ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་བདེ་འཇགས་ཁྲིམས་ཀྱིས་ཧོང་ཀོང་ལ་ཐེབས་པའི་ཤུགས་རྐྱེན།


ཉེན་རྟོག་པས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་མི་སྣ་ཞིག་འཛིན་བཟུང་བྱས།
ཉེན་རྟོག་པས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་མི་སྣ་ཞིག་འཛིན་བཟུང་བྱས།

༄༅།། ལོ་གསུམ་གྱི་སྔོན་དུ་ཧོང་ཀོང་གཞུང་གིས་དམངས་གཙོའི་ལས་འགུལ་བ་༤༧་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས། གཟའ་འཁོར་འདིར་མི་དེ་དག་གི་ཁོངས་ནས་མི་༡༦་ལ་ཁྲིམས་ཐག་གཅོད་རྒྱུའི་གསར་འགྱུར་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༢༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ས་གནས་སུ་ཕྱོགས་འགལ་དམངས་གཙོ་ཚོགས་པར་སྟོབས་ཤུགས་ཅུང་ཟད་ཡོད་པའང་ཉམས་དམས་སུ་གཏོང་ས་རེད་ཅེས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་བཙན་འགེལ་བྱས་པའི་རྗེས་ཀྱི་ཉིན་ཞིག་གི་ཐོ་རངས་སུ་ཉེན་རྟོག་པས་དམངས་གཙོའི་ལས་འགུལ་བ་རྣམས་རང་རང་གི་ཁྱིམ་ནས་དུས་གཅིག་ཏུ་ཁྲིད།།

གཟའ་འཁོར་འདིའི་ཁྲིམས་བཤེར་ནི་ཧོང་ཀོང་གི་དམངས་གཙོ་ཕྱོགས་འགལ་ཚོགས་པར་དྲག་གནོན་ཕོག་པ་ཚབས་ཆེ་ཤོས་དང་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ཏུ་དམ་པོར་ཚུད་པ་མཚོན་ནུས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་༤༧་འཛིན་བཟུང་བྱས་པ་དེ་དག་གི་གྲས་ཀྱི་མི་༣༡་གིས་རང་ལ་ནག་ཉེས་ཡོད་ཅེས་ངོས་ལེན་ཞུས། མི་༡༦་གིས་རང་ལ་ནག་ཉེས་མེད་ཅེས་ཉེས་འཛུགས་ཁག་ཁས་མ་བླངས། ༢༠༡༩་ནས་ཧོང་ཀོང་བ་ཚོས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་ངོ་རྒོལ་བྱ་རྒྱུ་མགོ་བརྩམས། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་༤༧་ལ་བཙུགས་པའི་ནག་ཉེས་གཙོ་བོ་ནི་༢༠༢༠་ལོའི་ཕྱི་ཟླ་༧་ནང་གཞུང་འབྲེལ་མ་ཡིན་པའི་འོས་བསྡུ་བྱས་ཏེ་ས་གནས་སྲིད་གཞུང་ནུས་མེད་གཏོང་རྒྱུའི་ངན་ཇུས་བཤམས་པ་རེད་ཅེས་ཡིག་ཆའི་ནང་དུ་བཀོད།།

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོས་གཞུང་འབྲེལ་མ་ཡིན་པའི་འོས་བསྡུ་བྱས་ནས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་གདན་ཐོབ་འཛིན་རྒྱུའི་འབད་བརྩོན་བྱས་པ་ཡིན་ཟེར། སང་ཉིན་གཟའ་ཕུར་བུ་དང་པ་སངས་གཉིས་ལ་ཧོང་ཀོང་གི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ཨ་ལིག་སི་ལི་དང་ཨན་ཌི་རིའུ་ཆན། ཇཱོན་ཆན་གསུམ་གྱིས་ཁྲིམས་བཤེར་བྱས་ནས་བཅད་ཁྲ་བསྒྲག་རྒྱུ་ཡིན་ཞེས་ཁྲིམས་ཁང་གི་དྲྭ་ཚིགས་སུ་འཁོད། ཧོང་ཀོང་གཞུང་གིས་ཉེས་འཛུགས་བྱ་ཡུལ་མི་ཕལ་ཆེ་བ་༢༠༢༡་ལོའི་ཕྱི་ཟླ་༢་པའི་ཚེས་༢༨་ཀྱི་ཐོ་རངས་སུ་བཀག་ཉར་བྱས་ནས་བཟུང་སྟེ་ཉི་གྲངས་༡༠༠༠་ལྷག་འདས། ཨ་རི་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ཧོང་ཀོང་གི་ཁྲིམས་བཤེར་དེ་ཆབ་སྲིད་ཀྱི་ཀུན་སློང་བཅངས་པ་ཞིག་རེད་ཅེས་ཁ་རྡུང་བཏང་འདུག ཧོང་ཀོང་གཞུང་གིས་དམངས་གཙོའི་ལས་འགུལ་བ་༤༧་འཛིན་བཟུང་བྱས་པ་དེ་དག་གི་ཁོངས་ནས་མི་༡༣་ལ་དངུལ་སྒོར་བཅའ་མ་འཇོག་ཏུ་བཅུག་སྟེ་བཙོན་བཀྲོལ་ཐོབ།།

ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་དམངས་གཙོའི་ལས་འགུལ་བ་ལེང་གོ་ཤུང་
ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་དམངས་གཙོའི་ལས་འགུལ་བ་ལེང་གོ་ཤུང་

ཕྱི་ཟླ་༥་པའི་ཚེས་༢༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གཞུང་གིས་ཁྲིམས་ཐག་གཅོད་འཆར་ཡོད་པ་དེ་དག་གི་གྲས་སུ་ལོ་ན་༦༨་ལ་སོན་པའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་དམངས་གཙོའི་ལས་འགུལ་བ་ལེང་གོ་ཤུང་ངམ། རྒྱལ་སྤྱིའི་ཐོག་ཏུ་འཐུས་མི་དབུ་སྐྲ་རིང་པོ་ཞེས་འབོད་པའང་ཚུད་ཡོད་ཅིང་། ཁོང་དང་ཆུང་མ་ཆན་པོ་དབྱིང་གཉིས་ལ་སྐར་མ་བཅོ་ལྔའི་ཐུག་འཕྲད་ཀྱི་གོ་སྐབས་ལས་མ་སྤྲད། ཧོང་ཀོང་གཞུང་གིས་འཛིན་བཟུང་བྱས་པའི་དམངས་གཙོའི་ལས་འགུལ་བ་རྣམས་རང་གི་བཟའ་ཟླ་དང་དགའ་ཉེ་གྲོགས་པོ་སོགས་ལ་འབྲེལ་བ་ཆད། ལེང་གོ་ཤུང་གིས་གད་མོ་དགོད་ཞོར་དུ་ང་ཚོ་རྣམ་དག་ཡིན་རྒྱུ་ཐལ་དྲགས་པ་འདྲ་ཞེས་གསར་འགོད་པའི་དྲི་བར་ལན་བཏབ།།

ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དབུ་སྐྲ་རིང་པོའི་ཆུང་མ་ཆན་པོ་དབྱིང་ནི་༡༩༧༥་ནས་མར་ཁེ་སི་རིང་ལུགས་ཀྱི་ཚོགས་པ་ཞིག་གི་ཁོངས་སུ་ཞུགས་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ། ཁོ་མོ་ཧོང་ཀོང་གི་ས་ཐོག་ཏུ་དམངས་གཙོ་ཚོགས་པ་ཉུང་ཤས་ཤིག་ལུས་ཡོད་པ་དེ་དག་གི་གྲས་ཀྱི་སྤྱི་ཚོགས་དམངས་གཙོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་། ཆན་པོ་དབྱིང་གིས་ང་ལ་རེ་བ་ཆེན་པོ་མེད། ཁོ་ཚོར་ནག་ཉེས་མེད་པའི་དཀར་འདོན་བྱུང་སྟེ་གློད་གྲོལ་ཐོབ་རྒྱུའི་གོ་སྐབས་ཤིན་ཏུ་ཆུང་། ཁྲིམས་ཁང་གིས་ཉེས་མེད་ཀྱི་བཅད་ཁྲ་བསྒྲག་རྒྱུ་ཁག་པོ་རེད་ཅེས་བཀྲལ། ཐོག་མར་ཆན་པོ་དབྱིང་གིས་ལེང་གོ་ཤུང་ནི་མི་རྙོག་གྲ་ཚ་པོ་དང་རྩོད་པ་ཐམས་ཅད་སོ་སོར་ཐོབ་དགོས་ཟེར་མཁན་ཞིག་ཏུ་མཐོང་། རིམ་བཞིན་ལེང་གོ་ཤུང་དང་ཆན་པོ་དབྱིང་གཉིས་ཕན་ཚུན་བརྩེ་དུང་འཕེལ་ཏེ་ཁྱིམ་ཚང་གཅིག་ཏུ་འདུས། ད་ལྟ་ཁོ་ཚོ་བཟའ་ཚང་ཙམ་མིན་པར་དཔུང་པ་མཉམ་གཤིབ་ཀྱི་འཐབ་གྲོགས་སུ་གྱུར་ཡོད་ཅེས་བཤད་འདུག

་ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཐེ་ཡའོ་ཐིང་
་ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཐེ་ཡའོ་ཐིང་

ཕྱི་ཟླ་༥་པའི་ཚེས་༢༩་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གཞུང་གིས་ཁྲིམས་བཤེར་བྱ་འཆར་ཡོད་པ་དེ་དག་གི་གྲས་ཀྱི་མི་གཞན་པ་ཞིག་ནི་ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཐེ་ཡའོ་ཐིང་ཡིན་ཞིང་། རྒྱ་ནག་གཞུང་གིས་སློབ་དཔོན་ཐེ་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་བྱེད་མཁན་དང་ཧོང་ཀོང་རང་བཙན་གྱི་རྒྱབ་སྐྱོར་བྱེད་མཁན་གཏེ་དཔོན་ཞིག་རེད་ཅེས་ནག་ཉེས་བཀལ། ༢༠༡༤་ལོར་སློབ་དཔོན་ཐེས་ཧོང་ཀོང་ལ་དམངས་གཙོའི་ཐོབ་ཐང་ཆེ་རུ་གཏོང་དགོས་ན་ཚོང་དོན་ལྟེ་གནས་སུ་མི་ཚོགས་འདུས་ཏེ་ངོ་རྒོལ་བྱ་དགོས་པའི་རྩོམ་ཡིག་བྲིས་ནས་སྙན་གྲགས་རྒྱས། སྐབས་དེའི་ངོ་རྒོལ་ལ་ཧོང་ཀོང་གི་ཉི་གདུགས་སེར་པོའི་ལས་འགུལ་ཞེས་མིང་ཐོགས། ༢༠༡༩་ལོར་ཧོང་ཀོང་གཞུང་གིས་སློབ་དཔོན་ཐེ་ཡའོ་ཐིང་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས་པའི་ནག ཉེས་ཐོག་ཏུ་བཙོན་ལ་བཅུག ཕྱི་ལོ་དེར་ཧོང་ཀོང་སློབ་གྲྭ་ཆེན་མོས་སློབ་དཔོན་ཐེ་ལས་གནས་ནས་ཕྱིར་ཕུད་བྱས་ཤིང་། སློབ་དཔོན་ཐེས་ཧོང་ཀོང་སློབ་གྲྭ་ཆེན་མོས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་ནས་མཁས་པའི་དཔྱད་གླེང་རང་དབང་ལ་རྫོགས་ཚིག་བརྒྱབ་པ་རེད་ཅེས་བློ་ཕམ་གྱི་རྣམ་འགྱུར་བསྟན།།

བདུན་ཕྲག་འདིར་ཁྲིམས་བཤེར་བྱེད་ཀྱི་ཡོད་པའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་གཞན་ཞིག་ནི་ཇཱོ་ཤཱི་བ་ཝང་ཡིན་པར་མ་ཟད། ཁོ་པ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་ཚབ་མཚོན་ལྟ་བུ་ཞིག་ཏུ་གྱུར། ཇཱོ་ཤཱི་བ་ཝང་༢༠༡༤་ལོའི་ཧོང་ཀོང་གི་ཉི་གདུགས་སེར་པོའི་ངོ་རྒོལ་ལ་ཞུགས་པ་ནི་ཆབ་སྲིད་ཀྱི་ལས་འགུལ་ཐེངས་དང་པོ་ཡིན་འདུག རང་ལོ་༢༠་ཐམ་པ་ནས་ཇཱོ་ཤཱི་བ་ཝང་བཙོན་དུ་ཚུད་དེ་རང་དབང་བརླགས། ༢༠༡༩་ལོར་ཇཱོ་ཤཱི་བ་ཝང་གི་འགོ་ཁྲིད་འོག་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོས་ཉེན་རྟོག་སྤྱི་ཁྱབ་ཁང་མཐའ་བསྐོར་ནས་ཆུ་ཚོད་བཅོ་ལྔར་ལམ་བཀག ཧོང་ཀོང་གཞུང་གིས་ཇཱོ་ཤཱི་བ་ཝང་གིས་ཉེན་རྟོག་སྤྱི་ཁྱབ་ཁང་རྦད་དེ་མཐའ་བསྐོར་དགོས་པའི་བཀོད་འདོམས་བྱས་པ་རེད་ཅེས་ནག་ཉེས་བཙུགས། ཁོ་པས་ཧོང་ཀོང་གི་ངོ་རྒོལ་དེ་མང་ཚོགས་ཀྱིས་རང་ངོས་ནས་སྤེལ་བའི་འགོ་ཁྲིད་མེད་པའི་ལས་འགུལ་ཞིག་རེད་ཅེས་ལན་གླན། བཙོན་ཁང་དུ་ཇཱོ་ཤཱི་བ་ཝང་འདོམ་གང་གྲུ་བཞིའི་ནང་དུ་བཅུག་པའི་གནས་ཚུལ་ཐོན་འདུག

༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༣༠་ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་བཙན་གྱིས་གཏན་འབེབས་བྱས་ནས་ཧོང་ཀོང་གཞུང་ལ་སྤྱི་ཚོགས་ལྷིང་འཇགས་སླར་གསོ་བྱོས་ཞེས་བཀའ་ཕབ། ཉིན་དེར་ཧོང་ཀོང་གི་སྲིད་དོན་ཚོགས་པ་འགའ་ཞིག་ཁྲིམས་འགལ་དུ་བསྒྱུར་ནས་མེད་པར་སོང་། དེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་ཧོང་ཀོང་ས་གནས་གཞུང་གིས་དམངས་གཙོའི་སྔོན་འགྲོའི་འོས་བསྡུ་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་རྒྱབ་འགལ་རེད་ཅེས་བརྩི་མེད་བཏང་མོད། འོན་ཀྱང་ཧོང་ཀོང་གི་དམངས་གཙོ་ཚོགས་པ་ཁག་གིས་གཞུང་འབྲེལ་མ་ཡིན་པའི་འོས་བསྡུ་བྱས་པ་དེར་མི་གྲངས་༦༡༠༠༠༠་ལྷག་གིས་འོས་ཤོག་འཕངས། འོས་མི་འདེམས་ཐོན་བྱུང་བ་རྣམས་གཞུང་འབྲེལ་གྱི་དངོས་གཞིའི་འོས་བསྡུ་ཁག་ལ་འགྲན་ཞུགས་བྱ་དགོས། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་རྣམས་པེ་ཅིང་གི་བཀའ་ལ་ཉན་མཁན་ཁོ་ན་མིན་པར་ས་གནས་མང་ཚོགས་ཀྱི་བདེ་དོན་སྒྲུབ་མཁན་རྣམས་གདམ་དགོས་ཞེས་རྒྱ་ནག་གི་ཁ་གཏད་དུ་ལངས་སོ།།

གླེང་སྟེགས།

XS
SM
MD
LG