ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་དཀར་ནག་གི་དམག་དཔོན་རིམ་པའི་གྲོས་མོལ་མཇུག་སྒྲིལ། 


༄༅།། རྒྱ་དཀར་ནག་གི་དམག་དཔོན་ཚོས་དུས་ཡུན་ཆུ་ཚོད་༡༥་ཙམ་ལ་གྲོས་མོལ་བྱས་པའི་རྗེས་སུ་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་གདོང་ཐུག་འབྱུང་ཡུལ་ས་ཚིགས་ཁག་སྟེ། གྷལ་ཝན་ལུང་གཤོང་དང་ཆུ་ཚན། གྷོག་ར་ས་ཁུལ་བཅས་ས་ཚིགས་ཁག་གསུམ་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་རུང་རྒྱ་ནག་གི་དམག་རྣམས་སྤང་གོང་མཚོ་འགྲམ་གྱི་ས་ཚིགས་བཞི་པ་ནས་ཕྱིར་འཐེན་བྱ་རྒྱུ་མིན་པའི་རྣམ་འགྱུར་ཞིག་བསྟན། རྒྱ་གར་གྱི་དམག་གིས་སྤང་གོང་མཚོ་མཚོ་འགྲམ་གྱི་ས་ཚིགས་བཞི་པ་ནས་༨་པའི་བར་དུ་རྒྱ་ནག་གི་དམག་མི་རྣམས་ཕྱིར་འཐེན་བྱ་དགོས། ད་དུང་ལྗང་རྩེ་དང་ནག་རྩེ་ཞེས་འབོད་པའི་ས་ཚིགས་ཁག་ནས་ཀྱང་རྒྱ་ནག་གི་དམག་རྣམས་ཕྱིར་འཐེན་བྱ་དགོས། ལ་དྭགས་ཀྱི་ས་མཚམས་ཁག་ནས་རྒྱ་ནག་གི་དམག་རྣམས་ཕྱི་ཟླ་༥་དང་༤་པའི་དུས་སུ་འགྲེམ་འཇོག་བྱ་ཡུལ་ས་ཚིགས་ཁག་ལ་ཕྱིར་འཐེན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག སང་ཉིན་ཕྱི་ཚེས་༡༧་ནས་༡༨་བར་དུ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་ཉི་མ་གཉིས་ལ་ཇམ་མུ་དང་ཀ་ཤི་མིར། ལ་དྭགས་བཅས་ལ་གཟིགས་ཞིབ་ཏུ་ཕེབས་རྒྱུ། རྒྱ་གར་གྱི་བྱང་ཕྱོགས་དམག་དཔུང་བཀོད་འདོམས་པ་གཙོ་བོ་དམག་སྤྱི་གཞོན་པ་ཇཱོ་ཤི་རྒྱལ་ས་ལྡི་ལིར་བཅར་ཏེ་སྲིད་བློན་མོ་དྷིར་རྒྱ་དཀར་ནག་གི་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་བཞི་པའི་གྲུབ་འབྲས་རྣམས་སྙན་སེང་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་དཀར་ནག་གི་དམག་སྤྱི་གཞོན་པ་རིམ་པའི་གྲོས་མོལ་སྐབས་སུ་རྒྱ་ནག་གི་དམག་རྣམས་སྤང་གོང་མཚོ་འགྲམ་ནས་ཕྱིར་འཐེན་ཆ་ཚང་ཞིག་བྱ་རྒྱུའི་ཁས་ལེན་བྱེད་ཀྱི་མེད་པས་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ཤར་ཕྱོགས་སུ་དམག་༦༠༠༠༠་ལྷག་བཀྲམ་སྟེ་ལྕགས་ཁྲབ་འཁོར་ལོ་དང་རྒོལ་འཛིང་ཐད་འཕུར་གནམ་གྲུ། ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་སཱུ་ཁོ་ཡེ་འཐབ་འཛིང་གནམ་གྲུ་དང་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་དམག་འདྲེན་ཐད་འཕུར་གནམ་གྲུ་སོགས་ཀྱིས་དམག་གྲྭ་བསྒྲིགས་ཏེ་རྒྱ་ནག་གི་དཔུང་འཇུག་ལ་འཐབ་རྒོལ་བྱ་རྒྱུའི་གྲ་སྒྲིག་དང་རྒྱ་ནག་ལ་དོགས་ཟོན་བྱ་རྒྱུ་ལྷོད་ཡངས་མི་འཆོར་བའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། གཟའ་འཁོར་འདིར་རྒྱ་གར་གྱི་ནང་སྲིད་དང་རྒྱལ་སྲུང་། རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་དེ་དག་གི་དྲུང་ཆེ་རིམ་པ་ཚོགས་འདུ་འཚོགས་ནས་ལ་དྭགས་ཀྱི་ཤར་ཕྱོགས་དང་རྒྱ་དཀར་ནག་གིས་དངོས་སུ་སྟངས་འཛིན་བྱེད་ཡོད་པའི་ས་མཚམས་ཁག་གི་ཛ་དྲག་རྣམས་ཞི་འཇམ་གཏོང་ཐབས་ལ་གྲོས་མོལ་བྱ་རྒྱུའི་ཐག་བཅད། ཡིན་ནའང་རྒྱ་ནག་ལ་ཧིན་བོད་ས་མཚམས་ཁག་ཏུ་ཞི་བདེ་བསྐྲུན་འདོད་དང་ཛ་དྲག་ཆུང་དུ་གཏོང་འདོད་མེད་ན་རྒྱ་གར་གཅིག་པུས་བསྒྲུབ་དཀའ། ད་ལོའི་དགུན་ཁར་ཧི་མ་ལ་ཡའི་གངས་འདབས་ཀྱི་ཧིན་བོད་ས་མཚམས་ཁག་ཁ་བ་དང་འཁྱག་རོམ་གྱིས་མ་བསྡམས་བར་དུ་རྒྱ་དཀར་ནག་གཉིས་ཀྱིས་དངོས་སུ་སྟངས་འཛིན་བྱེད་ཡོད་པའི་ས་མཚམས་ཁག་གི་ཛ་དྲག་ཞི་འཇམ་འགྲོ་ཐུབ་རྒྱུ་ཁག་པོ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག

ཕྱི་ཟླ་༧་པའི་ཚེས་༢༡་དང་༢༢་གཉིས་ལ་རྒྱ་དཀར་ནག་གི་འབྲེལ་ཡོད་དམག་དོན་མི་སྣ་ཚོས་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་གདོང་ཐུག་འབྱུང་ཡུལ་ཁག་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་བ་ལྟར་དངོས་སུ་ཕྱིར་འཐེན་བྱས་ཡོད་མེད་ངེས་གཏན་བྱེད་དུ་མཉམ་སྐྱོད་བྱ་འཆར་ཡོད་ཅིང་། རྒྱ་ནག་གི་བློ་འཚབ་གཙོ་བོ་ཞིག་ནི་རང་གི་དམག་དཔུང་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱ་གར་གྱི་དམག་གིས་ས་ཚིགས་༡༧་པ་དང་༡༧་ཀ་པ་གཉིས་ཀྱི་ཉེ་འཁོར་དུ་སོ་ཁང་འཛུགས་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་དམག་རྣམས་ནག་རྩེ་དང་ལྗང་རྩེ་ཞེས་འབོད་པའི་ས་ཚིགས་ཁག་ནས་ཕྱིར་འཐེན་བྱས་ཏེ་གནས་སྐབས་ཀྱི་དམག་སྒར་རྣམས་ཀྱང་གཏོར་འགོ་ཚུགས། ཁོ་ཚོ་གདོང་ཐུག་འབྱུང་ཡུལ་ཁག་ནས་ཀྱང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་འདུག ཉེ་ཆར་རྒྱ་གར་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་དྷོ་ཝྭལ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཀྱི་གྲོས་མོལ་དུས་སུའང་ཕྱོགས་གཉིས་ཀྱི་དམག་རྣམས་རང་གི་གཏན་འཇགས་དམག་སྒར་ཁག་ལ་ཕྱིར་ལོག་བྱ་དགོས་ཞེས་གསལ་སྟོན་བྱས་ཡོད་པར་མ་ཟད། མ་འོངས་པའི་ཟླ་ཤས་ནང་དུ་རྒྱ་དཀར་ནག་གི་དམག་དཔོན་རིམ་པ་དང་ཕྱི་འབྲེལ་མི་སྣ་སོགས་ཀྱིས་གྲོས་མོལ་མང་ཙམ་བྱ་རྒྱུ་དང་ས་མཚམས་ཁག་ནས་དམག་དཔུང་ཕྱིར་འཐེན། མཐའ་མཇུག་ཕྱོགས་གཉིས་ཀྱི་གྲོས་མོལ་དེར་གྲུབ་འབྲས་བཟང་པོ་ཞིག་སྨིན་ཐུབ་རྒྱུའི་རེ་བ་འཆང་གི་ཡོད་འདུག ལོ་འདིའི་ཕྱི་ཟླ་༥་ནས་རྒྱ་དཀར་ནག་གིས་དངོས་སུ་སྟངས་འཛིན་བྱེད་ཡོད་པའི་ཧིན་བོད་ས་མཚམས་ཁག་ཏུ་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་ཁ་འཛིན་དང་ལག་འཛིང་ཐེངས་འགའ་ཞིག་བྱུང་། མཐར་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་གིས་དམར་འཛིང་ཐུག་ནས་རྒྱ་གར་གྱི་དམག་མི་༢༠་བསད་པ་དང་མི་༧༥་ལ་རྨས་སྐྱོན་ཕོག རྒྱ་ནག་གི་དམག་མི་༣༥་ནས་༤༥་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་དེ་ལ་གཞུང་འབྲེལ་གྱིས་ངེས་གཏན་གང་ཡང་བྱས་མེད་པ་རེད།།

རྒྱ་དཀར་ནག་གི་དམག་སྤྱི་གཞོན་པ་རིམ་པའི་གྲོས་མོལ་ཐེངས་བཞི་པ་དེར་རྒྱ་ནག་ཕྱོགས་ནས་ཞིན་ཅང་དམག་ཁུལ་ཁང་གི་བཀོད་འདོམས་པ་མཉམ་ཞུགས་བྱས་ཤིང་། གཟའ་ལྷག་པའི་དགོང་མོར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་དང་རྒྱལ་ཡོངས་བདེ་འཇགས་བློ་སྟོན་པ། རྒྱ་གར་གྱི་བདེ་འཇགས་ཚན་པ་ཁག་གི་འགོ་ཁྲིད་ཚོས་རྒྱ་དཀར་ནག་གི་དམག་དོན་མི་སྣའི་གྲོས་མོལ་ཐེངས་བཞི་པའི་གྲུབ་འབྲས་ལ་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་དུ་ཞིབ་འཇུག་བྱས་ནས་མཐའ་སྡོམ་བརྒྱབ་པ་ལྟར་ན། རྒྱ་དཀར་ནག་གི་དམག་དཔུང་གདོང་ཐུག་བྱུང་ས་ཁག་གི་ཛ་དྲག་རྣམས་ཞི་འཇམ་དུ་ཕྱིན་འདུག རྒྱ་ནག་གི་དམག་དཔུང་རྣམས་ཕྱི་ཟླ་༤་པའི་༢༠་སྔོན་གྱི་ས་ཚིགས་བར་དུ་ཕྱིར་འཐེན་བྱ་རྒྱུའི་རྟགས་མཚན་འདུག ཕྱོགས་གཉིས་ཀྱིས་དངོས་སུ་སྟངས་འཛིན་བྱེད་ཡོད་པའི་ས་ཚིགས་༡༧་པ་སྟེ། ཆུ་ཚན་ས་ཁུལ་ནས་རྒྱ་ནག་གི་དམག་རྣམས་ཕྱིར་འཐེན་བྱས་ཏེ་རླངས་འཁོར་དང་གུར་སོགས་མཐོང་རྒྱུ་མེད་པར་གྱུར་ཡོད་པ་ངེས་གཏན་བྱུང་། གཟའ་མཇུག་དེར་གྷོག་ར་ས་ཚིགས་སུའང་རྒྱ་ནག་གི་དམག་དཔུང་ཉུང་དུ་བཏང་སྟེ་དམག་མི་༣༠་ཡས་མས་ཤིག་ལས་བཞག་མེད་པའི་རྣམ་པ་འདུག་ཅེས་བཤད། ཡིན་ནའང་རྒྱ་ནག་ཉམས་ཞིབ་པ་ཚོས་རྒྱ་དཀར་ནག་གི་དམག་དོན་མི་སྣ་ཚོས་དངོས་སུ་ས་ཚིགས་ཁག་ལ་རྟོག་ཞིབ་བྱས་ནས་རྒྱ་ནག་གི་དམག་རྣམས་ཕྱིར་འཐེན་བྱས་ཡོད་མེད་གསལ་པོ་མ་བྱུང་བར་དུ་རྒྱ་ནག་གི་དམག་དཔུང་ངོ་མར་ཕྱིར་འཐེན་བྱས་ཡོད་པའི་ཐག་གཅོད་བྱ་རྒྱུ་སྔ་དྲགས་པ་རེད། གལ་སྲིད་རྒྱ་ནག་གི་དམག་རྣམས་ཕྱི་ཟླ་༤་པའི་སྐབས་ཀྱི་ས་ཚིགས་དེར་ཕྱིར་འཐེན་བྱ་དགོས་ཚེ། རྒྱ་ནག་གི་ནུབ་ཕྱོགས་དམག་དཔུང་བཀོད་འདོམས་ཀྲའོ་ཙུང་ཆིས་སྲིད་འཛིན་ཞིས་ཅིན་ཕིང་ལ་རྒྱ་ནག་གི་དམག་རྣམས་ཧིན་བོད་ས་མཚམས་བརྒལ་ནས་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་པའི་ལ་དྭགས་ཤར་ཕྱོགས་སུ་དཔུང་འཛུལ་བྱ་དགོས་པའི་སྐུལ་ལྕག་བཏང་དོན་ཅི་ཞིག་ཡིན་ནམ་ཞེས་དོགས་སློང་བྱེད་ཀྱི་ཡོད་པ་རེད།།

རྒྱལ་སྤྱིའི་ཉམས་ཞིབ་པ་མང་པོ་ཞིག་གིས་ཞིས་ཅིན་ཕིང་གིས་རྒྱ་གར་ལ་འཁྲུག་རྩོད་སློང་དགོས་པའི་དམིགས་ཡུལ་ངོ་མ་ཅི་ཞིག་ཡིན་རུང་དེ་ལ་རྩིས་ལོག་ཐེབས་སོང་། ཟླ་བ་སྔོན་མའི་རྒྱ་དཀར་ནག་གི་འཁྲུག་རྩོད་དེས་ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ཕོ་བྲང་དཀར་པོས་ཡུན་རིང་ཞིག་ནས་རྒྱ་གར་ལ་དམག་དོན་དང་འཐབ་ཇུས་མཉམ་འབྲེལ་གྱི་འབྲེལ་བ་ཞིག་འཛུགས་འདོད་ཡོད་པ་འགྲུབ་ཏུ་བཅུག་པ་རེད། རྒྱ་གར་ཀྱང་ཨ་མི་རི་ཀའི་དམག་དོན་དང་འཐབ་ཇུས་མཉམ་འབྲེལ་གྱི་དཀྱིལ་འཁོར་དེར་ཞུགས་རྒྱུ་སྟབས་བདེ་རུ་བཏང་སོང་། ཨ་མི་རི་ཀས་མི་འབོར་དུང་ཕྱུར་༡༣་ལྷག་ཡོད་པའི་རྒྱ་གར་རྒྱལ་ཁབ་ནི་རྒྱ་ནག་ལ་ཁ་གཏད་གཅོག་པར་དགོས་མཁོ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད་མོད། འོན་ཀྱང་རྒྱ་གར་གྱིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ལ་འབྲེལ་བ་སྙོམས་པོ་ཞིག་འཛིན་པ་དང་རྒྱ་ནག་ལ་ཕོག་ཐུག་མི་གཏོང་བ་ཕྱི་སྲིད་ཅིག་བཟུང་བ་རེད། གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་རྣམས་ལག་འཛིང་བྱུང་བའི་རྗེས་སུ་རྒྱ་གར་གྱིས་རང་ལ་ཨ་མི་རི་ཀའི་རྒྱབ་སྐྱོར་མེད་ན་ཉེན་ཁ་ཆེན་པོ་ཞིག་ཡིན་པ་ངོས་ཟིན་རེད་ཅེས་གླེང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་འཕྲལ་དུ་རྒྱ་གར་གྱི་སྲིད་བློན་མོ་དྷིར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་འགོ་ཚུགས། ༢༠༡༨་ལོར་ཨ་མི་རི་ཀས་རྒྱ་གར་ལ་མཚོན་ཆ་ཕྱིར་ཚོང་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ༢༠༡༩་ལོར་ཨ་མི་རི་ཀས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་༡༠་ཐམ་པའི་མཚོ་དམག་གི་མཚོན་ཆ་བཙོངས། སྔ་ལོ་རྒྱ་གར་དང་ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེ་ཁག་གིས་མཉམ་འབྲེལ་དམག་སྦྱོང་ཐེངས་དང་པོ་བྱས་ཤིང་། སྲིད་འཛིན་ཌོ་ནལ་ཊམ་དང་སྲིད་བློན་མོ་དྷི་གཉིས་ཨ་སྒོར་དུང་ཕྱུར་༣༠་ཐམ་པའི་མཚོན་ཆ་ཉོ་ཚོང་གི་གྲོས་མཐུན་ཞིག་འཇོག་རྒྱུ་དེར་འཐད་པ་བྱུང་ཡོད་པ་རེད།།

XS
SM
MD
LG