ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧང་གྷ་རིའི་མི་དམངས་ཀྱིས་རྒྱ་ནག་གི་སློབ་ཆེན་འཛུགས་རྒྱུ་དེར་ངོ་རྒོལ། 


༄༅།། ཕྱི་ཟླ་༦་ཚེས་༧་ཉིན་རོ་ཡེ་ཊར་སི་དང་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཧང་གྷ་རིའི་རྒྱལ་ས་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་དུ་རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཡན་ལག་སློབ་ཆེན་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པ་དང་འཛུགས་སྐྲུན་གྱི་ལས་དོན་ཁག་ཅིག་ཀྱང་མགོ་བརྩམས། གཟའ་མཇུག་དེར་ཧང་གྷ་རིའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་འོག་མི་མང་སྟོང་ཕྲག་མང་པོས་སྲིད་བློན་ཨོར་བྷན་གྱི་གཞུང་གིས་རྒྱ་ནག་ལ་འབྲེལ་བ་འཛིན་རྒྱུ་ཐལ་དྲགས་ཀྱི་འདུག་ཅེས་ངོ་རྒོལ་ཁྲོམ་སྐོར་ཤུགས་ཆེན་བྱུང་། ཁ་སང་གཟའ་ཉི་མའི་ཕྱི་དྲོར་སྲིད་བློན་ཨོར་བྷན་གྱི་མཐོ་རིམ་ལས་སྣེ་ཞིག་གིས་རྒྱ་ནག་གི་སློབ་ཆེན་ཞིག་འཛུགས་སྐྲུན་བྱ་རྒྱུ་ནི་འཆར་འགོད་ཀྱི་རིམ་པ་དེར་ཡོད། ༢༠༢༣་ཡས་མས་སུ་འཆར་གཞི་དེ་གཏན་འབེབས་བྱུང་ན་རྒྱལ་སའི་མི་མང་ལ་འདོད་པ་ཡོད་མེད་མང་མོས་འོས་འདེམས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་ཡོད་པ་སྟེ། སྲིད་བློན་ཨོར་བྷན་གྱི་ལས་བྱེད་པའི་སྤྱི་ཁྱབ་འགན་འཛིན་གྷུལ་ཡ་སིས་གསར་འགོད་པ་ཚོར་བརྗོད་དོན། ང་ཚོས་ལས་གཞི་དེའི་གནས་སྟངས་རྣམས་གསལ་པོ་བྱུང་མཚམས་སུ་རྒྱལ་ས་བྷུ་དྷ་ཕེ་སི་ཊིའི་མི་མང་ལ་ཧྥུ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱེད་དུ་འཇུག་འདོད་ཡོད་མེད་མང་མོས་འོས་འདེམས་བྱ་རྒྱུ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད། འདི་ནི་ཐོག་མར་སྲིད་བློན་ཨོར་བྷན་གྱི་གཞུང་གིས་རྒྱལ་ས་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་དུ་རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཡན་ལག་ཅིག་འཛུགས་སྐྲུན་བྱ་རྒྱུ་ཕྱིར་འཐེན་དང་རྒྱལ་ཁབ་དེའི་ཕྱོགས་འགལ་ཚོགས་པར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པའི་རྟགས་སུ་མངོན།།

ཧང་གྷ་རིའི་རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་རྒྱ་ནག་གི་སློབ་ཆེན་འཛུག་རྒྱུར་ངོ་རྒོལ་འདུ་འཛོམས་སྟེང་གཏམ་བཤད། ༢༠༢༡།༦།༥
ཧང་གྷ་རིའི་རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་རྒྱ་ནག་གི་སློབ་ཆེན་འཛུག་རྒྱུར་ངོ་རྒོལ་འདུ་འཛོམས་སྟེང་གཏམ་བཤད། ༢༠༢༡།༦།༥

ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱིས་རྒྱ་ནག་ལ་འབྲེལ་བ་ཉེ་རུ་བཏང་སྟེ་རྒྱ་ནག་གིས་ཧང་གྷ་རིར་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ནས་མི་དམངས་ལ་ལས་ཀ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་རེ་བ་འཆང་། འོན་ཀྱང་རྒྱ་ནག་གིས་ཧང་གྷ་རིར་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུའི་རེ་བ་མ་གྲུབ་པ་དང་ཧྥུ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་གྱི་ལས་མི་རྣམས་རྒྱ་ནག་ནས་གཏོང་རྒྱུ། འཛུགས་སྐྲུན་གྱི་རྒྱུ་ཆ་རྣམས་ཀྱང་རྒྱ་ནག་ནས་སྐྱེལ་འདྲེན། ཧང་གྷ་རིའི་མི་དམངས་ལ་ལས་ཀ་དང་འཛུགས་སྐྲུན་གྱི་རྒྱུ་ཆ་ཉོ་ཚོང་སོགས་ཀྱི་ཁེ་ཕན་གང་ཡང་མ་ཐོབ། ཧང་གྷ་རིའི་ཕྱོགས་འགལ་ཚོགས་པས་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་༢༠་ཐམ་པ་འགྲོ་གྲོན་བཏང་ནས་རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཡན་ལག་ཅིག་འཛུགས་སྐྲུན་བྱ་འཆར་ཡོད་ཀྱང་དེ་ལ་ཤེས་ཡོན་སློབ་སྦྱོང་གི་གྲུབ་འབྲས་ཚུལ་བཞིན་སྨིན་རྒྱུ་ཡིན་མིན་བཤད་དཀའ། རྒྱ་ནག་གིས་ཧྥུ་ཏན་སློབ་ཆེན་བརྒྱུད་ནས་ཧང་གྷ་རི་དང་ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ཁག་ལ་གསང་ཉུལ་དང་གནས་ཚུལ་མཁོ་སྒྲུབ་ཀྱི་ལྟེ་གནས་ཤིག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཆེ་ཞེས་རྩོད་པ་བརྒྱབ། ཧང་གྷ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་ཨོར་བྷན་གྱི་གཞུང་གིས་རྒྱ་ནག་གི་ལག་ནས་ཨ་སྒོར་དུང་ཕྱུར་༢༠་ཐམ་པ་བུ་ལོན་བླངས་ཏེ་ཧྥུ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱ་རྒྱུ། ཧང་གྷ་རིར་རྒྱ་ནག་གི་སློབ་ཆེན་ཞིག་འཛུགས་འཆར་ཡོད་པ་དེ་ཡུ་རོབ་གླིང་གི་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཡན་ལག་དང་པོ་དེར་འགྱུར་རྒྱུ། ཧང་གྷ་རིའི་སློབ་ཕྲུག་གི་སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་ཞིག་ཏུ་རྒྱ་ནག་གི་ཧྥུ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བྱས་འདུག་ཅེས་བཀོད། ལོ་རྗེས་མར་ཧང་གྷ་རིར་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་པས་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཁ་རཀ་སོ་ཎི་གཞུག་ལོ་ཕྱོགས་འགལ་ཚོགས་པའི་སྲིད་བློན་འོས་མི་དང་སྲིད་བློན་ཨོར་བྷན་གྱི་ཁ་གཏད་པ་གཙོ་བོར་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

རྒྱལ་ས་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་གསར་འགོད་མགྲིན་ཚབ་པའི་ངོ་དེབ་དྲྭ་ཚིགས་སུ་གྲོང་ཁྱེར་སྤྱི་ཁྱབ་ཁ་རཀ་སོ་ཎིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་ངོ་རྒོལ་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་དང་ལྟ་གྲུབ་སོགས་གླེང་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཐུང་ཞིག་སྤེལ། གཟའ་སྤེན་པའི་ཉིན་སྐུ་ཞབས་ཁ་རཀ་སོ་ཎིས་གསར་འགོད་པ་ཚོར་ཧང་གྷ་རིའི་མི་དམངས་ཀྱིས་ཧྥུ་ཏན་སློབ་གྲྭ་ཆེན་མོར་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་གཞུང་གིས་བསམ་ཤེས་མེད་པའི་སྲིད་ཇུས་དེར་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚོན་ཐུབ། ང་ཚོ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ཏུ་ལྟ་ཚུལ་མི་མཐུན་པ་གནམ་སའི་ཁྱད་པར་ཡོད། ཧང་གྷ་རིའི་མི་དམངས་ཀྱིས་དཔྱ་ཁྲལ་འཇལ་བའི་དངུལ་སྒོར་གྱིས་རྒྱ་ནག་གི་སློབ་ཆེན་ཞིག་འཛུགས་སྐྲུན་བྱེད་དགོས་དོན་མེད་ཅེས་བཤད། གཟའ་འཁོར་སྔོན་མར་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་གཞུང་གིས་ཧྥ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱ་ཡུལ་གྱི་མཐའ་འཁོར་སྲང་ལམ་ཁག་ལ་ཏཱ་ལའི་བླ་མ་སྲང་ལམ་དང་ཡུ་གུར་བ་སྔོན་གཤེགས་དཔའ་བོའི་རྒྱ་ལམ། ཧོང་ཀོང་རང་དབང་སྲང་ལམ་དང་རྒྱ་ནག་གཞུང་གིས་བཙོན་དུ་བཅུག་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་ཞིག་གི་མཚན་བཏགས། གལ་སྲིད་ཧྥུ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་ཐུབ་ན་མ་འོངས་པར་སློབ་ཕྲུག་ཚོ་ཉིན་ལྟར་ཏཱ་ལའི་བླ་མ་སྲང་ལམ་དང་ཡུ་གུར་བའི་སྔོན་གཤེགས་དཔའ་བོའི་རྒྱ་ལམ། ཧོང་ཀོང་རང་དབང་སྲང་ལམ་སོགས་བརྒྱུད་ནས་སློབ་གྲྭར་བསྐྱོད་དགོས།།

བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་གཞུང་གིས་ཧྥ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱ་ཡུལ་གྱི་མཐའ་འཁོར་སྲང་ལམ་ཅིག་ལ་ཏཱ་ལའི་བླ་མ་སྲང་ལམ་ཞེས་མིང་བཏགས།
བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་གཞུང་གིས་ཧྥ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱ་ཡུལ་གྱི་མཐའ་འཁོར་སྲང་ལམ་ཅིག་ལ་ཏཱ་ལའི་བླ་མ་སྲང་ལམ་ཞེས་མིང་བཏགས།

ཧང་གྷ་རིའི་ཕྱོགས་འགལ་ཚོགས་པ་རྣམས་གཅིག་སྒྲིལ་བྱས་ནས་ལོ་རྗེས་མའི་འོས་འདེམས་དུས་སུ་སྲིད་བློན་ཨོར་བྷན་ཕམ་ཉེས་གཏོང་རྒྱུའི་ཤུགས་རྒྱག་གི་ཡོད་ཅིང་། ཁོ་ཚོས་སྲིད་བློན་ཨོར་བྷན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་སློབ་ཆེན་ཞིག་ཧང་གྷ་རིའི་ས་ཐོག་ཏུ་འཛུགས་འཆར་ཡོད་པ་ནི་ནུབ་ཕྱོགས་ཀྱི་དམངས་གཙོའི་ལྟ་གྲུབ་ལ་རྒྱང་ཐག་རིང་དུ་སོང་བའི་དཔང་རྟགས་སུ་བརྩིས། དཔེར་ན་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་སྤྱི་ཁྱབ་ཁ་རཀ་སོ་ཎིས་མི་དམངས་ཀྱི་སྟོབས་ཤུགས་དེས་ཡུ་རོབ་གླིང་གླིང་གི་ཆེས་བཙན་དྲག་ཅན་དང་སྒེར་དོན་ཅན། རང་མཐོང་ཅན་གྱི་སྲིད་གཞུང་དེ་ཕྱིར་ཤིག་རྒྱག་ཏུ་བཅུག་སོང་། འདི་ནི་རྒྱལ་ཁ་དང་པོ་དེ་ཡིན་ཞེས་ངོ་དེབ་ཏུ་འཕྲིན་ཐུང་ཞིག་སྤེལ། གཟའ་མཇུག་དེར་ཧོང་གྷ་རིའི་མི་མང་སྟོང་ཕྲག་མང་པོས་རྒྱབ་གཏོད་ཅེས་བྲིས་པའི་ཡིག་བྱང་དང་བོད་ཀྱི་རྒྱལ་དར་སོགས་འཕྱར་ནས་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་དུ་རྒྱ་ནག་གི་སློབ་ཆེན་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་པར་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ། ལོ་ན་༢༢་ལ་སོན་པའི་སློབ་ཕྲུག་ཕེ་ཊི་རི་ཁ་ཞེས་པ་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ཚོའི་སྲིད་གཞུང་གིས་བཀས་བཀོད་རྒྱུན་འཛིན་གྱི་རྒྱ་ནག་ལ་འབྲེལ་བ་སྲ་བརྟན་གཏོང་གི་ཡོད་པར་ང་མོས་མཐུན་མེད། ང་ཚོས་རྒྱ་ནག་གི་སློབ་ཆེན་ཞིག་འཛུགས་རྒྱུའི་ཚབ་ཏུ་སོ་སོ་རང་གི་སློབ་ཆེན་ཁག་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་བཤད། གཟའ་མཇུག་གི་ངོ་རྒོལ་ལས་འགུལ་བཀོད་སྒྲིག་པ་ཚོས་སྲིད་བློན་ཨོར་བྷན་གྱི་གཡས་ཤོག་གཞུང་འཛིན་ཚོགས་པས་རྒྱ་ནག་གི་སློབ་ཆེན་སྐད་གྲགས་ཅན་ཞིག་བཙུགས་ཏེ་སྲིད་དབང་གཅིག་སྡུད་ལམ་ལུགས་ནང་འདྲེན་བྱེད་པར་ཧང་གྷ་རིའི་སློབ་ཕྲུག་གི་སྡོད་གནས་དང་མདུན་ལམ་རྣམས་སྡེབ་ཚོང་བྱས་སོང་ཞེས་སྐྱོན་བཙུགས། ཧང་གྷ་རིའི་ཕྱོགས་འགལ་ཚོགས་པའི་སྲིད་དོན་པ་རྣམས་དང་དཔལ་འབྱོར་རིག་པ་བ་ཚོས་ཧྥུ་ཏན་སློབ་གྲྭ་ཆེན་མོ་འཛུགས་རྒྱུ་དེར་འགྲོ་གྲོན་ཆེ་དྲགས་པ་དང་འཆར་གཞི་དེ་ཚོ་ཕྱི་གསལ་ནང་གསལ་མེད་པ། འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཁྱབ་པའི་དུས་སུ་དམངས་གཙོ་ཡང་ཉམས་ཉེས་འགྲོ་སྲིད་པའི་ཉེན་ཁ་འདུག་ཅེས་བཀྲལ།།

ད་ལོའི་ཕྱི་ཟླ་༤་པའི་ནང་ཧང་གྷ་རིའི་གཞུང་གིས་ཧྥུ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ༢༠༡༩་ལོར་ཧྥུ་ཏན་སློབ་གྲྭ་ཆེན་མོས་རང་གི་རྩ་འཛིན་སྒྲིག་གཞིར་བསྐྱར་བཅོས་བཏང་སྟེ་བསམ་བློའི་རང་དབང་ཞེས་པའི་རྩ་ཚིག་རྣམས་བསུབས་ཏེ་དམར་ཤོག་ཚོགས་པའི་བླ་མེད་འགོ་ཁྲིད་ལ་གོང་བཀུར་ཞེས་བསྒྱུར། རྒྱ་ནག་གཞུང་གིས་ཧང་གྷ་རིའི་སྲིད་དོན་པ་ཁག་ཅིག་གིས་རང་ལ་དོ་སྣང་ཡོང་ཐབས་སུ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལ་གཏོང་བརླག་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་ཤིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས་སྤྱོད་པ་དེ་རྣམས་ཐ་ཤལ་ཞིག་རེད་ཅེས་ཁ་རྡུང་བཏང་འདུག ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱིས་རྒྱ་ནག་དང་ཨུ་རུ་སུ་ལྟ་བུའི་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་འཛུགས་ཐབས། ཧང་གྷ་རི་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་བཏང་བར་མ་ཟད། ཨ་རིའི་འབྱོར་ལྡན་པ་འཇོར་ཇཱི་སོ་རོ་སིའི་ཐེབས་རྩ་ཁང་གིས་ཧང་གྷ་རིར་དབུས་ཡུ་རོབ་སློབ་ཆེན་ཞེས་སློབ་ཆེན་ཞིག་བཙུགས་ཏེ་གུ་ཡངས་དམངས་གཙོའི་ལྟ་བ་འཛིན་པའི་འགོ་ཁྲིད་མང་དག་ཅིག་སྐྱེད་སྲིང་བྱུང་མོད། འོན་ཀྱང་སྲིད་བློན་ཨོར་བྷན་གྱིས་དབུས་ཡུ་རོབ་སློབ་གྲྭ་ཆེན་མོ་སྒོ་བརྒྱབ་སྟེ་རྒྱ་ནག་གི་སློབ་ཆེན་ཞིག་ཧང་གྷ་རིར་འཛུགས་ཐབས་བྱེད་ཀྱི་ཡོད་པ་ནི་ཕྱིན་ཅི་ལོག་པ་ཞིག་ཏུ་གྱུར། ད་ལྟ་གསར་འགོད་པ་དང་ཉམས་ཞིབ་པ་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་ཧང་གྷ་རིའི་གཞུང་གིས་ཧྥུ་ཏན་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་སྒོ་འབྱེད་བྱེད་མིན་མི་དམངས་ལ་མང་མོས་འོས་འདེམས་བྱེད་དུ་འཇུག་ཆོག་ཟེར་གྱི་ཡོད་པ་ནི་འཆར་གཞི་དེ་འགྲུབ་ཐབས་མེད་པའི་རྟགས་མཚན་རེད། རྒྱལ་ས་བྷུ་དྷ་ཕེ་སི་ཊི་གྲོང་ཁྱེར་གྱི་མི་དམངས་ལ་རང་གི་ས་ཐོག་ཏུ་རྒྱ་ནག་གི་སློབ་ཆེན་ཞིག་འཛུགས་སྐྲུན་བྱེད་དུ་འཇུག་འདོད་མེད་པས་སྲིད་བློན་ཨོར་བྷན་ལ་ཕམ་ཉེས་ཤིག་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG