ངོ་འཕྲད་བདེ་བའི་དྲ་འབྲེལ།

 རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གནམ་གྲུ་བརྡབས་ནས་སྲོག་སྐྱོན། 


༄༅།། རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ར་ཝ་ཏ་དང་བཟའ་ཟླ། རྒྱ་གར་གྱི་མཐོ་རིམ་དམག་དོན་མི་སྣ་ཁག་ཅིག་བཅས་ཁྱོན་བསྡོམས་མི་༡༤་ཐད་འཕུར་གནམ་གྲུ་ཞིག་གི་ནང་དུ་ཕེབས་ཀྱི་ཡོད་པའི་སྐབས་སུ་གནམ་གྲུ་བརྡབ་སྐྱོན་བྱུང་ནས་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཝ་ར་ཏ་བཅས་མི་༡༢་ལ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག མི་སྣ་རྨས་སྐྱོན་བྱུང་བ་ཁག་ཅིག་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱས་ཀྱང་སྲོག་སྐྱོབ་མ་ཐུབ། ད་དུང་ཡང་རྒྱ་གར་གྱི་ཉེན་སྐྱོབ་ལས་མི་ཚོས་དུད་སྤྲིན་དང་མེ་ཕུང་ཁྲོད་དུ་ཕུང་པོའི་ལྷག་རོ་རྣམས་འཚོལ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༡༢་པའི་ཚེས་༨་ཉིན་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ར་ཝ་ཏ་དང་དཔོན་རིགས་ཁག་ཅིག་སུ་ལུར་མཁའ་དམག་ལྟེ་གནས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ཏ་མིལ་ན་རྡུ་མངའ་སྡེའི་ཝི་ལིང་ཊོན་དམག་དོན་སློབ་གླིང་ལ་གཏམ་བཤད་བྱེད་དུ་ཕེབས་ཡོད་ཅིང་། ཐད་འཕུར་གནམ་གྲུ་དེ་ཀུ་ནུར་ཞེས་པའི་རི་གྲོང་ཞིག་བརྒྱུད་ནས་འཕུར་སྐྱོད་བྱས་པ་རེད་ཅེས་བཤད། རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་གིས་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པའི་ཐད་འཕུར་གནམ་གྲུར་བརྡབ་སྐྱོན་བྱུང་བའི་གནས་ཚུལ་རྣམས་འཕྲལ་དུ་སྲིད་བློན་མོ་དྷིར་སྙན་སེང་ཞུས་ཏེ་རྒྱ་གར་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་ཛ་དྲག་གི་ཚོགས་འདུ་ཚོགས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་སང་ཉིན་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་གིས་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པའི་གནམ་གྲུར་བརྡབ་སྐྱོན་བྱུང་བའི་གནས་ཚུལ་ཞིབ་ཕྲ་ཞིག་རྒྱལ་ཡོངས་གྲོས་ཚོགས་ལ་སྙན་སེང་ཞུ་འཆར་འདུག་ཅེས་གནས་ཚུལ་སྤེལ་ནས་རི་གྲོང་ཞིག་ཏུ་གནམ་གྲུ་དེར་བརྡབ་སྐྱོན་བྱུང་སྟེ་མེར་འཚིག་བཞིན་ཡོད་པའི་བརྙན་འཕྲིན་སྟོན་གྱི་ཡོད་པར་མ་ཟད། རི་གྲོང་དེ་ལས་སླ་པོར་ཐར་ས་ཞིག་ཀྱང་མ་རེད་ཅེས་ཏ་མིལ་ན་རྡུ་མངའ་སྡེའི་ཤིང་ནགས་བློན་ཆེན་གྱི་གསར་འགོད་པ་ཚོར་བཤད་འདུག རྒྱ་གར་གྱི་མཁའ་དམག་སྤྱི་ཁྱབ་ཁང་གིས་ཐད་འཕུར་གནམ་གྲུ་དེར་བརྡབ་སྐྱོན་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་ཇཱེ་ཇཱེ་སིང་གིས་ཐད་འཕུར་གནམ་གྲུ་དེ་ཡག་པོ་ཡོད། ང་གནམ་གྲུ་དེའི་ནང་དུ་ས་གནས་བཙན་ས་ཁག་དང་གནམ་ངོ་ཐང་འཐིབ་གཉིས་ཀའི་སྐབས་སུ་འགྲིམ་འགྲུལ་ལན་མང་བྱས་མྱོང་ཞེས་བཀྲལ། ཐད་འཕུར་གནམ་གྲུ་དེ་ཨུ་རུ་སུས་བཟོས་པའི་Mi-17V5་རྟགས་ཅན་གསར་པའི་གྲས་ཤིག་ཡིན་ཞིང་། རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱལ་སྲུང་བློན་ཆེན། མཐོ་རིམ་དམག་དོན་མི་སྣ་སོགས་རྒྱ་གར་གྱི་ཞི་དྲག་གི་དཔོན་རིགས་རྣམས་རྟག་ཏུ་ཐད་འཕུར་གནམ་གྲུ་དེ་དག་གི་ནང་དུ་འགྲིམ་འགྲུལ་བྱེད་ཀྱི་ཡོད་པ་དང་རྒྱ་གར་གྱིས་ཨུ་རུ་སུ་ནས་Mi-17V5་རྟགས་ཅན་གྱི་ཐད་འཕུར་གནམ་གྲུ་མང་དག་ཅིག་ནང་འདྲེན་བྱས་འདུག

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༦༣་ལ་སོན་པའི་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ར་ཝ་ཏས་ལོ་བཅུ་ཕྲག་བཞི་ལྷག་ལ་རྒྱ་གར་གྱི་དམག་ཁོངས་སུ་སྲི་ཞུ་བསྒྲུབས། ཁོང་གི་ཕ་མེས་སོགས་མི་རབས་འགའ་ཞིག་རྒྱ་གར་གྱི་དྲག་པོའི་སྒྲིག་འཛུགས་ཁོངས་སུ་ཞུགས་ཏེ་རྒྱལ་ཁབ་ལ་སྲི་ཞུ་བསྒྲུབས་པའི་ལོ་རྒྱུས་ཡོད་པ། དམག་སྤྱི་ར་ཝ་ཏས་ཧིན་བོད་ས་མཚམས་ཀྱི་ཀ་སྨིར་ས་གནས་སུ་དམག་དཔུང་བཀོད་འདོམས་པའི་ལས་འགན་ཁུར། དེ་བཞིན་འབར་མའི་ས་མཚམས་སུ་ཆགས་པའི་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་ཏུ་མཐའ་མཚམས་སྲུང་སྐྱོབ་ཀྱི་ལས་འགན་བསྒྲུབས་པའི་སྐབས་སུའང་གྱེན་ལོག་ཟིང་འཁྲུག་ཞོད་འཇགས་བཏང་ནས་གྲུབ་འབྲས་ཐོན། སྲིད་བློན་མོ་དྷིས་༢༠༡༩་ལོར་དམག་སྤྱི་ར་ཝ་ཏ་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པར་བསྐོས། དམག་སྤྱི་ར་ཝ་ཏ་ནི་རྒྱ་གར་གྱི་དམག་དོན་མི་སྣ་ཚོས་ཧ་ཅང་གུར་བཀུར་ཞུ་ཡུལ་དང་རྒྱ་གར་གྱི་རྒྱལ་སྲུང་དམག་དཔུང་གིས་ཡིད་ཆེས་བློ་འགེལ་བྱ་ཡུལ་གྱི་དམག་སྤྱི་མཆོག་ཏུ་གྱུར་པ་ཞིག་ཡིན་འདུག རྒྱ་གར་གྱི་དམག་དོན་ལྷན་ཁང་དང་རྒྱལ་སྲུང་ལྷན་ཁང་སོགས་ཀྱིས་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པའི་ཐད་འཕུར་གནམ་གྲུ་དེའི་འཕྲུལ་ཆས་ལ་སྐྱོན་ཞུགས་པ་ཡིན་ནམ། དྲག་ཆར་རླུང་འཚུབ་བྱུང་སྟེ་གནམ་གཤིས་ལ་བརྟེན་ནས་བརྡབ་སྐྱོན་བྱུང་བ་ཡིན་ནམ། དེ་མིན་ན་ཁ་ལོ་སོགས་ཀྱིས་གཟབ་ནན་མ་བྱས་པར་བརྡབ་སྐྱོན་བྱུང་བ་ཡིན་མིན་བཅས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་གནས་ཚུལ་སྤེལ། འོན་ཀྱང་རྒྱ་གར་གྱི་གནམ་དམག་གི་ཐད་འཕུར་གནམ་གྲུའི་ཁ་ལོ་བ་ཚོར་ལ་དྭགས་དང་ཀསྨིར། མོན་རྟ་དབང་ཕྱོགས་དང་འབྲས་ལྗོངས་སོགས་ཧིན་བོད་ས་མཚམས་ཀྱི་རྫ་རི་བྲག་རི། གངས་རིའི་ཁྲོད་དུ་ཐད་འཕུར་གནམ་གྲུ་བཏང་སྟེ་ཉམས་མྱོང་དང་སྦྱོང་བརྡར་ཐོབ་ནས་འཛམ་གླིང་གི་ཐད་འཕུར་གནམ་གྲུའི་ཁ་ལོ་རྩེ་ཕུད་གྲས་སུ་ཚུད། དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༧་ལོར་ཡང་ཧིན་བོད་ས་མཚམས་ཀྱི་ཨ་རུ་ན་ཅལ་མངའ་སྡེར་རྒྱ་གར་གྱི་མཁའ་དམག་ལ་སྦྱོང་བརྡར་སྤྲད་པའི་སྐབས་སུ་ཐད་འཕུར་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་ནས་མི་༧་ལ་སྲོག་སྐྱོན་བྱུང་འདུག

the Indian Press Information Bureau (PIB)
the Indian Press Information Bureau (PIB)

༢༠༢༠་ལོ་ནས་རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་ས་མཚམས་ས་མཚམས་སུ་དམག་འཁྲུག་རྒྱག་གྲབས་བྱེད་ཀྱི་ཡོད་ཀྱང་དམག་སྤྱི་ར་ཝ་ཏས་རྒྱ་ནག་ལ་རྒོལ་ལན་ཚུལ་བཞིན་སློག་རྒྱུའི་དམག་དོན་འཐབ་ཇུས་གཏན་འབེབས། ཁོང་གིས་རྒྱ་གར་གྱི་དམག་ལ་ཨུ་རུ་སུ་དང་ཧྥ་རན་སི། ཨ་མི་རི་ཀ་སོགས་ནས་འཐབ་འཛིང་གནམ་གྲུ་དང་མེ་ཤུགས་འཕུར་མདེལ། ཁ་ལོ་བ་མེད་པའི་འཕུར་གྲུ་སོགས་དམག་དོན་མཚོན་ཆ་གསར་པ་གང་མང་ནང་འདྲེན་བྱེད་དགོས་མིན་གྱི་ལམ་སྟོན། རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གིས་དུས་མཉམ་དུ་རྒྱ་ནག་ལ་འཐབ་རྒོལ་བྱེད་ཐུབ་པའི་ཇུས་གཤོམ། གལ་ཏེ་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་བརྒྱབ་ན་རྒྱ་གར་གྱིས་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀར་ཁ་གཏད་གཅོག་དགོས་པའི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་རྒྱ་གར་གྱི་དམག་དཔུང་འགྲེམ་འཇོག་བྱས་པ་སོགས་ཀྱི་མཛད་རྗེས་ཤིན་ཏུ་ཆེ། ད་ལྟའི་ཛ་དྲག་གི་དུས་སུ་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གནམ་གྲུ་བརྡབ་སྐྱོན་བྱུང་ནས་སྲོག་སྐྱོན་ཕོག་པ་ནི་རྒྱ་གར་གྱི་དམག་དོན་འཐབ་ཇུས་དང་དམག་དཔུང་བཀོད་འདོམས་ལ་གྱོང་གུད་ཆེན་པོ་ཞིག་ཡིན་ཞིང་། རྒྱ་གར་གཞུང་དམངས་གཉིས་ཀས་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པར་སྲོག་སྐྱོན་བྱུང་བར་མྱ་ངན་དང་ཕངས་སེམས། རྒྱ་གར་གྱི་དམག་གིས་མཐའ་མཚམས་སྲུང་སྐྱོབ་དང་རྒྱལ་སྲུང་གི་ལས་དོན་ལ་འཐུས་ཤོར་མེད་པར་སྲུང་སྐྱོབ་གཟབ་ནན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG