ངོ་འཕྲད་བདེ་བའི་དྲ་འབྲེལ།

མོ་དྷིར་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱ་དགོས་པའི་གནོན་ཤུགས་ཇེ་ཆེ། 


༄༅།། དེང་སྐབས་ཉིན་རེ་བཞིན་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་འཛམ་གླིང་རྒྱལ་ཁབ་གཅིག་ལའང་བྱུང་མྱོང་མེད་པ་ཞིག་རྒྱ་གར་ལ་འབྱུང་གི་ཡོད་ཅིང་། སྲིད་བློན་མོ་དྷིར་རྒྱ་གར་རྒྱལ་ཡོངས་སུ་སླར་ཡང་འགྲོ་འོང་བཀག་སྡོམ་བྱ་དགོས་ཞེས་ཕྱོགས་མང་དག་ཅིག་ནས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཇེ་ཆེར་སོང་། དེ་རིང་གཟའ་པ་སངས་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་རྒྱ་གར་རྒྱལ་ཡོངས་སུ་མི་༤༡༤༡༨༨་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༣༩༡༥་ལ་འཆི་སྐྱོན་ཕོག ད་ལྟའི་བར་དུ་ཁྱོན་བསྡོམས་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༢༡་དང་འབུམ་༤་ལྷག་བྱུང་བ་དང་རྒྱ་གར་བ་༢༣༤༠༨༣་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། རྒྱ་གར་གྱི་ཉམས་ཞིབ་པ་དང་གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ་ཚོས་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་དོན་དངོས་སུ་མི་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་དང་ནད་མནར་བྱུང་བའི་གྲངས་འབོར་ནི་ལྡབ་འགའ་ཞིག་མང་བ་འདུག་ཅེས་གླེང་། རྒྱ་གར་གྱི་འཕྲོད་བསྟེན་མཁས་པ་ཚོ་དང་ཆེས་མཐོའི་ཁྲིམས་ཁང་བཅས་ཀྱིས་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་འགྲོ་བཞིན་པ་འགོག་ཐབས་ནི་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཁོ་ན་རེད་ཅེས་ཐབས་ཇུས་བཏོན། ཉེ་དུས་ཤིག་ནས་རྒྱ་གར་གྱི་གྲོང་ཁྱེར་ཁག་ནས་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་འགོ་ཚུགས། གྲོང་གསེབ་ཁག་ཏུ་སྨན་བཅོས་དང་འཚོ་རླུང་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པོ་ཡིན་པས་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་སྤང་ལ་མེ་ཤོར་བ་ལྟར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཚབས་ཤིན་ཏུ་ཆེ།།

ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་ཉིན་ལྟར་མི་༣༠༠༠་ལྷག་ལ་འཆི་སྐྱོན་བྱུང་ནས་ཉིན་བཅུ་ཕྱིན་པ་དང་ཉིན་ལྟར་མི་འབུམ་༣་ལྷག་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་ནས་ཟླ་བ་ཕྱེད་ཀ་ལྷག་འདས། ཟླ་བ་སྔོན་མ་ནས་རྒྱ་གར་ལ་མངའ་སྡེ་༢༨་ཡོད་པ་དེ་དག་གི་ངོས་ནས་འགྲོ་འོང་བཀག་སྡོམ་བྱས་ཤིང་། ཁ་སང་གཟའ་ཕུར་བུའི་ཉིན་སྲིད་བློན་མོ་དྷིས་མངའ་སྡེ་ཁག་གི་འགོ་ཁྲིད་ཚོར་གྲོས་སྡུར་བྱས་ཀྱང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་འགན་ཕལ་ཆེ་བ་མངའ་སྡེ་ཁག་ལ་སྤྲད་ནས་དབུས་གཞུང་གིས་ཐེ་གཏོགས་དེ་ཙམ་བྱེད་ཀྱི་མེད་པ་སྟེ། རྒྱ་གར་གཞུང་གི་འཕྲོད་བསྟེན་མཁས་པ་སྨན་པ་རཱན་དིབ་གྷུ་ལེ་རི་ཡས་སྔ་ལོ་ལྟར་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་ནན་པོ་ཞིག་བྱ་དགོས་ཀྱི་འདུག ལྷག་པར་དུ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་མི་བརྒྱ་ཆ་༡༠་ལྷག་ལ་ནད་རྟགས་ཐོན་ཡུལ་ས་ཁུལ་དེ་ཚོར་ངེས་པར་དུ་འགྲོ་འོང་བཀག་སྡོམ་བྱ་དགོས་ཞེས་བསྟན། ཕྱི་ཟླ་༥་ཚེས་༧་ཉིན་རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷིས་སྲིད་བློན་མོ་དྷིར་ཕྱག་བྲིས་ཤིག་ཕུལ་ནས་སླར་ཡང་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་བྱ་དགོས་པའི་རེ་བ་བཏོན། ར་ཧུལ་གྷན་དྷིས་རྒྱ་གར་རྒྱལ་ཡོངས་སུ་བསྐྱར་དུ་འགྲོ་འོང་བཀག་སྡོམ་མ་བྱས་ན་འགྲོ་བ་མིའི་ཚེ་སྲོག་ལ་གྱོང་གུད་དཔག་མེད་ཅིག་ཕོག་སྟེ་རྒྱལ་ཁབ་ལ་ཆག་སྒོ་ཆེན་པོ་ཞིག་འབྱུང་ཉེན་འདུག རྒྱ་གར་གཞུང་གིས་དཔལ་འབྱོར་ཉམས་རྒུད་ལ་བསམ་བློ་གཏོང་བའི་དུས་ཚོད་མིན་པ་དང་བཟའ་བཏུང་གི་དཀའ་ངལ་ཡོད་པའི་མི་དམངས་དབུལ་ཕོངས་ཚོར་སྲིད་གཞུང་གིས་དགོས་ངེས་ཀྱི་རོགས་དངུལ་སྤྲོད་དགོས་ཞེས་འབོད་སྐུལ་ཞུས། རྒྱ་གར་གྱི་སྤྱི་དམངས་འཕྲོད་བསྟེན་ཐེབས་རྩ་ཁང་གི་གཙོ་འཛིན་རེ་ཌི་ཞེས་པ་ཞིག་གིས་མངའ་སྡེ་ཁག་ལ་ནད་ཡམས་ཁྱབ་གདལ་གྱི་དཀའ་ངལ་ཆེ་ཆུང་མ་འདྲ་བ་རེད། དབུས་གཞུང་དང་མངའ་སྡེ་ཁག་གིས་གྲོས་སྡུར་བྱས་ནས་རྒྱལ་ཡོངས་ལ་གཅིག་གྱུར་གྱིས་ལག་ལེན་བསྟར་ཐུབ་པའི་སྲིད་ཇུས་ཤིག་གཏན་འབེབས་བྱ་དགོས་ཞེས་བཤད།།

ཨ་མི་རི་ཀའི་ནད་རིགས་སྔོན་འགོག་མཁས་པ་དང་སྲིད་འཛིན་ཇཱོ་བྷ་ཌན་གྱི་ནད་ཡམས་སྔོན་འགོག་སློབ་སྟོན་པ་སྨན་པ་ཨན་ཐོ་ཎི་ཧྥོ་ཆིས་རྒྱ་གར་རྒྱལ་ཡོངས་ལ་དུས་ཡུན་བདུན་ཕྲག་གཉིས་ནས་བདུན་ཕྲག་བཞི་ཡས་མས་ཤིག་གི་རིང་དུ་འགྲོ་འོང་བཀག་སྡོམ་བྱ་དགོས་ས་རེད། མི་ལ་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་ཇེ་ཉུང་དུ་སོང་མ་ཐག་ཏུ་རྒྱ་གར་གཞུང་གིས་འགོག་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་གཏོང་ཆོག རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གསུམ་པ་ཞིག་འབྱུང་སྲིད་པའི་ཉེན་ཀ་ཡོད་པ་དེའི་སྔོན་ལ་འགོག་ཁབ་བརྒྱབ་ནས་ནད་དུག་འཇོམས་དགོས། རྒྱ་གར་ལ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་ནི་དབྱིན་ཡུལ་ནས་ཁྱབ་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་དང་རྒྱ་གར་དུ་བྱུང་བའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་བཅས་ནད་དུག་རིགས་མ་འདྲ་བ་གཉིས་ཡོད་པ་འདྲ། དབྱིན་ཡུལ་གྱི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་དེ་ལྡི་ལིའི་ཕྱོགས་སུ་ཁྱབ་ཀྱི་ཡོད་པ་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་དེ་མ་ཧ་ར་ཤི་ཊི་ར་མངའ་སྡེའི་ཕྱོགས་སུ་ཁྱབ་ཀྱི་འདུག ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་དང་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་གཉིས་ཀ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཐོག་མའི་ཏོག་དབྱིབས་ནད་དུག་ལས་ཀྱང་འགོ་སླ་བ་དང་ཁྱབ་གདལ་མྱུར་བ་ཞིག་རེད་ཅེས་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་ཞིག་གིས་བཅར་འདྲི་ཞུས་པའི་སྐབས་སུ་ལན་འདེབས་བྱས་འདུག སྔ་ལོ་སྲིད་བློན་མོ་དྷིས་རྒྱལ་ཡོངས་སུ་ཟླ་བ་གཉིས་ལ་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་དུས་ཡུན་ཆུ་ཚོད་བཞིའི་རྗེས་སུ་བཀག་སྡོམ་ལག་ལེན་བསྟར། དེར་བརྟེན་རྒྱ་གར་གྱི་གྲོང་གསེབ་ཁག་ནས་གྲོང་ཁྱེར་ཁག་ཏུ་ལས་ཀ་འཚོལ་དུ་ཡོང་བའི་ལས་མི་ས་ཡ་མང་པོར་འགྲིམ་འགྲུལ་གྱི་མཐུན་རྐྱེན་མེད་པར་རང་ཁྱིམ་དུ་ལོག་མ་ཐུབ། ཁོ་ཚོ་བདུན་ཕྲག་མང་པོར་རྐང་ཐང་དུ་རང་གནས་སུ་ལོག་དགོས་བྱུང་བ་དང་ལས་མི་ས་ཡ་མང་པོའི་ལས་ཀ་ཤོར།།

ན་ནིང་ཟླ་བ་གཉིས་ལ་འགྲོ་འོང་བཀག་སྡོམ་བྱས་པའི་སྟབས་ཀྱིས་ཕྱི་ཟླ་༤་པ་ནས་༦་པའི་བར་དུ་རྒྱ་གར་གྱི་དཔལ་འབྱོར་བརྒྱ་ཆ་༢༣་ཉམས་རྒུད་སོང་། སྲིད་བློན་མོ་དྷིས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཆེ་བའི་ས་གནས་ཁག་ལ་འགྲོ་འོང་བཀག་སྡོམ་གྱི་གདམ་གསེས་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ཝྭི་ཎི་ཏ་བྷལ་ལྟ་བུའི་ཚན་རིག་པ་ཁག་ཅིག་གི་རྒྱབ་སྐྱོར་ཐོབ། ཁོ་མོས་ས་གནས་བྱེ་བྲག་པ་རེའི་གནས་སྟངས་མ་འདྲ་བ་རེད། ས་གནས་ཁག་དང་དབུས་གཞུང་མཉམ་འབྲེལ་བྱས་ནས་འགྲོ་འོང་བཀག་སྡོམ་བྱེད་དགོས་མིན་ལ་གྲོས་སྡུར་བྱས་ནས་སྲིད་ཇུས་གཏན་འབེབས་བྱ་དགོས། སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡག་པོ་ཡོད་པ། སྨན་པ་དང་སྨན་ཞབས་པ་སོགས་ཆེད་ལས་མཁས་པ་ཡོད་པའི་ས་གནས་ཁག་ལ་མངའ་སྡེ་རིམ་པ་དང་རྫོང་རིམ་པར་འགྲོ་འོང་བཀག་སྡོམ་བྱ་དགོས་མིན་ཐག་གཅོད་བྱེད་དུ་བཅུག་ན་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་ནུས་པ་ཆེ་བ་འཐོན་གྱི་འདུག དབུས་གཞུང་གིས་གཅིག་གྱུར་གྱི་འགྲོ་འོང་བཀག་སྡོམ་བྱ་རྒྱུ་ནི་ཐམས་མཁས་ཤིག་མ་རེད་ཅེས་བསམ་འཆར་བཤད། རྒྱ་གར་གྱི་ཆ་ཏི་སི་གྷར་མངའ་སྡེའི་མི་དམངས་ཀྱི་འཕྲོད་བསྟེན་རྒྱབ་སྐྱོར་ཚོགས་པའི་འགོ་ཁྲིད་སྨན་པ་གྷ་ཎི་ཡ་རི་ཞེས་པ་ཞིག་གིས་ཚན་རིག་གི་ལམ་ནས་བསམ་བློ་བཏང་ན་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱེད་ན་ནད་ཡམས་ཁྱབ་གདལ་སྔོན་འགོག་བྱེད་ཐུབ། ཡིན་ནའང་ང་ཚོ་བརྟག་དཔྱད་ཁང་དུ་འཚོ་གནས་བྱེད་ཀྱི་མེད་པས་འགྲོ་བ་མིའི་དགོས་མཁོ་ལ་བསམ་ཞིབ་བྱ་དགོས། མི་ཁག་ཅིག་གིས་ནད་ཡམས་བཀག་སྡོམ་འབའ་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་ནི་སྙིང་རྗེ་མེད་པའི་སྐད་ཆ་རེད། ང་ཚོས་མི་དམངས་ཀྱི་ཉིན་རེའི་འཚོ་བར་བསམ་བློ་གཏོང་དགོས་ཞེས་བསམ་འཆར་བཤད་འདུག

སྲིད་བློན་མོ་དྷི
སྲིད་བློན་མོ་དྷི

སྲིད་བློན་མོ་དྷིའི་སློབ་སྟོན་པ་ཚན་རིག་པ་ཚོས་ཉིན་ཤས་རྗེས་སུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་ངར་ཤུགས་ཆེ་སྒང་ལ་བསླེབ་ས་རེད་ཅེས་ལམ་སྟོན་ཞུས། ཡིན་ནའང་ཁོ་ཚོས་ཟླ་བ་སྔོན་མར་སྲིད་བློན་མོ་དྷིར་རྒྱ་གར་གྱི་ནད་ཡམས་ཁྱབ་གདལ་སྐོར་སྔོན་དཔག་ལམ་སྟོན་བྱས་པ་རྣམས་འཆུགས། རྒྱ་གར་གྱི་ཚན་རིག་པ་དེ་དག་གིས་ཕྱི་ཟླ་༥་པའི་ཟླ་དཀྱིལ་ནས་རྒྱ་གར་ལ་ཉིན་ལྟར་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་འཕར་སྣོན་མི་འགྲོ་བར་གཅིག་པར་གནས་རྒྱུ་དང་དེ་ནས་ཉུང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་གར་གཞུང་གིས་མི་༤༡༢༢༦༢་ལ་ནད་དུག་འགོས་པ་དང་མི་༣༩༨༠་ལ་འཆི་སྐྱོན་ཕོག་པའི་གསལ་བསྒྲགས་སྤེལ། དེ་རིང་གཟའ་པ་སངས་ཉིན་རྒྱ་གར་བ་༤༡༤༡༨༨་ལ་ནད་དུག་འགོས་པ་དང་མི་༣༩༡༥་ལ་འཆི་སྐྱོན་ཕོག་པའི་གསལ་བསྒྲགས་སྤེལ་བར་གཞིགས་ཚེ། རྒྱ་གར་ལ་ཕྱི་ཟླ་༥་པའི་ཟླ་དཀྱིལ་དུ་ནད་དུག་ཁྱབ་གདལ་གྱི་ངར་ཤུགས་ཆེ་སྒང་ལ་བསླེབ་ཐུབ་རྒྱུ་ཁག་པོ་མིན་ནམ། སྲིད་བློན་མོ་དྷིས་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་བྱས་ནས་ནད་ཡམས་སྔོན་འགོག་བྱ་དགོས་ཞེས་རྒྱ་གར་བ་མང་དག་ཅིག་གིས་གནོན་ཤུགས་སྤྲད། རྒྱ་གར་གྱི་འཕྲུལ་རིག་ཉམས་ཞིབ་ཁང་གི་སློབ་དཔོན་ཝྭི་ཌི་ཡ་ས་གྷར་གྱིས་ཉི་མ་འགའ་ཞིག་གི་ནང་དུ་ནད་དུག་ཁྱབ་གདལ་གྱི་ངར་ཤུགས་ཆེ་སྒང་ལ་བསླེབ་ས་རེད། ད་ལྟའི་སྔོན་དཔག་ལྟར་བྱུང་ན་ཕྱི་ཟླ་༦་པའི་ཟླ་མཇུག་ཏུ་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༠༠༠༠་ལས་མེད་པའི་མཚམས་དེར་བསླེབས་ཐུབ་ཅེས་བཤད། བྷེང་ལོར་གྲོང་ཁྱེར་གྱི་ཚན་རིག་ཞིབ་འཇུག་ཁང་གི་མཁས་པ་ཚོས་ད་ལྟའི་འཆི་སྐྱོན་གྱི་གྲངས་འབོར་རྒྱུན་འཁྱོངས་བྱུང་ན་ཕྱི་ཟླ་༦་པའི་ཚེས་༡༡་ཡས་མས་སུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་གྲངས་འབོར་༤༠༤༠༠༠་ལ་སླེབས་རྒྱུ་རེད་ཅེས་སྔོན་དཔག་བྱས་འདུག

XS
SM
MD
LG