ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྒྱ་གཞུང་གིས་བོད་ནང་མཚོ་བྱང་མདོ་ལ་ནས་བོད་པ་བུད་མེད་ཅིག་འཛིན་བཟུང་།


རྒྱ་གཞུང་གིས་བོད་པ་བུད་མེད་ཅིག་འཛིན་བཟུང་གི་སྐོར་བོད་ཀྱི་དུས་བབ་གསར་ཁང་གི་གནས་ཚུལ་སྤེལ་དོན་ལྟར་ན་ཉེ་སྔོན་ཕྱི་ཟླ༡༠ ཚེས་༢༦ ཉིན། རྒྱ་ནག་གི་ཉེན་རྟོག་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་ནས་ཡིན་པའི་བོད་པ་བུད་མེད་དབང་ཕྱུག་མཚོ་ཞེས་པ་ཞིག་གིས། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཏིག་ཡེན་དང་། སྐད་འཕྲིན་ཚོགས་པ་ཞིག་ཏུ་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་བརྙན་ཞིག་གི་པར་བསྐུར་བའི་རྐྱེན་གྱིས། མཚོ་བྱང་ཁུལ་དང་མདོ་ལ་རྫོང་གི་ཉེན་རྟོག་པས་ཁོང་མོ་འཛིན་བཟུང་བྱས་ཏེ་བདུན་ཕྲག་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་། ནང་མི་གཉེན་འབྲེལ་ཚོར་གནས་ཚུལ་གང་ཡང་མཁོ་སྤྲོད་བྱས་མི་འདུག

ཉེ་ལམ་དབང་ཕྱུག་མཚོའི་ནང་མི་དང་གཉེན་ཉེ་ཁག་ཅིག་མདོ་ལ་རྫོང་ཉེན་རྟོག་ཁང་དུ་ཕྱིན་ནས་མོའི་སྐོར་སྐད་ཆ་འདྲི་སྐབས། ཁོང་མོས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་དྲ་ཚོམས་སུ་བསྐུར་བ། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་ཁག་ཅིག་ལ་ཡིག་ཐོག་ནས་འབྲེལ་བ་བྱས་ཡོད་ལུགས་བཤད་ནས་ཁོང་མོར་ཐུག་འཕྲད་བྱེད་དུ་བཅུག་མེད་པ་མ་ཟད། ཁོང་མོའི་བཟའ་ཟླའི་ཁ་པར་ཡང་གློ་བུར་དུ་བཙན་འཕྲོག་བྱས་ཏེ་ཕྱིར་སྤྲད་མེད་སྐོར་མཁོད་ཡོད་པ་རེད། དེ་དང་ཆབས་ཅིག་འདི་གའི་རླུང་འཕྲིན་ཁང་གིས་ས་གནས་མདོ་ལ་རྫོང་ནས་ཡིན་པའི་བོད་མི་ཞིག་ལ་གནས་ཚུལ་རྒྱུས་ལོན་བྱས་སྐབས་བརྗོད་དོན་ལྟར་ན། གོང་བརྗོད་འབྲོང་ལུང་ཡུལ་མཚོ་ནས་ཡིན་པའི་དབང་ཕྱུག་མཚོ་ལགས་འཛིན་བཟུང་བྱས་སོང་ཟེར་བ་དེའི་སྐོར་ལ་ཞིབ་ཚགས་ཀྱི་དོན་དག་འདྲ་གང་ཡང་ཤེས་རྟོག་ཐུབ་ཀྱིན་མིན་འདུག་མོད། ཡིན་ནའང་། དབང་ཕྱུག་མཚོ་ལགས་དང་ངེད་གཉིས་རྫོང་གཅིག་པ་ཡིན་པས་ན་ང་ཚོ་ས་གནས་ལ་མཚོན་ན་རྒྱལ་ཁབ་ཀྱི་ཁྲིམས་བཙན་ནི་རེད། འབྲོང་ལུང་ཡུལ་མཚོ་ནི་བོད་འབྲོག་ལས་ཁོ་ན་བསྟེན་ས་ཞིག་ཡིན་པ་དང་། མང་ཚོགས་ཕལ་ཆེ་བ་ཡིག་རྨོང་ཡིན་ནི་རེད། ༧གོང་ས་མཆོག་གི་གཟུགས་རིས་དང་འདྲ་བའི་པར་རིས་ཤིག་དྲ་ལམ་དུ་སྤེལ་ཡོད་སྲིད་མོད་། དེ་ནི་རང་གི་དད་པ་གཙང་མ་ཞིག་གིས་སྒོ་ནས་སྤེལ་བ་ལས་རྒྱལ་ཁབ་ལ་གནོན་པ་ཞིག་ལས་ཡོད་ནི་མ་རེད་། འོན་ཀྱང་དེང་སང་སྔར་དང་མི་འདྲ་བར་རྒྱལ་ཁབ་ཀྱི་ཁྲིམས་ཟེར་ན་མང་ཚོགས་ཚང་མ་སྐྲག་དངངས་སྐྱེས་པའི་དམ་དྲག་ཞིག་ཡོད་པ་རེད།

སྐད་འཕྲིན་དང་དམིག་གསལ་མགྱོགས་འཕྲིན་དེ་དར་བ་ནས་བཟུང་། སྔ་ཕྱི་བར་གསུམ་དུ་མགྱོགས་འཕྲིན་རྩེད་མཁན་ཚོར་རྒྱལ་ཁབ་ཀྱི་ཚོགས་འདུ་བསྡུ་བའམ་ཡང་ན་ས་གནས་ཉེན་རྟོག་ཁང་དུ་འབོད་འགུག་གིས་དྲ་རྒྱའི་ཁྲིམས་སྒྲིག་སྐོར་ཡང་ཡང་བཤད་ཀྱིན་ཡོད་པ་རེད། འཐད་གཏོང་ནང་བོད་ཕྱི་ལོག་གི་གནས་ཚུལ་དང་ཡང་ན་པར་རིས་སོགས་བཞག་མི་ཆོག་པ་མ་ཟད། ཕྱི་མི་དང་དྲ་འབྲེལ་བྱེད་མི་ཉན་པ། མི་རིགས་ཀྱི་ལ་རྒྱ་ཅན་གྱི་ཁ་བརྡ་དང་པར་རིས་སོགས་བཞག་མི་ཆོག་པའི་སྐོར་ནས་ཁེ་ལེན་ཡི་གེ་ལ་མཛུལ་ཐེབས་བརྒྱག་དུ་བཅུག་མཁན་མང་ཚོགས་མང་པོ་ཡོད་བ་རེད། དམིག་གསལ་ས་གནས་མང་ཚོགས་ནང་ནའང་རྒྱལ་ཁབ་ཀྱི་ལས་ཀ་བྱེད་མཁན་ཡོད་པས་ཁོང་ཚོའི་རང་གི་ཁེ་ཕན་གྱི་ཆེད་དུ་དབང་ཕྱུག་མཚོ་རྒྱལ་ཁབ་ལ་རྩིས་སྤྲད་དེ་མ་ཉེས་ཁ་གཡོག་བྱས་ཡོད་སྲིད་པའི་དོག་པ་སྐྱེས་པ་ཞིག་ཀྱང་རེད།

དེངས་སྐབས་དྲ་རྒྱ་འདི་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་ཁོ་མོའི་པར་རིས་ཤིག་བཞག་པ་དེར་དྲ་གྲོགས་མང་པོའི་དཔྱད་མཆན་འདྲ་མིན་སྣ་ཚོགས་བཀོད་པ་ལ་བརྟེན། རྒྱལ་ཁབ་ཀྱི་དོགས་གཞིའི་དབང་གིས་ཁོ་མོ་འཛིན་བཟུང་འདྲི་རྩད་བྱས་པ་ཡིན་གྱི་རེད་མོད། དོན་དངོས་སུ་རྩ་ཁྲིམས་དང་འགལ་བའི་གནད་དོན་ཞིག་ལ་ཐུག་ཡོད་པ་མ་རེད། མང་ཚོགས་ཉམས་ཆུང་ཡིན་པས་ན་རྒྱལ་ཁབ་ཀྱི་ནག་ཉེས་ཉེས་འགལ་བྱས་ན་རྒོལ་ལན་སློག་མཁན་དཀའ་མོ་རེད། དོན་ངོ་མ་བཙན་དབང་ཁོ་ནའི་རྣམ་པ་ཞིག་ཀྱང་ཡིན་པ་རེད་མོད། འདིའི་སྐོར་ནས་མང་པོ་བཤད་ན་ཁྲིམས་ལ་ཐོག་རྒྱུར་ཉེན་ཁ་འདུག་ཅེས་སོགས་བརྗོད་སོང་།

XS
SM
MD
LG