན་ཐོ་ལཱ་ཞེས་པ་ཞིག་གིས་ཀྱང་རང་གི་བཟའ་མི་ཚོར་ནད་དུག་གི་འཇིགས་སྣང་ཆུང་དུ་ཕྱིན་སོང་། ཟླ་བ་སྔོན་མར་ང་དང་གཉེན་ཚན་གཞན་པ་གཉིས་ལ་ཏོག་དབྱིབས་ནད་དུག་འགོས་སོང་། ང་ཚོས་དགོས་ངེས་ཀྱི་སྔོན་འགོག་རྣམས་བྱེད་ཀྱི་ཡོད། ང་ཚོ་སྔར་བཞིན་ནད་ཡམས་འདིར་སྐྲག་ནས་འཚོ་གནས་བྱེད་ཀྱི་མེད། ཏོག་དབྱིབས་རིམས་ནད་ནི་ང་ཚོའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཟིན་པས་ཚོང་ལས་བཀག་སྟེ་དཔལ་འབྱོར་ཉམས་རྒུད་འགྲོ་རུ་འཇུག་ཐབས་མེད། ཏོག་དབྱིབས་ནད་དུག་གིས་ང་ཚོའི་ཁང་གླ་སོགས་སྤྲོད་ཀྱི་མ་རེད་ཅེས་བཤད། རྒྱ་གར་ལ་རྒྱལ་ནང་གི་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་ནས་ཚོང་ལས་ཁག་ཅིག་སླར་གསོ་བྱུང་། ད་ལྟ་རྒྱ་གར་གྱི་ཆོས་ལུགས་དང་སྲོལ་རྒྱུན་གྱི་དུས་ཆེན་ཁག་ཀྱང་སླེབས་ཀྱི་ཡོད་པས་མི་མང་ལས་ཤོར་པ་ཚོར་བསྐྱར་དུ་ལས་ཀ་འཐོབ་རྒྱུའི་རེ་ལྟོས་ཆེ། པར་ས་ཏ་ཞེས་པའི་ཚོང་ལས་ཉམས་ཞིབ་པ་ཞིག་གིས་ལོ་འདིར་ནད་ཡམས་ཀྱིས་རྒྱ་གར་བ་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྤྲོ་འཆམ་དུ་མི་འགྲོ་བར་རྒྱལ་ནང་གི་ས་གནས་ཁག་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་ཡི་རེད། ད་སྔ་ང་ཚོའི་མགྲོན་ཁང་ལ་འགྲུལ་པ་བརྒྱ་ཆ་ལྔ་ལས་མེད་ཀྱང་རིམ་བཞིན་འགྲུལ་པ་བརྒྱ་ཆ་༢༠་ནས་༢༥་ཡས་མས་ཤིག་མང་དུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།།

ན་ནིང་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་རིམས་ནད་ཁྱབ་ནས་བཟུང་། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་མི་ས་ཡ་གཅིག་ལ་འཆི་སྐྱོན་ཕོག མི་གྲངས་བྱེ་བ་༣་དང་ས་ཡ་༢་ལྷག་ལ་ནད་དུག་འགོས་ནས་རྒྱལ་ཁབ་དང་ས་གནས་༢༡༠་ལ་རིམས་ནད་ཁྱབ། དེང་སྐབས་ཡུ་རོབ་རྒྱལ་ཁབ་ཁག་ལ་སླར་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཐེངས་གཉིས་པ་བྱུང་ནས་དཀའ་ངལ་གྱི་ནང་དུ་ཚུད། ཨ་མི་རི་ཀ་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༧་དང་མི་༢༠༨༠༠༠་ལྷག་ལ་འཆི་སྐྱོན་བྱུང་། ཨ་རིའི་རྒྱལ་ཡོངས་སུ་ཉིན་ལྟར་ཆ་མཉམ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༠༠༠༠་ནས་༥༠༠༠༠་རེ་འབྱུང་གི་ཡོད་པར་མ་ཟད། སྲིད་འཛིན་ཌོ་ནལ་ཊམ་གྱིས་འགོ་ཁྲིད་ནས་ཨ་མི་རི་ཀ་བ་མང་དག་ཅིག་གིས་ཁ་རས་མི་གྱོན་པ་དང་སྤྱི་ཚོགས་རྒྱང་བཀྱེད་མི་བྱེད་པ། ཟ་ཁང་དང་ཆང་ཁང་སོགས་ལ་མི་ཚོགས་འདུས་པ། སློབ་ཆེན་ཁག་ཏུ་སློབ་ཕྲུག་ཚོ་འདུ་འཛོམས་བྱས་ནས་དགའ་སྟོན་བྱེད་ཀྱི་ཡོད་པས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་སྔོན་འགོག་ནན་པོ་ཞིག་གཏན་ནས་བྱེད་མི་ཐུབ་པར་གྱུར། ཨ་མི་རི་ཀ་དང་རྒྱ་གར། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གསུམ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་བཅོ་ལྔ་ལྷག་འདུག ཨ་རིའི་ཇཱོན་ཧོབ་ཀིན་སི་སློབ་གྲྭ་ཆེན་མོས་གཞི་གྲངས་དེར་གཟའ་འཁོར་གཅིག་གི་རིང་ལ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་དང་འཇར་མན་ཎི། ཨི་ཊ་ལི་དང་ཨུ་རུ་སུ། སི་པེན་དང་ཡུཀ་རེན། དབྱིན་ཡུལ་བཅས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་བརྒྱ་ཆ་༥་མང་དུ་སོང་འདུག་ཅེས་བཀོད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྙན་ཐོ་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཅིག་མྱུར་དུ་བཟོ་སྐྲུན་བྱས་ནས་མཁོ་འགྲེམ་བྱེད་མ་ཐུབ་ཚེ། འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་ས་ཡ་༢་ལ་འཆི་སྐྱོན་འབྱུང་སྲིད་པའི་ཉེན་ཁ་འདུག འཛམ་གླིང་རྒྱལ་ཁབ་ཁག་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རིམས་ནད་འདིར་སྔོན་འགོག་བྱེད་ཐུབ་རྒྱུའི་གྲ་སྒྲིག་ཡོད་མེད་ཐེ་ཚོམ་རེད། ང་ཚོས་ནད་འགོག་གི་ཐབས་ཇུས་རེ་ཟུང་ཞིག་བསྟེན་ནས་ཕན་ཐོགས་མེད། བརྟག་དཔྱད་དང་ནད་དུག་འགོས་ཡོད་པའི་མི་རྣམས་རྩད་གཅོད། སྨན་ཁང་དུ་སྨན་བཅོས་དང་སྤྱི་ཚོགས་རྒྱང་བཀྱེད། ཁ་རས་གྱོན་དགོས་པ་དང་ལག་པ་བཀྲུ་རྒྱུ། འགོག་ཁབ་གསར་བཟོ་བཅས་ནད་འགོག་གི་བྱ་ཐབས་ཡོད་དོ་ཅོག་ལག་ལེན་བསྟར་དགོས། དེ་ལྟར་མ་བྱུང་ན་ནད་ངན་འདིར་སྔོན་འགོག་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བསྟན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་ཕྱི་ཟླ་༡༠་པ་ནས་ཆམ་རིམས་ཀྱི་ནམ་ཟླ་འགོ་ཚུགས་ཀྱི་ཡོད་པས་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་རྒྱུ་ཇེ་སྡུག་ཏུ་འགྲོ་སྲིད། འཛམ་གླིང་མི་དམངས་རྣམས་སྐྱོབ་ཐབས་ཀྱི་རེ་བ་ཉག་གཅིག་ནི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཅིག་འཕྲལ་དུ་གསར་བཟོ་བྱེད་ཐུབ་དགོས། ཡིན་ནའང་འགོག་ཁབ་དེར་ཉུང་མཐར་ཡང་ལོ་གཅིག་ཡས་མས་ཤིག་ལ་བརྟག་དཔྱད་བྱས་ནས་ནད་དུག་འགོག་ཐུབ་མིན་དང་ཞོར་གནོད་ཡོད་མེད་བཅས་ལ་བརྟག་དཔྱད་བྱ་དགོས་པས་ཅི་ཙམ་མགྱོགས་ཀྱང་༢༠༢༠་ལོའི་ལོ་མཇུག་ཙམ་དུ་འགོག་ཁབ་འཐོན་ཐུབ་ན་དགའ་དགོས་པ་ཞིག་རེད་ཅེས་བཤད་དོ།།

XS
SM
MD
LG