ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་གི་ངོ་རྒོལ་གྱིས་བསླངས་པའི་འགལ་ཟླ་དང་དེའི་ཤུགས་རྐྱེན།


༄༅།། ༢༠༡༩་ལོའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་གྲོང་ཁྱེར་དེའི་མི་མང་གཅིག་པུར་ཤུགས་རྐྱེན་ཐེབས་པ་ཞིག་མིན་པར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་ཡུ་རོབ། བྱང་ཨ་རི་བཅས་གླིང་ཆེན་ཁག་དང་། རྒྱལ་ཁབ་ལ་མཚོན་ན་ནེའུ་ཛི་ལན་ཌི་ནས་ཁེ་ན་ཌ་དང་རྒྱ་གར་ནས་ཨིན་རྡུ་ནེ་ཤི་ཡ་སོགས་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པའི་རྒྱ་མི་རིགས་ཀྱི་ཁ་འཐོར་སྤྱི་ཚོགས་ཁག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་འདུག ཐོག་མར་ལོ་འདིའི་ཕྱི་ཟླ་༦་པར་ཧོང་ཀོང་བ་ས་ཡ་མང་པོས་སྐྱེ་བོ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཕྱིར་བསྡུ་ཟིན་པ་དེར་ཞི་བའི་ངོ་རྒོལ་བྱས་པར་འཛམ་གླིང་ཡུལ་གྲུ་ཁག་གི་ཕྱི་སྡོད་རྒྱ་ནག་པའི་ཁ་འཐོར་སྤྱི་ཚོགས་ཁག་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས། ཡིན་ནའང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་རིམ་བཞིན་དྲག་ཟིང་ལ་གྱུར་པའི་དུས་སུ་གྲོང་ཁྱེར་དེའི་མི་མང་གིས་ལས་འགུལ་དེར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུར་འགྱུར་བ་མེད་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་མི་རིགས་ཀྱི་ཁ་འཐོར་སྤྱི་ཚོགས་ཁག་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་འགྱུར་བ་ཞིག་ཐེབས་འགོ་ཚུགས། ད་དུང་རྒྱ་ནག་པའི་ཁ་འཐོར་སྤྱི་ཚོགས་ཁག་ཏུ་ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་ཁག་ལ་དྲག་གནོན་ཚབས་ཆེན་བྱས་པ་ནི་འོས་འཚམས་ཡིན་པའི་ལྟ་ཚུལ་འཛིན་མཁན་ཡང་ཇེ་མང་དུ་ཕྱིན་འདུག

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་མི་རིགས་ཀྱི་ཁ་འཐོར་སྤྱི་ཚོགས་དང་ཕྱི་འགྲིམ་རྒྱ་ནག་གི་སློབ་ཕྲུག འབྲེལ་ཡོད་གནས་ཚང་རྒྱལ་ཁབ་ཁག་གི་མི་མང་བཅས་ལའང་འགལ་ཟླ་གསར་པ་ཞིག་བསླངས། དཔེར་ན་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་ཡོད་པ་དང་ཞིན་ཅང་གི་ཡུ་གུར་བ་ས་ཡ་༡་ལྷག་བཙོན་འཇུག་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པར་རྒྱལ་སྤྱིའི་ཐོག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་བྱས་ཀྱང་ཕྱི་སྡོད་རྒྱ་ནག་པ་ཚོས་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ནས་ཕྱི་གླིང་པ་ཚོས་ཕྱི་སྡོད་རྒྱ་ནག་པ་ཚོར་མི་དགའ་བའི་རྣམ་འགྱུར་བསྟན། རྒྱ་ནག་གི་སློབ་ཕྲུག་ས་ཡ་༡་དང་ཕྱེད་ཀ་ཙམ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་ཆེན་ཁག་འགྲིམ་བཞིན་ཡོད་པ་རྣམས་དང་གནས་ཚང་རྒྱལ་ཁབ་ཁག་གི་སློབ་ཕྲུག་ཚོ་འཁྲུག་རྩོད་བྱུང་ཡོད་པ་སྟེ། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། ཁེ་ན་ཌ་དང་ལྷོ་ཀོ་རི་ཡ་བཅས་ཀྱི་སློབ་ཕྲུག་ཚོ་དང་རྒྱ་ནག་གི་སློབ་ཕྲུག ཧོང་ཀོང་གི་སློབ་ཕྲུག་རྣམས་རྩོད་གླེང་ཆེན་པོ་བྱུང་ཞིང་། རྒྱ་ནག་གི་སློབ་ཕྲུག་ཚོས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ལ་སྲིད་འཛིན་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཀྱང་ཧོང་ཀོང་གི་སློབ་ཕྲུག་ཚོས་དེ་ལ་ངོ་རྒོལ་བྱས་པར་མ་ཟད། ཕྱི་རྒྱལ་གྱི་སློབ་ཕྲུག་ཚོ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་རྒྱབ་རྩར་ལངས། རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱ་རྒྱུ་ཤུགས་ཆེ་དྲགས་པའི་སྟབས་ཀྱིས་རྒྱལ་ཁབ་དེའི་སློབ་ཕྲུག་ཚོ་དང་རྒྱ་ནག་གི་སློབ་ཕྲུག་ཚོའི་བར་དུ་གཞན་དང་མི་འདྲ་བའི་འགལ་ཟླ་རྣོ་ངར་ཅན་ཞིག་བྱུང་འདུག

ཧོང་ཀོང་ནི་རྒྱལ་སྤྱིའི་སློབ་ཕྲུག་ཚོ་སློབ་ཆེན་འགྲིམ་ས་བཟང་པོ་ཞིག་ཡིན་པས་མངའ་ཁུལ་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་ཕྲུག་མི་ཉུང་བ་ཞིག་ཡོད་ཅིང་། ༢༠༡༤་ལོར་ཧོང་ཀོང་ལ་ཉི་གདུགས་སེར་པོའི་དམངས་གཙོའི་ལས་འགུལ་ལངས། དེ་ནས་བཟུང་སྟེ་ཧོང་ཀོང་གྲོང་ཁྱེར་གྱི་སྲང་ལམ་ཞིག་གི་རྩིག་གྱང་ནི་རང་དབང་གི་བསམ་ཚུལ་འབྲི་ས་ཞིག་ཏུ་གྱུར། ཧོང་ཀོང་གི་སློབ་ཆེན་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོས་དམངས་གཙོའི་རྩིག་གྱང་ངོས་སུ་འབོད་ཚིག་བྲིས་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན། མཐར་གདོང་འབག་གྱོན་པའི་མི་བཞིས་ཧོང་ཀོང་གི་བསམ་ཚུལ་འབྲི་སའི་རྩིག་གྱང་ངོས་སུ་བཀོད་པའི་འབོད་ཚིག་རྣམས་ནག་སུབ་བཏང་སྟེ་ལྷོ་ཀོ་རི་ཡའི་སློབ་ཕྲུག་ཚོས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱས་པར་དམིགས་བསལ་གྱི་སྡང་ཟུག་བྱས་པ་དང་། དེས་ན་ཧོང་ཀོང་གི་རྒྱལ་སྤྱིའི་སློབ་ཕྲུག་ཚོས་སློབ་སྦྱོང་མཚམས་བཞག་ནས་རང་ཡུལ་དུ་ཕྱིར་ལོག་བྱེད་པའམ། ཡང་ན་ཧོང་ཀོང་གི་དུས་བདེ་ཞོད་འཇགས་མེད་པའི་ཁོར་ཡུག་དེར་སློབ་སྦྱོང་རྒྱུན་འཁྱོངས་བྱ་དགོས་མིན་ཐག་མ་ཆོད་པར་ལུས། ཧོང་ཀོང་གི་སློབ་ཆེན་ཁག་ངོ་རྒོལ་ལས་འགུལ་དེའི་དམག་ས་ལྟ་བུ་ཞིག་ལ་གྱུར་རེ་བཞིན་དུ་རྒྱལ་སྤྱིའི་སློབ་ཕྲུག་རྣམས་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཁ་འཛིན་པ་ཞིག་གི་ཕྱོགས་སུ་ལང་བའམ། ཡང་ན་ཁོ་ཚོ་རྒྱ་ནག་གི་ཕྱོགས་གཏོགས་པ་ཞིག་བྱ་དགོས་པའི་གདམ་ཀ་ལས་མེད་པར་གྱུར། ལྷག་པར་དུ་རྒྱ་ནག་གི་སློབ་ཕྲུག་འགའ་ཞིག་གིས་ང་ཚོ་རྒྱ་ནག་ནས་ཡོང་བ་ཡིན་པས་རྒྱ་ནག་ལ་ངོ་རྒོལ་ཡོད་ཟེར་རྒྱུ་ཁག་པོ་བྱུང་ཞེས་བཤད།

འདི་དང་དུས་མཚུངས་སུ་ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་ཧོང་ཀོང་གི་སློབ་ཕྲུག་ཚོར་རྒྱ་ནག་གི་སློབ་ཕྲུག་ཚོའི་སུན་གཙེར་བྱས་པ་དང་ཧོང་ཀོང་གི་ངོ་རྒོལ་ལ་རྒྱབ་སྐྱོར་སོགས་ཚོར་སྐྱེན་རྣོ་བའི་ཆབ་སྲིད་ཀྱི་ལས་འགུལ་ལ་མཉམ་ཞུགས་བྱེད་ན་རྒྱ་ནག་གི་སློབ་ཕྲུག་ཚོས་སྡིགས་ར་བསྐུལ། བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌར་མཚོན་ན་སློབ་ཕྲུག་ཚོ་ཁོ་ན་མིན་པར་ཝྭན་ཁུ་ཝྭར་གྲོང་ཁྱེར་དུ་གནས་འཁོད་རྒྱ་མི་རིགས་ཀྱི་ཁ་འཐོར་སྤྱི་ཚོགས་དེར་མི་གྲངས་འབུམ་༤་ཡས་མས་ཤིག་ཡོད་པ་དེའི་ཁྲོད་དུའང་འགལ་ཟླ་དེ་ཁྱབ་ཡོད་པ་སྟེ། ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པར་ཆ་རྒྱུས་དེ་ཙམ་མེད་པའི་ཡུལ་སྤོར་བ་གསར་པ་ཚོས་ཧོང་ཀོང་གི་ངོ་རྒོལ་ལ་མོས་མཐུན་མེད་པ་དང་པེ་ཅིང་གི་སྲིད་ཇུས་ལ་རྒྱབ་སྐྱོར་གྱི་ལྟ་སྟངས་ཤིག་བཟུང་། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གཞུག་ནས་བྲོས་བྱོལ་དུ་ཡོང་བའི་རྒྱ་ནག་པ་ཚོས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལངས་ཕྱོགས་བཟུང་། ད་ལོའི་ཕྱི་ཟླ་༧་པར་ཁེ་ན་ཌ་རྒྱལ་ཡོངས་སུ་རྒྱ་མི་རིགས་ཀྱི་ཚོགས་སྡེ་༢༠༨་ཡོད་པ་དེ་དག་གིས་ཁེ་ན་ཌར་དཔར་འགྲེམ་བྱེད་བཞིན་པའི་རྒྱ་ཡིག་གི་ཚགས་པར་ཞིག་གི་ནང་དུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེར་དྲག་ཐལ་གྱི་ངོ་རྒོལ་ཞེས་ཁ་རྡུང་བཏང་ནས་སྤྱི་བསྒྲགས་ཤིག་སྤེལ། ཉམས་ཞིབ་པ་འགའ་ཤས་ཀྱིས་ཁེ་ན་ཌའི་ཕྱི་སྡོད་རྒྱ་ནག་པའི་ཚོགས་སྡེ་ཁག་ཅིག་ལ་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བཀོད་ཇུས་བྱེད་ཀྱི་ཡོད་པའི་དོགས་སློང་བྱས་འདུག

ཨ་ལིཀ་སི་དབྱང་ཞེས་པའི་རྒྱ་ནག་གི་ཕྱོགས་གཏོགས་པ་ཧོང་ཀོང་བ་ཞིག་གིས་སིངྒ་པུར་དུ་ཟ་ཁང་གཉེར་ནས་ལོ་མང་འདས། འོན་ཀྱང་ལོ་འདིར་ཁོ་པས་སིངྒ་པུར་གྱི་གཞུང་གི་ཆོག་མཆན་མེད་པར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ཁོ་པས་མི་ཚོགས་ཤིག་བསྡུས་ནས་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱ་ནག་གི་བདག་དབང་ལ་གཏོར་བརླག་བྱེད་ཀྱི་འདུག་ཅེས་གླེང་སློང་བྱས་པས་སིངྒ་པུར་གྱི་གཞུང་གིས་ཨ་ལིཀ་སི་དབྱང་ཧོང་ཀོང་ལ་ཕྱིར་སློག་བྱས་པ་དང་། སིངྒ་པུར་གྱི་གཞུང་གིས་ང་ཚོའི་ས་ཐོག་ཏུ་ཕྱི་རྒྱལ་བ་ཚོས་མི་ཚོགས་བསྡུས་ནས་རང་གི་ཆབ་སྲིད་ཀྱི་ལྟ་བ་ཁྱབ་སྤེལ་བྱེད་མི་ཆོག སིངྒ་པུར་གྱི་ཕྱི་མི་གཞིས་ཆགས་ལས་ཁང་གི་ཆོག་མཆན་མེད་པར་ཨ་ལིཀ་སི་དབྱང་སིངྒ་པུར་ལ་ཕྱིར་ལོག་བྱེད་མི་ཆོག་ཅེས་ཐག་བཅད། ཁ་སྔོན་ཕྱི་ཟླ་༩་པར་ཨིན་རྡུ་ནེ་ཤི་ཡའི་སློབ་ཕྲུག་ཚོས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་མིག་དཔེ་བལྟས་ནས་རྒྱལ་ཁབ་དེའི་སྤྱི་དམངས་རང་དབང་གི་ཐོབ་ཐང་ལ་ཚོད་འཛིན་བྱེད་པའི་གཞུང་གི་ཁྲིམས་གཞི་ཞིག་ལ་ངོ་རྒོལ་བྱས་འདུག བདུན་ཕྲག་སྔོན་མ་ནས་རྒྱ་གར་གྱི་སློབ་ཕྲུག་ཚོས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་མིག་དཔེ་བལྟས་ནས་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་ལ་ངོ་རྒོལ་གྱི་ལས་འགུལ་མགོ་བརྩམས། ངོ་དེབ་དང་དེ་མིན་གྱི་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་རྒྱ་གར་དང་ཨིན་རྡུ་ནེ་ཤི་ཡ་སོགས་ཀྱི་སློབ་ཕྲུག་ཚོས་ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཉེན་རྟོག་པའི་དྲག་གནོན་ལ་འགོག་རྒོལ་དང་མཆི་འབྱིན་དུག་རླངས་ལ་གཡོལ་ཐབས་ཇི་ལྟར་བྱས་ཡོད་པ་རྣམས་དཔེ་རུ་བཀོད་ནས་ངོ་རྒོལ་ལས་འགུལ་གྱི་ཐབས་ཇུས་ཤིག་བསྟེན། མདོར་ན་༢༠༡༩་ལོའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱིས་འཛམ་གླིང་ཡོངས་སུ་ཁ་པར་དང་དྲྭ་ལམ་བཀག་ཀྱང་ངོ་རྒོལ་ལས་འགུལ་ཇི་ལྟར་རྒྱུན་འཁྱོངས་བྱ་དགོས་མིན་གྱི་ལམ་སྟོན་གསར་པ་ཞིག་བྱས་འདུག

XS
SM
MD
LG