ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སིངྒ་ལའི་ཚབས་ཆེའི་དཀའ་ངལ་རྣམས་སེལ་ཐབས།


༄༅།། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་ལའི་དཔལ་འབྱོར་ཉམས་རྒུད་ལ་སྟངས་འཛིན་དང་དཔལ་འབྱོར་སླར་གསོ་མ་བྱུང་གོང་དུ་རྒྱལ་ཁབ་དེར་ཆབ་སྲིད་བརྟན་ལྷིང་བསྐྲུན་དགོས། སིངྒ་ལར་སྲིད་འཛིན་དང་སྲིད་བློན་གསར་པ་ཞིག་བསྐོ་བཞག་བྱས་པ་ཙམ་གྱིས་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པའི་རྒྱལ་ཁབ་དེ་དཀའ་ངལ་འོག་ནས་ཐར་ཐུབ་པའི་ངེས་པ་མེད་ཅེས་ཕྱི་ཟླ་༧་པའི་ཚེས་༢༥་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༠་ཉིན་སིངྒ་ལའི་གྲོས་ཚོགས་ཀྱི་ཁྲིམས་བཟོ་བ་ཚོས་ར་ནིལ་ཝིཀ་རེ་མཱི་སིང་ཧ་སྲིད་འཛིན་ཟུར་པ་ར་ཇ་པག་སའི་ཚབ་ཏུ་སྲིད་འཛིན་ལ་བསྐོས། ཁོང་གིས་ཌི་ནེ་ཤི་གྷུ་ན་ཝར་ཌེ་ན་སྲིད་བློན་ལ་བསྐོ་བཞག་བྱས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྦོ་ལུག་ཡོད་པའི་དཀའ་ངལ་རྣམས་རྩིས་བླངས། ད་ལྟ་སིངྒ་ལའི་དངོས་ཟོག་རིན་གོང་བརྒྱ་ཆ་༥༩་ལྷག་འཕར་ཡོད་པ་དང་ལོ་འདིའི་ཕྱི་ཟླ་༣་པ་ནས་སིངྒ་ལའི་དངུལ་ལོར་གྱི་འཛའ་ཐང་བརྒྱ་ཆ་༥༠་ལྷག་ཆག་སྟེ་མི་མང་ལ་བཟའ་བཅའ་དང་རྡོ་སྣུམ་སོགས་ཉིན་རེའི་འཚོ་བའི་མཁོ་ཆས་རྣམས་ཆད། སིངྒ་ལ་རྒྱལ་ཡོངས་སུ་དཔལ་འབྱོར་གྱི་ལས་རིགས་ཁག་ཡོངས་སུ་འགགས་ནས་སྲིད་གཞུང་གི་བྱུང་སོང་གཉིས་ཁ་མ་མཚུངས་པར་སྤྱི་དམངས་སྲི་ཞུ་བ་ཚོར་གླ་ཕོགས་སྤྲོད་མི་ཐུབ་པ་དང་དབུས་དངུལ་ཁང་ལ་ཕྱི་རྒྱལ་ནས་དངོས་ཟོག་ནང་འདྲེན་བྱེད་པའམ། ཡང་ན་ཕྱིའི་རྒྱལ་ཁབ་ཁག་ལ་བུ་ལོན་སྤྲོད་འཇལ་བྱེད་པར་ཕྱི་རྒྱལ་གྱི་དངུལ་ལོར་མེད་པར་གྱུར། མདོར་ན་སིངྒ་ལར་སྔོན་ཆད་བྱུང་མྱོང་མེད་པའི་དཔལ་འབྱོར་དཀའ་ངལ་ཕྲད་ནས་སྲིད་གཞུང་གསར་པའི་འགོ་ཁྲིད་ཚོར་རྒྱལ་ཁབ་ཀྱི་དཀའ་ངལ་ཁག་འཕྲལ་དུ་སེལ་དགོས་པའི་གནོན་ཤུགས་ཆེན་པོ་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སིངྒ་ལའི་དཔལ་འབྱོར་རིག་པ་བ་དང་དབུས་དངུལ་ཁང་གི་ལས་སྣེ་ཟུར་པ་ཊེན་ནེ་ཁུན་གྱིས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ད་ལྟའི་སྲིད་གཞུང་གསར་པས་སིངྒ་ལའི་དཔལ་འབྱོར་དཀའ་ངལ་སེལ་བར་སྔོན་མའི་སྲིད་ཇུས་རྙིང་པ་རྣམས་དང་ལག་བསྟར་ཁག་ལ་གཡོལ་ཐབས་བྱ་དགོས། སིངྒ་ལའི་དཔལ་འབྱོར་འགྱུར་བཅོས་བཏང་སྟེ་ལས་དོན་གཙོ་ཆེ་བཞི་ལ་དམིགས་པ་གཏོད་དགོས་པ་སྟེ། སྲིད་འཛིན་གསར་པ་ཝིཀ་རེ་མཱི་སིང་ཧས་མི་དམངས་ལ་འཕྲད་བཞིན་པའི་དཀའ་ངལ་རྣམས་འཕྲལ་དུ་སེལ་ཐབས་སུ་འབད་རྒྱུ། མི་དམངས་ལ་ཉིན་རེའི་ལྟོ་དུས་གསུམ་གྱི་བཟའ་བཏུང་ཡོད་པ་ཞིག་འགན་ལེན་བྱ་དགོས། སིངྒ་ལའི་ཟས་སོང་གི་རིན་གོང་བརྒྱ་ཆ་༧༦་འཕར་ཡོད་པ་དང་འབྲས་རིན་བརྒྱ་ཆ་༡༦༠་དང་གྲོ་ཕྱེའི་རིན་གོང་བརྒྱ་ཆ་༢༠༠་ཐམ་པ། བྱེ་མ་ཀ་རའི་རིན་གོང་བརྒྱ་ཆ་༡༦༤་འཕར། དེར་བརྟེན་སྔོན་འགྲོའི་སློབ་གྲྭ་ཁག་གི་དགེ་རྒན་ཚོས་བྱེ་མ་ཀ་ར་སྤྱི་རྒྱ་གང་དང་འབྲས་སམ། གྲོ་ཕྱེ་སྤྱི་རྒྱ་གང་ཉོ་བར་ཉིན་གཅིག་གི་གླ་ཕོགས་ཆ་ཚང་འགྲོ་གྲོན་གཏོང་དགོས་ཤིང་། གལ་སྲིད་སོལ་རླངས་ལྕགས་མདོང་གང་ཉོ་རྒྱུ་རག་ཚེ། དེ་ལ་ཟླ་བ་ཕྱེད་ཀའི་གླ་ཕོགས་རིན་འབབ་སྤྲོད་དགོས་པའི་གནས་སུ་གྱུར། སིངྒ་ལའི་སྲིད་གཞུང་གསར་པས་སློབ་གྲྭ་ཁག་དང་སློབ་ཆེན་ཁག་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ་གཙིགས་སུ་འཛིན་དགོས་པར་མ་ཟད། སིངྒ་ལར་རྡོ་སྣུམ་ཆད་ནས་སྤྱི་དམངས་འགྲིམ་འགྲུལ་འགགས་ཡོད་པ་དང་གློག་ཆད་ཡོད་པ་རྣམས་སླར་གསོ་བྱ་དགོས། སིངྒ་ལས་རྡོ་སྣུམ་ནང་འདྲེན་བྱེད་པར་ཕྱི་རྒྱལ་གྱི་དངུལ་ལོར་སྤྲོད་དགོས་ཀྱང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་སིངྒ་ལར་དངུལ་སྒོར་བསྐྱིས་ནས་དཔལ་འབྱོར་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཐག་གཅོད་དེར་ཟླ་བ་མང་པོ་འགོར་ཤས་ཆེ་ཞེས་བསྟན་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། སིངྒ་ལའི་སྲིད་འཛིན་གསར་པས་རྒྱ་དཀར་ནག་ལྟ་བུའི་མངའ་ཁུལ་དེའི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་སྐྱོར་ཞུ་ཆོག་ཀྱང་རྒྱལ་ཁབ་དེའི་དཔལ་འབྱོར་དཀའ་ངལ་གྱི་འབྱུང་རྩ་སེལ་དཀའ། སྔོན་ཆད་སིངྒ་ལའི་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་འབབ་འཕོན་ཆེན་ཞིག་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་མོད། ད་ལྟ་སིངྒ་ལའི་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་མེད་པ་དང་མཁོ་ངེས་ཀྱི་མཐུན་རྐྱེན་རྣམས་སྒྲུབ་ཐུབ་ཀྱི་མེད་པས་ཡུལ་སྐོར་སྤྲོ་འཆམ་པ་བསུ་རྒྱུ་ཡོང་ཐབས་བྲལ། དེང་སྐབས་སིངྒ་ལའི་དངུལ་ལོར་གྱི་འཛའ་ཐག་ཆག་པའི་སྟབས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་སིངྒ་ལའི་མི་དམངས་ཀྱིས་ཀྱང་རང་ཡུལ་ལ་ཕྱི་རྒྱལ་གྱི་དངུལ་སྒོར་བསྐུར་རྒྱུ་མཚམས་ཆད། སིངྒ་ལའི་སྲིད་གཞུང་གསར་པས་རྒྱལ་ཁབ་ཀྱི་བྱུང་སོང་ཆ་མཉམ་བྱ་དགོས། ན་ནིང་སིངྒ་ལའི་གཞུང་གིས་རྒྱལ་ཁབ་ཀྱི་ཡོང་འབབ་ལས་ཀྱང་འགྲོ་གྲོན་བརྒྱ་ཆ་༢༤༠་ཐམ་པ་མང་བ་བཏང་རུང་རྒྱལ་ཁབ་ཀྱི་བུ་ལོན་རྣམས་འཇལ་བར་ད་དུང་ཡང་འགྲོ་གྲོན་བརྒྱ་ཆ་༩༡་སྣོན་མ་གཏོང་དགོས་པ་ཞིག་ཏུ་གྱུར། སིངྒ་ལའི་གཞུང་གིས་དངུལ་སྒོར་པར་སྐྲུན་བྱས་ནས་དཀའ་ངལ་སེལ་ཐབས་བྱས་ཀྱང་དངོས་ཟོག་གི་རིན་གོང་འཕར་རྒྱུ་སྡུག་ཏུ་སོང་། ད་ལྟའི་སིངྒ་ལའི་དཀའ་ངལ་ནི་འདས་པའི་ལོ་མང་རིང་སྲིད་གཞུང་གིས་འགྲོ་གྲོན་གཏོང་རྒྱུ་མང་དྲགས་པ་དང་ཡོང་འབབ་བསྡུ་རྒྱུ་ཉུང་དྲགས་པའི་སྐྱོན་དུ་སྣང་། དེས་ན་སིངྒ་ལའི་སྲིད་གཞུང་གསར་པས་མི་དམངས་ལ་དཔྱ་ཁྲལ་སྤར་དགོས་པ་དང་གཞུང་གྲོན་ཉུང་དུ་གཏོང་རྒྱུ། དངུལ་སྒོར་པར་སྐྲུན་བྱས་ནས་དཔལ་འབྱོར་དཀའ་ངལ་སེལ་ཐབས་བྱེད་བཞིན་པ་མཚམས་འཇོག་བྱ་དགོས། སིངྒ་ལའི་དཔལ་འབྱོར་སླར་གསོ་མ་བྱུང་གོང་དུ་དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་བྱ་དགོས་ཞེས་བསྟན།།

སིངྒ་ལའི་དཔལ་འབྱོར་རིག་པ་བ་དང་དབུས་དངུལ་ཁང་གི་ལས་སྣེ་ཟུར་པ་ཊེན་ནེ་ཁུན་གྱིས་མུ་མཐུད་དུ་བཤད་པ་ལྟར་ན། སིངྒ་ལའི་དཔལ་འབྱོར་དཀའ་ངལ་སེལ་ཐབས་གཞན་པ་ཞིག་ནི་ཕྱིའི་རྒྱལ་ཁབ་ཁག་ལ་བུ་ལོན་སྤྲོད་འཇལ་བྱེད་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས། འདས་པའི་ལོ་བཅུ་ཕྲག་འགའ་ཞིག་གི་རིང་སིངྒ་ལའི་གཞུང་གིས་རྒྱ་ནག་གཙོ་བོར་གྱུར་པའི་ཕྱིའི་རྒྱལ་ཁབ་ཁག་ལ་དངུལ་སྒོར་བསྐྱིས་ནས་ཨ་སྒོར་ཐེར་འབུམ་༥༡་བུ་ལོན་ཆད་འདུག ད་ལོའི་ཕྱི་ཟླ་༤་པའི་ཚེས་༡་ནས་སིངྒ་ལར་ཕྱི་རྒྱལ་གྱི་དངུལ་ལོར་མེད་པར་བུ་ལོན་འཇལ་མ་ཐུབ་པར་གྱུར་། ༢༠༢༡་གི་ལོ་མཇུག་མཚམས་དེར་སིངྒ་ལའི་བུ་ལོན་བརྒྱ་ཆ་༤༥་མ་རྩ་འཛུགས་མཁན་སྒེར་པ་ཚོར་ཆད་ཡོད་པ་དང་བུ་ལོན་འཕྲོ་མ་རྣམས་ཨེ་ཤི་ཡའི་འཛུགས་སྐྲུན་དངུལ་ཁང་དང་ཉི་ཧོང་། རྒྱ་ནག་དང་འཛམ་གླིང་དངུལ་ཁང་སོགས་སྤྱི་སྒེར་གྱི་སྒྲིག་འཛུགས་ཁག་ལ་ཆད། འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གཉིས་ཀྱིས་སིངྒ་ལ་དཔལ་འབྱོར་དཀའ་ངལ་འོག་ནས་སྐྱོབ་ཐུབ་ཀྱང་བུ་ལོན་སྤྲོད་འཇལ་རྒྱུན་འཁྱོངས་ཐུབ་པའི་སྲིད་ཇུས་ཤིག་གཏན་འབེབས་མ་བྱུང་བར་རྒྱལ་སྤྱིའི་སྒྲིག་འཛུགས་དེ་དག་གིས་སིངྒ་ལར་དངུལ་སྒོར་བུ་ལོན་བསྐྱི་རྒྱུ་ཁག་པོ་རེད། ཉེ་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་སིངྒ་ལར་དངུལ་སྒོར་བསྐྱི་དགོས་ན་རྒྱལ་ཁབ་དེའི་དབུས་དངུལ་ཁང་རང་བཙན་གྱི་སྒྲིག་འཛུགས་ཤིག་ལ་འགྱུར་དགོས་པ་དང་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་སྲ་བརྟན་གཏོང་དགོས་ཞེས་དགོས་འདུན་བཏོན། ཉི་ཧོང་སོགས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱིས་སིངྒ་ལའི་དཔལ་འབྱོར་དཀའ་ངལ་སེལ་ཐབས་སུ་རོགས་སྐྱོར་བྱ་འཆར་ཡོད་ཀྱང་སྒེར་གྱི་དངུལ་ཁང་ཁག་ཅིག་གིས་སིངྒ་ལའི་གཞུང་གིས་བུ་ལོན་སྤྲོད་འཇལ་ཐུབ་ཀྱི་མེད་པ་ཁྲིམས་ལ་གཏུགས་ནས་ཁ་མཆུ་འཛུགས་འགོ་ཚུགས་འདུག་ཅེས་བསྟན།།

ཕྱི་ཟླ་༧་པའི་ཚེས་༢༣་ཉིན་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སིངྒ་ལའི་སྲིད་འཛིན་གསར་པ་ཝིཀ་རེ་མཱི་སིང་ཧ་ནི་སྲིད་བློན་གྱི་ལས་འགན་ཐེངས་དྲུག་ཁུར་མྱོང་བའི་སྲིད་དོན་པ་རྙིང་པ་ཞིག་ཡིན་ཞིང་། ཁོ་པས་མ་རྩ་བརྡིབས་ཟིན་པའི་རྒྱལ་ཁབ་ཅིག་རྩིས་བླངས་ཏེ་དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་བྱ་དགོས་བྱུང་འདུག སིངྒ་ལའི་གཞུང་གིས་སྲིད་དོན་པ་རྙིང་པ་ཞིག་སྲིད་འཛིན་ལ་བསྐོ་བཞག་བྱས་པ་ནི་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་མེད་པའི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རུ་འགྱུར་སྲིད་ཅེས་ཉེན་བརྡ་བཏང་ཞིང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་འཛིན་སྐྱོང་འགན་འཛིན་གྱིས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་པའི་ཚོགས་འདུའི་ཐོག་ཏུ་གཏམ་བཤད་བྱས་པ་ལྟར་ན། བུ་ལོན་ཆེན་པོ་བསྐྱིས་ཡོད་པ་དང་བུ་ལོན་སྤྲོད་འཇལ་ཐུབ་རྒྱུ་ཁག་པོ་ཡིན་པའི་རྒྱལ་ཁབ་ཁག་ལ་དཀའ་ངལ་སྣོན་མ་འཕྲད་ངེས་རེད། དཔེར་ན་སིངྒ་ལར་འཕྲད་བཞིན་པའི་དཔལ་འབྱོར་དཀའ་ངལ་ནི་བུ་ལོན་ནང་དུ་ཚུད་པའི་རྒྱལ་ཁབ་གཞན་ཁག་ལའང་འཕྲད་ཉེན་ཆེ་ཞེས་བསྒྲགས། རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཞིབ་པ་ཚོས་སིངྒ་ལའི་འཕྲོ་ནས་པ་ཀི་སི་ཐན་དང་ཨི་ཇེབ། ཁ་ཛཀ་སི་ཐན་སོགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་ལ་བུ་ལོན་སྤྲོད་འཇལ་མ་ཐུབ་པར་དཔལ་འབྱོར་དཀའ་ངལ་ནང་དུ་ཚུད་རྒྱུ་དང་རྒྱལ་ཁབ་དེ་དག་ལ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་སྲིད། འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་དཀའ་འབྱོར་ཉམས་རྒུད་དང་ཡུལ་གྲུ་ཀུན་ཏུ་དངོས་ཟོག་གི་རིན་གོང་འཕར་བ། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ཡོད་པ་དང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱིས་རྒྱལ་ཁབ་ཁག་ཅིག་ལ་སིངྒ་ལར་འཕྲད་བཞིན་པའི་དཀའ་ངལ་ལས་ཀྱང་ཚབས་ཆེའི་དཀའ་ངལ་ཞིག་འཕྲད་རྒྱུའི་རྟགས་མཚན་འདུག་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG