ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

ཨ་རིའི་དམག་གི་རྟེན་གཞི་ནད་དུག་གི་འབྱུང་རྩ་རེད་ཅེས་གླེང་ཕྱོགས་བཟོས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་ནད་དུག་ཚོད་ལྟ་ཁང་ལ་བརྟག་དཔྱད་བྱ་དགོས་ཀྱི་འདུག་ཅེས་དགོས་འདུན་བཏོན། རྒྱ་ནག་སྲིད་གཞུང་གིས་སྔ་ལོ་ཨ་རིའི་དམག་དོན་རྟེན་གཞི་ཞིག་གི་རིམས་ནད་ཞིབ་འཇུག་ཁང་དེ་རེ་ཞིག་སྒོ་རྒྱག་དགོས་དོན་ཅི་ཡིན་ཞེས་འདྲི་རྩད་བྱས་པ་དང་ཚིག་དེའི་ཤུགས་ཀྱིས་ཏོག་དབྱིབས་ནད་དུག་ཨ་རིའི་དམག་དོན་རིམས་ནད་ཞིབ་འཇུག་ཁང་དེ་ནས་ཕྱི་ལ་ཁྱབ་ཡོད་སྲིད་པའི་གོ་རྒྱུ་བཏང་འདུག

༄༅།། ཨ་མི་རི་ཀས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་ནད་དུག་ཚོད་ལྟ་ཁང་ལ་བརྟག་དཔྱད་བྱ་དགོས་ཀྱི་འདུག་ཅེས་དགོས་འདུན་བཏོན། རྒྱ་ནག་སྲིད་གཞུང་གིས་སྔ་ལོ་ཨ་རིའི་དམག་དོན་རྟེན་གཞི་ཞིག་གི་རིམས་ནད་ཞིབ་འཇུག་ཁང་དེ་རེ་ཞིག་སྒོ་རྒྱག་དགོས་དོན་ཅི་ཡིན་ཞེས་འདྲི་རྩད་བྱས་པ་དང་ཚིག་དེའི་ཤུགས་ཀྱིས་ཏོག་དབྱིབས་ནད་དུག་ཨ་རིའི་དམག་དོན་རིམས་ནད་ཞིབ་འཇུག་ཁང་དེ་ནས་ཕྱི་ལ་ཁྱབ་ཡོད་སྲིད་པའི་གོ་རྒྱུ་བཏང་འདུག རྒྱ་ནག་གིས་ཨ་རིའི་དམག་དོན་རྟེན་གཞི་དེ་ནད་དུག་གི་འབྱུང་ཁུངས་རེད་ཅེས་ལྐོག་གཡོ་ངན་ཇུས་ཀྱི་གླེང་ཕྱོགས་ཤིག་བཟོས་པ་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཤུགས་ཆེར་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག
སྤྱི་ཟླ་༥་པའི་ཚེས་༨་ཉིན་རྒྱ་ནག་ཉིན་རེའི་ཚགས་པར་ལ་ཨ་རིའི་སྐྱེ་དངོས་ཚོད་ལྟ་ཁང་ལ་དོགས་པ་མང་བ་དང་ཨ་རིའི་ཕྱོགས་ནས་འཛམ་གླིང་ལ་འགྲེལ་བཤད་གསལ་པོ་ཞིག་རྒྱག་དགོས་ཞེས་བཀོད་པའི་རྩོམ་ཡིག་ཞིག་སྤེལ་འདུག རྩོམ་དེར་ན་ནིང་ཨ་རིའི་དམག་དོན་རྟེན་གཞི་ཞིག་གི་རིམས་ནད་ཞིབ་འཇུག་ཁང་དེ་གནས་སྐབས་རིང་སྒོ་རྒྱག་དགོས་བྱུང་བའི་རྒྱུ་མཚན་ཅི་ཡིན་དང་། ན་ནིང་ཨ་རིའི་དམག་དོན་རྟེན་གཞིའི་རིམས་ནད་ཞིབ་འཇུག་ཁང་དེར་དོན་རྐྱེན་གང་མང་ཞིག་བྱུང་བའི་རྒྱུ་མཚན་ཅི་ཡིན། དེ་བཞིན་ཨ་རིའི་ཕྱོགས་ནས་འཛམ་གླིང་ཁྱོན་ཡོངས་ལ་གསལ་པོ་ཞིག་མ་བཤད་པའི་སྐྱེ་དངོས་ཚོད་ལྟ་ཁང་དེ་འདྲ་ཅི་ཙམ་ཡོད་དམ་ཞེས་དོགས་སློང་བྱས་འདུག
རྒྱ་ནག་ཉིན་རེའི་ཚགས་པར་ནང་དུ་སྤེལ་བའི་རྩོམ་དེ་ནི་མི་དམངས་ཉིན་རེའི་ཚགས་པར་གྱིས་སྤྱི་ཟླ་༥་པའི་ཚེས་༡་ཉིན་སྤེལ་བའི་རྩོམ་ཡིག་དེ་བསྐྱར་སྤེལ་བྱས་པ་ཞིག་རེད། རྩོམ་དེར་ཨ་རིས་དྲི་བ་༡༠་ལ་ངེས་པར་དུ་ལན་འདེབས་བྱ་དགོས་ཞེས་འཁོད། ཨ་རིའི་སྐྱེ་དངོས་ཚོད་ལྟ་ཁང་དེ་སྒོ་རྒྱག་དགོས་པའི་གནས་ཚུལ་ངོ་མ་དེ་ཅི་ཞིག་ཡིན་ནམ་ཞེས་དྲིས་འདུག

རྩོམ་དེར་འཁོད་གསལ་ལ་ཨ་རིའི་ཧྥོར་ཊི་ཌེ་ཊི་རིཀ་སྐྱེ་དངོས་ཚོད་ལྟ་ཁང་སྔ་ལོའི་སྤྱི་ཟླ་༨་པའི་ནང་དུ་སྒོ་བརྒྱབ་པ་ནི་ཁྱད་མཚར་ཞིག་རེད། དེ་ནི་ཐེངས་འདིའི་ནད་དུག་གི་འབྱུང་ཁུངས་དངོས་ཡིན་ཞིང་། ཨ་མི་རི་ཀར་སྟོན་དུས་དང་དགུན་དུས་གཉིས་ལ་ཆམ་ནད་ཤུགས་ཆེར་ཁྱབ་གདལ་ཕྱིན་བཅུག་ཡོད་ཅིང་། དེ་ནས་ཨ་རིའི་དམག་མི་དེ་དག་ཝུ་ཧན་ལ་ཡོང་ནས་དམག་དོན་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་དུ་བཅུག་པ་རེད ཐོག་མར་ཨ་རིའི་དམག་མིས་ནད་དུག་དེ་ཁྱེར་ཡོང་བ་དང་རིམ་གྱིས་ཕན་ཚུན་བགོས་ནས་ཁྱབ་གདལ་ཆེན་པོ་བྱུང་བ་རེད། འདི་ལ་ཨ་རིའི་ནང་དུའང་མི་འགའ་ཞིག་གིས་དཔང་རྟགས་མང་པོ་བཏོན་ཡོད་པ་རེད་ཅེས་བཀོད།།

ཧྥོར་ཊི་ཌེ་ཊི་རིཀ་སྐྱེ་དངོས་ཚོད་ལྟ་ཁང་ནི་ཨ་རིའི་མཱེ་རཱི་ལན་ཌི་མངའ་སྡེའི་ཧྥོར་ཊི་ཌེ་ཊི་རིཀ་ས་གནས་སུ་ཆགས་ཡོད་ཅིང་། ཨེ་བྷོ་ལ་ནད་ཡམས་སོགས་ནད་རིགས་ལ་སྔོན་འགོག་བྱ་ཡུལ་རིམ་པ་བཞི་པའི་སྐྱེ་དངོས་ཚོད་ལྟ་ཁང་ཞིག་ཡིན་འདུག རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་གྱི་དབྱིན་ཇི་པར་མ་དེར་ཨ་རིའི་གཞུང་གིས་ན་ནིང་སྤྱི་ཟླ་༧་པར་མཱེ་རཱི་ལན་ཌི་མངའ་སྡེའི་ཧྥོར་ཊི་ཌེ་ཊི་རིཀ་སྐྱེ་དངོས་ཚོད་ལྟ་ཁང་སྒོ་བརྒྱབ་པའི་རྒྱུ་མཚན་ཅི་ཡིན་ནམ། ཚོད་ལྟ་ཁང་དེ་ནི་ཨ་རིའི་དམག་དོན་སྐྱེ་དངོས་མཚོན་ཆ་ཞིབ་འཇུག་ཁང་ཆེ་ཤོས་དེ་རེད། དེ་སྒོ་བརྒྱབ་པའི་རྗེས་སུ་གློ་ཚད་དང་H1N1་ནད་དུག་གི་རིམས་ནད་སོགས་བསྟུན་མར་བྱུང་འདུག དེ་ནི་ཨ་རིའི་ལས་ཁུངས་མང་པོ་ཞིག་གིས་༢༠༡༩་ལོའི་ཟླ་༡༠་པའི་ནང་དུ་འཛམ་གླིང་ཁྱོན་ཡོངས་ལ་༢༠༡་ལས་འགུལ་ཞེས་པ་སྤེལ་ཚར་པའི་ཟླ་བ་གཉིས་ཀྱི་གཞུག་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ནད་དུག་ཕོག་མཁན་ནད་པ་དང་པོ་དེ་བྱུང་བ་རེད། དེ་ནས་ད་ལོའི་སྤྱི་ཟླ་༢་པ་ནས་ནད་དུག་དེ་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་ཕྱིན་ཡོད་པ་རེད། དོན་དག་དེ་ཚོ་ཕན་ཚུན་ལ་འབྲེལ་བ་ཡོད་མེད་ཐད་དུ་དོགས་སློང་བྱས་འདུག

ཨན་ཌི་རིའུ་ཝེ་བྷར་ནི་སྲིད་འཛིན་ཨོ་བྷ་མའི་དུས་སུ་རྒྱལ་སྲུང་སྡེ་ཚན་གྱི་ལས་རོགས་ཤིག་ཡིན་ཞིང་། ཁོང་གིས་རྡུལ་ཕྲན་དང་རྫས་འགྱུར། སྐྱེ་དངོས་ཀྱི་ལས་གཞི་སོགས་ལ་འགན་བཞེས་གནང་ཡོད་པས་རྒྱ་ནག་གིས་ཨ་རིའི་དམག་དོན་རྟེན་གཞི་དེའི་དོན་རྐྱེན་ཞིག་གླེང་སློང་བྱེད་ཀྱི་ཡོད་པ་ནི་རང་གི་འགན་འཁྲི་གཞན་ལ་དཀྲི་རྒྱུའི་ཆེད་དུ་ཡིན་པ་གསལ་པོ་རེད། ཨ་རིའི་དམག་དོན་རྟེན་གཞི་དེ་ནས་ནད་དུག་ཕྱི་ལ་གཏོང་དགོས་དོན་གཏན་ནས་མེད། ནད་དུག་དེའི་རིགས་ཨ་མི་རི་ཀའི་འགྲུལ་པ་ཚོས་རྒྱ་ནག་ལ་ཕར་ཁྱེར་སོང་བ་རེད་ཅེས་དྲིལ་བསྒྲགས་བྱེད་སྟངས་འདི་ཧང་སངས་དགོས་པ་ཞིག་རེད། ངས་དེ་ལྟར་ཡིན་པའི་དཔང་རྟགས་གང་ཡང་མཐོང་མ་སོང་། མཐར་གཏུགས་ནས་བཤད་ན་བྱེད་སྟངས་དེ་ནི་ནག་ཉེས་ཆེན་པོ་ཞིག་རེད། ང་ཚོས་ནག་ཉེས་གང་རུང་ཞིག་ལ་བརྟག་དཔྱད་བྱེད་དུས་ནག་ཉེས་དེ་བསག་དགོས་པའི་ཀུན་སློང་གང་ཡིན་ལ་ཁུངས་སྐྱེལ་བྱེད་བཞིན་ཡོད། ཨ་རིའི་ཕྱོགས་ནས་ནད་དུག་དེའི་རིགས་ཁྱབ་གདལ་བཏང་བ་རེད་ཟེར་ན་ཨ་རིས་དེ་བཞིན་བྱེད་དགོས་པའི་ཀུན་སློང་དེ་ཅི་ཞིག་ཡིན་ནམ། ནད་དུག་དེར་ད་དུང་བཅོས་ཐབས་ཤིག་རྙེད་མེད། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་པར་མ་ཟད། ཨ་རིར་ནད་ཡམས་དེས་གནོད་སྐྱོན་ཚབས་ཆེ་ཤོས་ཐེབས་པ་རེད་ཅེས་བརྗོད་འདུག

གཞན་ཡང་ང་ཚོས་ཤེས་དགོས་པ་ཞིག་ལ་ན་ནིང་སྤྱི་ཟླ་༧་པར་ཨ་རིའི་མཱེ་རཱི་ལན་ཌི་མངའ་སྡེའི་ཧྥོར་ཊི་ཌེ་ཊི་རིཀ་སྐྱེ་དངོས་ཚོད་ལྟ་ཁང་སྒོ་བརྒྱབ་ནས་ཟླ་བ་བརྒྱད་ཙམ་ཕྱིན་པའི་རྗེས་སུ་གཞི་ནས་ས་གནས་དེར་ནད་པ་དང་པོ་དེ་གཏན་ཁེལ་བྱུང་བ་རེད། ཧྥོར་ཊི་ཌེ་ཊི་རིཀ་སྐྱེ་དངོས་ཚོད་ལྟ་ཁང་ནི་ན་ནིང་ལོའི་སྤྱི་ཟླ་༧་པར་སྒོ་བརྒྱབ་པ་རེད། ད་ལོའི་སྤྱི་ཟླ་༣་པའི་ཚེས་༡༦་ཉིན་ད་གཟོད་ས་གནས་དེར་ནད་པ་དང་པོ་དེ་བྱུང་བ་རེད།།

རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་གྱི་རྩོམ་ཡིག་དེ་ཁྱབ་སྤེལ་ཤུགས་ཆེར་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་དུག་ཁྱབ་གདལ་ཤུགས་ཆེར་ཕྱིན་པ་ཁྱབ་བསྒྲགས་བྱས་པའི་གཞུག་གི་ཉིན་གཉིས་པ་སྟེ། སྤྱི་ཟླ་༣་པའི་ཚེས་༡༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཊོས་ཊར་དྲྭ་ལམ་དུ་ནད་དུག་དེ་ཨ་རིའི་དམག་མིས་རྒྱ་ནག་ལ་ཁྱེར་ཡོང་བ་ཞིག་ཡིན་སྲིད་ཅེས་རྩོམ་ཐུང་ཞིག་སྤེལ། ཀྲའོ་ལི་ཅན་གྱིས་བརྒྱུད་སྤེལ་བྱས་པའི་རྩོམ་ཡིག་དེ་འཕྲལ་དུ་རྒྱ་ནག་གཞུང་ཚབ་ཁང་བཅུ་གྲངས་ཤིག་གིས་བརྒྱུད་བསྐུར་བྱས་འདུག དེ་ལ་ཨ་རིའི་གཞུང་གིས་ཁོང་ཁྲོ་ཆེན་པོས་དགག་པ་བརྒྱབ། མཐར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་བར་སྐབས་ཤིག་ལ་རྒྱ་ནག་གི་ནད་དུག་ཅེས་མིང་བཏགས་པ་རེད།།

རྒྱ་ནག་ཕུད་པའི་ཨུ་རུ་སུ་དང་ཨི་རན་གྱིས་ཀྱང་ནད་དུག་དེ་ཨ་རིའི་དམག་མི་ནས་མཆེད་པའམ། ཡང་ན་ཨ་མི་རི་ཀས་བསམ་བཞིན་ཕྱི་ལ་བཏང་བ་རེད་ཅེས་ལྐོག་གཡོ་ངན་ཇུས་ཀྱི་གླེང་ཕྱོགས་ཤིག་བཟོས་ནས་དྲིལ་བསྒྲགས་མང་པོ་བྱས་འདུག རྒྱ་ནག་དང་ཨ་རུ་སུ། ཨི་རན་བཅས་ཀྱིས་ནད་དུག་གི་འབྱུང་ཁུངས་སྐོར་དྲིལ་བསྒྲགས་བྱེད་དུས་ཨ་རིའི་ཧྥོར་ཊི་ཌེ་ཊི་རིཀ་སྐྱེ་དངོས་ཚོད་ལྟ་ཁང་དང་ཨ་རིའི་འཇོར་ཇཱི་ཡ་མངའ་སྡེའི་ལུ་གྷལ་ཊིབ་ལི་སི་ཚོད་ལྟ་ཁང་སོགས་ནད་དུག་གི་འབྱུང་ཁུངས་ཡིན་ཞེས་སྒྲོགས། འོན་ཀྱང་ཨ་རིའི་ཧྥོར་ཊི་ཌེ་ཊི་རིཀ་སྐྱེ་དངོས་ཚོད་ལྟ་ཁང་བསྐྱར་དུ་སྒོ་ཕྱེ་ནས་བཀོལ་སྤྱོད་བྱེད་བཞིན་པ་ཨ་མི་རི་ཀའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་འདུག ཨ་མི་རི་ཀའི་སྐམ་དམག་གི་རིམས་ནད་ཉམས་ཞིབ་ཚོད་ལྟ་ཁང་དེ་སྔ་ལོ་སྒོ་བརྒྱབ་པ་ནི་སྐྱེ་དངོས་ཚོད་ལྟ་ཁང་དེའི་རླངས་སྒུལ་དུག་སེལ་བཟོ་གྲྭར་སྐྱོན་བྱུང་བའི་རྐྱེན་གྱིས་ཡིན་ཞེས་བཀྲལ། ད་སྔ་ཨ་རིའི་ཚད་མཐོའི་ཚོད་ལྟ་ཁང་དེ་ནས་ཐོན་པའི་ཆུ་ཉོག་རྣམས་གཙང་བཟོ་བྱེད་ཐུབ་པའི་མ་ལག་འཐུས་སྒོ་ཚང་བ་ཞིག་རྙེད་མེད། ཨ་མི་རི་ཀའི་ནད་རིགས་སྔོན་འགོག་དང་དོ་དམ་ལྟེ་གནས་ཀྱིས་བདེ་འཇགས་ལ་ཞིབ་བཤེར་བྱས་ནས་ཚོད་ལྟ་ཁང་དེར་སྐབས་ཤིག་གི་རིང་དུ་ཆོག་མཆན་མ་ཐོབ། ཉེ་ཆར་ཨ་མི་རི་ཀའི་ནད་རིགས་དོ་དམ་ལྟེ་གནས་ཁང་གིས་སྤྱི་ཟླ་༣་པའི་ཚེ་༢༧་གྱི་ཉིན་ཧྥོར་ཊི་ཌེ་ཊི་རིཀ་ས་གནས་ཀྱི་རིམ་པ་གསུམ་པ་དང་བཞི་པའི་ཚོད་ལྟ་ཁང་དེས་ཕྱོགས་ནས་རིམས་ནད་སྐོར་གྱི་ཉམས་ཞིབ་བསྐྱར་དུ་འགོ་ཚུགས་ཆོག་ཅེས་ཆོག་མཆན་སྤྲད། ད་ལྟ་ཁོ་ཚོས་ཏོག་དབྱིབས་ནད་དུག་ལ་ཉམས་ཞིབ་ཧུར་ཐག་བྱེད་བཞིན་པའི་སྒང་རེད།།

མི་དམངས་ཉིན་རེའི་ཚགས་པར་ལ་ཐོན་པའི་རྩོམ་ཡིག་དེར་ཨ་མི་རི་ཀའི་དམག་གིས་མཱེ་རཱི་ལན་ཌི་མངའ་སྡེའི་ཧྥོར་ཊི་ཌེ་ཊི་རིཀ་ས་གནས་སུ་ཚུགས་པའི་སྐྱེས་དངོས་རྫས་འགྱུར་ཉམས་ཞིབ་རྟེན་གཞི་བསྐྱར་དུ་བེད་སྤྱོད་གཏོང་འདོད་འདུག ས་གནས་དེའི་ཡུལ་མི་ཚོས་གནས་ཚུལ་དེ་གོ་ཐོས་བྱུང་ན་ཕྱི་སུ་འབྲོས་འགོ་ཚུགས་རྒྱུ་རེད་ཅེས་བཀོད་འདུག

ད་ལྟའི་ཆར་འཛམ་བུ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གི་ཝུ་ཧན་ནད་དུག་ཚོད་ལྟ་ཁང་དེ་དང་རིམ་པ་གཅིག་མཚུངས་ཀྱི་P4་ཚོད་ལྟ་ཁང་༤༠་ཡས་མས་ཤིག་འདུག དེ་དག་གི་ཁོངས་སུ་ཨ་མི་རི་ཀར་ཚོད་ལྟ་ཁང་དེ་འདྲ་༡༣་ཡོད་ཌྷ་དང་སྐུ་ཞབས་ཝེ་བྷར་གྱིས་ཚོད་ལྟ་ཁང་དེ་དག་མིའི་རིགས་ལ་ནད་དུག་བགོ་རྒྱུའི་ཉེན་ཁ་ཡོད། ཡིན་ནའང་སྨན་བཅོས་དང་འགོག་ཁབ་བཟོ་སྟངས་སོགས་ལ་རྒྱུས་ལོན་ཐུབ་སྟེ་ཕན་ཐོགས་ཀྱང་ཆེན་པོ་བྱུང་ཡོད། འཛམ་གླིང་གི་འགྲོ་མིའི་བདེ་ཐང་ལ་གལ་འགངས་ཆེན་པོ་ཡིན་མོད། འོན་ཀྱང་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་པའི་ཉམས་ཞིབ་ཁང་དེ་དག་གི་ནང་དུ་ཞིབ་འཇུག་གི་ལས་དོན་རྒྱུན་འཁྱོངས་བྱེད་ན་སྤྱི་དམངས་ཀྱི་བདེ་ཐང་ལ་འཇིགས་སྣང་བཟོ་བཞིན་ཡོད་པའང་དོན་དངོས་ཤིག་རེད། ལྷག་པར་དུ་ཉམས་ཞིབ་ཀྱི་ཆེད་དུ་ནད་དུག་ལས་ཀྱང་དུག་གི་རང་བཞིན་ཇེ་ཆེར་གཏོང་བར་ངོ་རྒོལ་ཡོད། དེ་འདྲ་བྱེད་ན་ང་ཚོར་ཐོབ་པ་ལས་ཤོར་བ་མང་བའི་ཁེ་གྱོང་གོ་ལྡོག་གི་བྱེད་སྟངས་ཤིག་རེད་ཅེས་བཤད་འདུག
གྷེ་རི་གྷོ་རི་ཀོབ་ལན་ཛི་ཞེས་པ་ནི་ཨ་རིའི་འཇོར་ཇཱི་མཱེ་སན་སློབ་གྲྭ་ཆེན་མོའི་སྐྱེ་དངོས་སྔོན་འགོག་སྐོར་གྱི་ཆེད་མཁས་པ་ཞིག་རེད། ཁོང་གིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ནད་དུག་ཚོད་ལྟ་ཁང་གཉིས་ཡོད་པ་དེ་དག་ལ་བརྟག་དཔྱད་བྱ་རྒྱུ་ནི་དགོས་ངེས་ཤིག་རེད་ཅེས་བརྗོད། གཞན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཀྱང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་གྱི་ཚོད་ལྟ་ཁང་ཡིན་པ་དང་། ནད་དུག་ཚོད་ལྟ་ཁང་དེ་ནས་ཏོག་དབྱིབས་ནད་དུག་ཕྱི་ལ་ཁྱབ་པ་ལས་མཚོ་ཟས་ཁྲོམ་ར་ནས་བྱུང་བ་ཞིག་མིན་པའི་བདེན་དཔང་མང་པོ་ཡོད་ཅེས་གསུངས་འདུག

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG