ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་ལ་ནད་དུག་ཁྱབ་གདལ་གྱི་ཆག་སྒོ་ཆེན་པོ་ཞིག་འབྱུང་ཉེན། 


༄༅།། ཕྱི་ཟླ་༥་ཚེས་༥་ཉིན་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་དང་ཟླ་གམ་དམར་པོའི་རོགས་ཚོགས་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་རྒྱ་གར་ལ་ཁྱབ་གདལ་འགྲོ་བཞིན་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ལ་ཁྱབ་སྟེ་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུའི་ཉེན་ཁ་ཆེ། ཇཱི་ཎི་ཝྭར་རྟེན་གཞི་ཚུགས་པའི་རྒྱལ་སྤྱིའི་རོགས་ཚོགས་དེའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགན་འཛིན་ཨ་ལིཀ་ཛན་ཌར་མཱེ་ཐོ་ཡིས་འགྲོ་བ་མི་ལ་ཆག་སྒོ་ཆེན་པོ་ཞིག་མ་བྱུང་གོང་དུ་ང་ཚོས་འཕྲལ་དུ་ནད་ཡམས་སྔོན་འགོག་བྱ་དགོས། ཏོག་དབྱིབས་ནད་དུག་འདིར་ས་མཚམས་ཀྱི་དབྱེ་བ་མེད་པར་ཨེ་ཤི་ཡ་ཡོངས་ལ་ཁྱབ་རྒྱུའི་ཉེན་ཁ་འདུག་ཅེས་བསྟན། ཟླ་བ་གཅིག་གི་སྔོན་དང་བསྡུར་ན་ཉེ་དུས་ཤིག་ནས་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འཐོན་རྒྱུ་བརྒྱ་ཆ་༥༧་མང་དུ་སོང་། མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཚད་བརྒྱ་ཆ་༤༤་ལ་ནད་རྟགས་ཐོན། རྒྱ་གར་གྱི་ས་མཚམས་སུ་ཆགས་པའི་བལ་པོའི་གྲོང་རྡལ་ཁག་གི་ནད་པ་ཚོར་སྨན་བཅོས་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་། ད་སྔ་བལ་པོའི་མི་འབོར་བརྒྱ་ཆ་གཅིག་ལ་མ་གཏོགས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གཉིས་ཀའི་འགོག་ཁབ་རྒྱག་ཐུབ་མེད་ཅིང་། བལ་ཡུལ་གྱི་རྒྱ་གྲམ་དམར་པོའི་གཙོ་འཛིན་ཏིམ་སི་ན་ཞེས་པ་ཞིག་གིས་ང་ཚོས་སྔོན་འགོག་ཡག་པོ་ཞིག་བྱེད་མ་ཐུབ་ན་རྒྱ་གར་ལ་ཅི་ཞིག་འབྱུང་གི་ཡོད་པ་བལ་ཡུལ་ལ་འབྱུང་རྒྱུའི་སྔ་ལྟས་རེད། ཤུལ་ལུས་བཟའ་མི་ཚོས་འདས་པོ་རྣམས་ལ་གྱེས་བྲལ་ཡག་པོ་ཞིག་ཀྱང་བྱེད་མ་ཐུབ་པར་ཕུང་པོ་མེར་སྲེག་གཏོང་དགོས་ཐུག་གི་ཡོད་པ་ནི་ཡིད་སྐྱོ་དགོས་པ་རེད། ངོ་བོ་འགྱུར་བའི་ནད་དུག་གསར་པ་འདིས་བལ་པོ་རྒན་གཞོན་དར་གསུམ་གྱི་ཚེ་སྲོག་འཇོམས་ཀྱིན་འདུག་ཅེས་བཤད།།

བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ཟླ་བའི་ཉིན་ལོ་ན་༤༥་ལ་སོན་པའི་ལོཀ་བྷ་དྷུར་པ་རི་ཡར་ཞེས་པའི་སྐྱེས་པ་ཞིག་ལ་ཚ་བ་འཕར་ཏེ་ཇཱ་ནཀ་པུར་ཞིང་ཆེན་གྱི་གཞུང་གི་སྨན་ཁང་ལ་སྟོན་དུ་ཕྱིན་ཀྱང་ཉལ་ས་མེད་པར་སྨན་ཁང་དུ་མ་ཚུད། དེ་ནས་ཁོ་པ་སྒེར་གྱི་སྨན་ཁང་གཉིས་ལ་སྟོན་དུ་ཕྱིན་ཀྱང་སྨན་ཡོན་ཆེ་དྲགས་ཏེ་སྟོན་མ་ཐུབ་པར་རང་ཁྱིམ་དུ་ལོག པ་རི་ཡར་གྱིས་ཚ་འཇོམས་སྨན་འཐུང་ནས་དྲག་ཐབས་བྱས་ཀྱང་ཆུ་ཚོད་༢༤་ཡི་རྗེས་སུ་འདས་གྲོངས་སུ་གྱུར། སྐྱེས་པ་དེ་མ་གྲོངས་སྔོན་དེར་ཤཱ་ཞེས་པའི་སྨན་སྦྱོར་བ་ཞིག་གིས་ཇཱ་ནཀ་པུར་སྨན་ཁང་ལ་ནད་པ་ཚབས་ཆེན་ཞིག་འདུག་པས་ལེན་དུ་ཤོག་ཅེས་བརྡ་བརྒྱབ། པ་རི་ཡར་སྨན་ཁང་ཕྱི་ལོགས་སུ་དབུགས་ཆད་པ་དང་ཇཱ་ནཀ་པུར་སྨན་ཁང་ནི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཁོ་ནར་སྨན་བཅོས་བྱ་ཡུལ་ལ་གཞུང་གིས་གཏན་ཁེལ་བྱས་འདུག ཤཱ་ཞེས་པའི་སྨན་སྦྱོར་བ་དེས་འདས་པོ་པར་རི་ཡར་གཞུང་གི་སྨན་ཁང་གཅིག་དང་སྒེར་གྱི་སྨན་ཁང་གཉིས་ལ་སྨན་བཅོས་བྱེད་དུ་ཕྱིན་པ་དེ་དག་གིས་བལྟས་མ་སོང་ཟེར་བྱུང་། ཁོ་པ་སྨན་ཁང་གཞན་ཁག་ལ་སྟོན་དུ་ཕྱིན་ཡོད་མེད་ནི་ཤེས་རྟོགས་བྱུང་མ་སོང་། གཟའ་ཟླ་བའི་ཕྱི་དྲོར་ཁོ་པས་ང་ལ་སྨན་ཞིག་སྤྲོད་རོགས་བྱོས་ཟེར་གྱི་འདུག ཇཱ་ནཀ་པུར་སྨན་ཁང་གིས་མི་དེར་སྨན་བཅོས་ཤིག་བྱས་ཡོད་ན་ཤི་ཡོད་རྒྱུ་མ་རེད། ཐབས་རྡུགས་པ་ཞིག་ལ་མི་དེ་སྨན་ཁང་ཕྱི་ལོགས་སུ་གྲོངས་པ་རེད་ཅེས་བཤད། དེས་ན་བལ་པོའི་སྒེར་གྱི་སྨན་ཁང་ཁག་ཅིག་གིས་སྨན་ཡོན་སྤྲོད་རྒྱུ་མེད་པའི་ནད་པ་ཚོར་སྨན་བཅོས་བྱེད་ཀྱི་མེད་པ། ཐ་ན་འདས་པོ་དེའི་ཕུང་པོར་བདག་པོ་རྒྱག་མཁན་མེད་པར་མཐའ་མཇུག་བལ་པོའི་དམག་གིས་ཕུང་པོ་དེར་བདག་པོ་བརྒྱབ་ནས་དུར་སྲེག་བྱ་དགོས་བྱུང་བའི་གནས་ཚུལ་ཐོན། ཇཱ་ནག་པུར་སྨན་ཁང་གི་སྨན་པ་ཡ་དྷབ་ཟེར་བ་ཞིག་གིས་ང་ཚོའི་སྨན་ཁང་ལ་ཛ་དྲག་གི་ནད་པ་བསྙལ་སའི་ཉལ་ཁྲི་༡༢་ཡོད། གཟའ་ཟླ་བའི་དགོང་མོར་ནད་པ་བཅུ་སྨན་ཁང་དུ་བླངས་པ་ཡིན། པ་རི་ཡར་སྨན་ཁང་དུ་མ་ཚུད་པའི་རྒྱུ་རྐྱེན་ཅི་ཡིན་ཞིབ་འཇུག་བྱ་དགོས་པ་ཞིག་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་ནས་འཚོ་རླུང་ལྕགས་མདོང་༢༠༠༠༠་དང་དབུགས་གཏོང་འཕྲུལ་ཆས་༡༠༠་ཐམ་པ་མངགས་ཉོ་བྱས་ཤིང་། འཚོ་རླུང་ལྕགས་མདོང་ཁག་ཅིག་བདུན་ཕྲག་རྗེས་མར་འབྱོར་ཐུབ་པའི་རྩིས་རྒྱག་གི་ཡོད་ཀྱང་དེའི་བར་དུ་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་སོང་ན་དཀའ་ངལ་ཆེན་པོ་འཕྲད་སྲིད། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁ་སང་གཟའ་མིག་དམར་གཅིག་པུར་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༧༥༨༧་བྱུང་བ་དང་མི་༥༥་ལ་འཆི་སྐྱོན་བྱུང་། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོས་རྒྱ་ནག་ལ་གཞུང་འབྲེལ་གྱིས་འཚོ་རླུང་མངགས་ཉོ་བྱ་རྒྱུའི་གྲོས་སྡུར་བྱེད་བཞིན་ཡོད། གཅིག་བྱས་ན་བལ་ཡུལ་གྱི་གནམ་གྲུ་བཏང་སྟེ་རྒྱ་ནག་ནས་འཚོ་རླུང་ལྕགས་མདོང་རྣམས་ལེན་དགོས་མིན་སོགས་ལ་གྲོས་སྡུར་བྱེད་བཞིན་ཡོད་ཅེས་བཤད། བལ་ཡུལ་གྱི་ནོར་སྲིད་བློན་ཆེན་གྱིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་འཚོ་རླུང་ལྕགས་མདོང་དང་དབུགས་གཏོང་འཕྲུལ་ཆས་ཁག་ཅིག་རོགས་སྐྱོར་སྤྲད་པ་རེད་ཅེས་བསྒྲགས། ཕྱི་ཟླ་༤་པའི་ཚེས་༢༧་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཨབ་གྷ་ཎི་སི་ཐན་དང་བྷང་ག་ལ། བལ་ཡུལ་དང་པ་ཀི་སི་ཐན། སིངྒ་ལ་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་དྲྭ་ལམ་དུ་ཚོགས་འདུར་བསྐོངས་ནས་རྒྱ་ནག་གིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱེད་ཆོག་ཅེས་ཁས་བླངས། ཡིན་ནའང་བལ་ཡུལ་སོགས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དངོས་སུ་ནད་ཡམས་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ན་རྒྱ་ནག་གིས་དུས་ཐོག་ཏུ་རོགས་སྐྱོར་བྱ་རྒྱུ་ཡིན་མིན་བཤད་དཀའ།།

ད་ལྟའི་བར་དུ་བལ་ཡུལ་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༥༩༦༡༠་བྱུང་ཡོད་པ་དང་མི་༣༤༧༥་ལ་འཆི་སྐྱོན་ཕོག ཧི་མ་ལ་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་རྒྱལ་ཡོངས་ཀྱི་ནད་དུག་ཁྱབ་གདལ་འགྲོ་ཡུལ་ཤུགས་ཆེ་ཤོས་ནི་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་ཡིན་ཞིང་། ཁ་སང་ཕྱི་ཚེས་༤་གཅིག་པུར་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་ནད་པ་གསར་པ་༢༧༧༩་ཐོན། བལ་ཡུལ་གྱི་རྒྱལ་སར་རྫོང་ཁག་གསུམ་ཡོད་པ་དེ་དག་གི་ནང་དུ་འཐོན་བཞིན་པའི་ཏོག་དབྱིབས་ནད་དུག་གི་ནད་པ་ཚོས་རྒྱལ་ཡོངས་ཀྱི་ནད་པའི་བརྒྱ་ཆ་༥༡་ལྷག་ཟིན། པ་ཤུ་པ་ཏི་ན་ཐ་ཨརྱ་གྷ་ཏ་དུར་ཁྲོད་དུ་བེམ་པོ་བསྲེག་ས་མེད་པར་བལ་ཡུལ་གཞུང་གིས་དུར་ཁྲོད་གསར་པ་རྒྱ་བསྐྱེད། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་བལ་སྒོར་བྱེ་བ་༩་ལྷག་འགྲོ་གྲོན་བཏང་སྟེ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྨན་དང་འཚོ་རླུང་། དབུགས་གཏོང་འཕྲུལ་ཆས་སོགས་ནང་འདྲེན་བྱ་རྒྱུ་འགོ་ཚུགས། ད་སྔ་བལ་ཡུལ་གྱི་འཚོ་རླུང་བཟོ་ཚོང་ཁང་གིས་ཉིན་རེར་འཚོ་རླུང་ལྕགས་མདོང་༨༠༠༠་རེ་བཟོ་འདོན་བྱེད་ཐུབ། རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་གྱི་སྨན་ཁང་ཁག་ལ་ཉིན་རེར་འཚོ་རླུང་ལྕགས་མདོང་༦༠༠༠་ཡས་མས་རེའི་དགོས་མཁོ་ལས་མེད། ཕྱིས་སུ་བལ་ཡུལ་གྱི་སྨན་ཁང་ཁག་ལ་རིམ་བཞིན་ནད་པ་ཇེ་མང་དུ་སོང་སྟེ་མི་མང་འབུམ་ཕྲག་མང་པོ་འཚོ་རླུང་རྒྱག་དགོས་བྱུང་ན་བལ་ཡུལ་ལ་འཚོ་རླུང་འདང་ངེས་མེད་པའི་དཀའ་ངལ་འཕྲད་རྒྱུ་ལྡོག་ཐབས་བྲལ། བལ་ཡུལ་གྱི་རྒྱལ་སར་འཚོ་རླུང་བཟོ་གྲྭ་༨་ཡོད་པ་དེ་དག་གིས་འཚོ་རླུང་ལྕགས་མདོང་༧༠༠༠༠་ནས་༨༠༠༠༠་ཡས་མས་ཤིག་གསོག་འཇོག་བྱས་ཡོད་པར་མ་ཟད། གཟའ་ཟླ་བའི་ཉིན་སྲིད་བློན་ཤར་མོ་ཨོ་ལིས་གནས་སྐབས་རིང་བལ་ཡུལ་གྱི་བཟོ་གྲྭ་ཁག་ལ་འཚོ་རླུང་བཀོལ་སྤྱོད་བྱེད་མི་ཆོག སྨན་ཁང་ཁག་ལ་འཚོ་རླུང་འདང་ངེས་ཤིག་གྲ་སྒྲིག་བྱ་དགོས་ཞེས་རྒྱལ་ཡོངས་ལ་གཏམ་བཤད་བྱས་འདུག

རྒྱ་གར་ནས་བལ་ཡུལ་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ལྟར་བྷང་ག་ལ་དང་པ་ཀི་སི་ཐན་གཉིས་ལའང་ནད་དུག་ཁྱབ་རྒྱུ་ཤུགས་ཆེ་རུ་སོང་། བྷང་ག་ལ་དང་པ་ཀི་སི་ཐན་གྱི་སྨན་ཁང་ཁག་ཏུའང་ནད་པ་བསྙལ་ས་མེད་པའི་དཀའ་ངལ་གཅིག་མཚུངས་ཤིག་འཕྲད། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་རྒྱ་གར་རྒྱལ་ཡོངས་སུ་མི་༣༨༢༣༡༥་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་པ་དང་མི་༣༧༨༠་ཐམ་པར་འཆི་སྐྱོན། འདས་པའི་བདུན་ཕྲག་གཉིས་ཀྱི་རིང་དུ་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་༣༠༠༠༠༠་རེ་བརྒལ། རྒྱ་གར་གྱི་སྨན་ཁང་ཁག་ཏུ་ནད་པ་བསྙལ་ས་མེད་པ་དང་འཚོ་རླུང་འདང་ངེས་མེད་པ། དུར་ས་ཁག་ཏུ་ཕུང་པོ་དུར་འཇུག་དང་ཞུགས་འབུལ་བྱ་ཡུལ་མེད་པ། ནད་པ་མང་དག་ཅིག་མྱུར་སྐྱོབ་རླངས་འཁོར་དང་སྒེར་གྱི་རླངས་འཁོར། རྒྱ་ལམ་ཟུར་དུ་འཆི་བཞིན་ཡོད་པའི་དཀའ་ངལ་ཡང་སེལ་ཐུབ་ཀྱི་མེད་པ། སྲིད་བློན་མོ་དྷིའི་གཞུང་ལ་ནད་ཡམས་བཀག་སྡོམ་གྱི་འཇོན་ཐང་མེད་པར་མི་དམངས་ཀྱིས་སྲིད་གཞུང་ལ་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཇེ་ཆེར་སོང་། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཐེངས་གཉིས་པ་ཁྱབ་ཀྱི་ཡོད་པ་འགོག་མ་ཐུབ་ཚེ། བལ་ཡུལ་དང་བྷང་ག་ལ། པ་ཀི་སི་ཐན་སོགས་ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ནད་ཡམས་ཁྱབ་གདལ་འགྲོ་རྒྱུ་འགོག་མི་ཐུབ། རྒྱ་གར་ལ་ནད་ཡམས་ཁྱབ་གདལ་ཕྱིན་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱེད་ཐུབ་ཀྱི་མེད་པའི་སྐབས་འདིར་རྒྱ་ནག་གིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱས་ནས་ཤུགས་རྐྱེན་རྒྱ་སྐྱེད། རྒྱ་གར་གྱི་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ནས་ལྷོ་ཨེ་ཤི་ཡར་ཤུགས་རྐྱེན་ཐེབས་རྒྱུ་སྔར་ལས་ཤུགས་ཆེ་རུ་ཕྱིན་འདུག་ཅེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG