ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དབུས་གསང་བའི་ལས་ཁུངས་ཀྱིས་ལོ་ཉི་ཤུའི་རིང་ཛ་ཝ་ཧི་རི་རྩད་གཅོད། 


༄༅།། ཁ་སྔོན་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༦་དང་སྐར་མ་༡༨་ཀྱི་སྟེང་སྟེ། ཕྱི་ཟླ་༧་པའི་ཚེས་༣༡་ཉིན་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་གྲོང་ཁྱེར་དུ་ནམ་ལངས་མེད་པའི་སྐབས་དེར་ཨ་མི་རི་ཀའི་ཁ་ལོ་བ་མེད་པའི་འཕུར་གྲུ་ཞིག་གིས་ཤེར་པུར་རྫོང་གི་ཁྲོམ་སྟོད་དུ་ཡོད་པའི་ཁང་པ་ཞིག་ལ་འཕུར་མདེལ་བརྒྱབ་ནས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཨ་ཡེ་མན་ཨལ་ཛ་ཝ་ཧི་རི་བསད། དེ་རིང་ཕྱི་ཟླ་༨་པའི་ཚེས་༢་ཉིན་དབྱིན་ཇིའི་ཉིན་རེའི་སྦྲགས་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༡་ལོར་ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་གིས་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཨོ་ས་མ་བྷིན་ལ་ཌན་བསད་པའི་རྗེས་སུ་ཛ་ཝ་ཧི་རི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་དེའི་འགོ་ཁྲིད་དུ་གྱུར། གཟའ་ཉི་མའི་ཉིན་ཛ་ཝ་ཧི་རིས་ཞོགས་པའི་ཁ་འདོན་ཚར་ཏེ་དུས་རྒྱུན་ལྟར་ཁྱམས་རའི་རྐུབ་བཀྱག་ཐོག་ཏུ་བསྡད་ནས་ཞོགས་པའི་སྐྱ་རེངས་འཆར་གྱི་ཡོད་པར་བལྟས་ཡོད་པའི་སྐབས་སུ་འཕུར་མདེལ་ཕོག་ནས་ལྔ་ལམ་དུ་བརྫངས། ཕྱི་ཟླ་༧་པའི་ཚེས་༡་ཉིན་སྲིད་འཛིན་ཇཱོ་བྷ་ཌན་ལ་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ལོ་ན་༧༡་ལ་སོན་པའི་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཛ་ཝ་ཧི་རི་གང་དུ་ཡོད་མེད་རྩད་གཅོད་གསལ་པོ་ཐུབ་སོང་། ཁོ་པ་བཟའ་མི་འཁོར་དང་བཅས་པ་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་གྲོང་ཁྱེར་གྱི་ཁང་པ་ཞིག་གི་ནང་དུ་བསྡད་འདུག་ཅེས་སྙན་སེང་ཞུས། ད་ལོའི་ཕྱི་ཟླ་༦་པ་དང་༧་གཉིས་ཀར་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་བྷ་ཌན་ལ་འདྲ་པར་བསྟན་ནས་གསང་བའི་གནས་ཚུལ་རྣམས་ཕུལ། རྒྱལ་ས་ཀ་བྷུལ་གྱི་ཁྲོམ་གཞུང་གི་ཁང་པ་དེའི་ནང་དུ་སྐུང་ཡོད་པའི་མི་དེ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཛ་ཝ་ཧི་རི་ཡིན་པ་ངོ་ཐག་བཅད། ཨ་མི་རི་ཀས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་ཛ་ཝ་ཧི་རི་གསོད་རྒྱུའི་འཆར་གཞི་ལ་སྲིད་འཛིན་བྷ་ཌན་དང་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོས་གྲོས་སྡུར་ཐེངས་འགའ་ཞིག་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༢༥་ཉིན་སྲིད་འཛིན་བྷ་ཌན་གྱིས་རང་གི་སློབ་སྟོན་པ་དང་བློན་ཆེན་ལྷན་ཁང་གི་འགོ་ཁྲིད་ཚོ་བསྡུ་སྐོང་བྱས་ནས་དབུས་གསང་བའི་ལས་ཁང་གི་གནས་ཚུལ་དེར་མཐའ་མའི་བསྐྱར་ཞིབ་དང་ཛ་ཝ་ཧི་རི་ཇི་ལྟར་གསོད་དགོས་པར་སླར་ཡང་གྲོས་ཁ་བསྡུར། སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་འཕུར་མདེལ་དེ་དམིགས་འབེན་ལ་ཏག་ཏག་ཅིག་ཁེལ་དགོས་པ་དང་ཉེ་འཁྲིས་ཀྱི་མི་མང་ལ་སྲོག་སྐྱོན་འཕོག་མི་དགོས་པ་གཙོ་འདོན་བྱ་དགོས་ཞེས་བཀའ་ཕབ། ཕྱི་ཟླ་༧་པའི་ཚེས་༣༠་ཉིན་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་གྲོང་ཁྱེར་དུ་སིམ་འཛུལ་བྱེད་ཡོད་པའི་ཨ་རིའི་གསང་ཉུལ་ཚོས་དམིགས་འབེན་ལ་རྟགས་བརྒྱབ། ཕྱི་ཉིན་ཞོགས་པར་ཨ་མི་རི་ཀས་འཕུར་མདེལ་བརྒྱབ་ནས་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་དེའི་འགོ་ཁྲིད་བསད། དེ་ནི་༢༠༠༡་ལོའི་ཕྱི་ཟླ་༩་པའི་ཚེས་༡༡་ཉིན་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀའི་ནེའུ་ཡོཀ་གྲོང་ཁྱེར་དང་རྒྱལ་ས་ཝ་ཤིང་ཊོན། ཕན་སིལ་ཝེ་ཎི་ཡ་མངའ་སྡེ་བཅས་སུ་འགྲུལ་སྐྱེལ་གནམ་གྲུ་བཙན་ཁྲིད་བྱས་ནས་གཏོར་རྒོལ་བྱས་ཏེ་མི་༣༠༠༠་མ་ཟིན་ཙམ་ཞིག་བསད་པའི་རྗེས་སུ་ཨ་མི་རི་ཀས་ལོ་༢༡་ལ་ཨ་ཡེ་མན་ཨལ་ཛ་ཝ་ཧི་རི་རྩད་གཅོད་བྱས་པའི་ལས་དོན་མཇུག་བསྒྲིལ་བ་ཞིག་ཡིན་ཞིང་། ཛ་ཝ་ཧི་རི་༡༩༩༨་ལོར་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཐན་ཛ་ཎི་ཡ་དང་ཁེ་ཎི་ཡར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཁང་གཉིས་ལ་གཏོར་རྒོལ། ད་དུང་༢༠༠༠་ལོའི་ཕྱི་ཟླ་༡༠་པའི་ཚེས་༡༢་ཉིན་ཨ་མི་རི་ཀའི་ཀོལ་དམག་གྲུ་ཆེན་མོར་གཏོར་རྒོལ་བྱུང་སྟེ་ཨ་རིའི་མཚོ་དམག་༡༧་བསད་པ་དང་མི་༣༩་ལ་རྨས་སྐྱོན་ཕོག་པའི་གཏོར་རྒོལ་དེ་དག་གི་ཇུས་འགོད་པ་གཙོ་བོ་ཡིན་འདུག ཁ་སང་ཕྱི་ཟླ་༨་པའི་ཚེས་༡་གི་ཕྱི་དྲོར་སྲིད་འཛིན་བྷ་ཌན་གྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་དུས་ཡུན་ཅི་ཙམ་འགོར་ཡང་ཁྱད་པར་མེད། ཁྱོད་ཚོ་གང་དུ་སྐུང་ཡང་ཁྱད་མེད་པར་མེད། གལ་སྲིད་ཁྱོད་ང་ཚོའི་མི་དམངས་ལ་ཉེན་ཁ་ཞིག་ཏུ་གྱུར་ཚེ། ཨ་མི་རི་ཀས་ཁྱོད་ཚོ་རྩད་གཅོད་བྱས་ནས་ཐར་པ་གཏོང་གི་མིན་ཞེས་གཏམ་བཤད་བྱས་འདུག

དབྱིན་ཇིའི་ཉིན་རེའི་སྦྲགས་འཕྲིན་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཟླ་བ་༦་གི་རིང་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་ཛ་ཝ་ཧི་རི་སྐུང་ཡོད་པའི་ཁང་པ་དེར་ལྟ་རྟོག་དང་ཁོ་པའི་ཉིན་རེའི་བྱེད་སྒོ་ཁག་ལ་རྟོག་ཞིབ། ཛ་ཝ་ཧི་རི་དུས་ཚོད་གང་འདྲ་ཞིག་ལ་བསད་ན་སྟབས་བདེ་མིན་སོགས་ཞིབ་འཇུག་གཟབ་ནན་བྱས་ཤིང་། ད་ལོའི་ཕྱི་ཟླ་༤་པའི་ནང་དུ་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ལ་ཛ་ཝ་ཧི་རི་ཡའི་ཆུང་མ་དང་བུ་མོ། ཁོ་ཚོའི་ཕྲུ་གུ་རྣམས་ཨབ་གྷ་ཎི་སི་ཐན་གྱི་རྒྱལ་ས་ཀ་བྷུལ་གྲོང་ཁྱེར་གྱི་ཁྲོམ་སྟོད་དུ་ཆགས་པའི་ཁང་པ་ཞིག་གི་ནང་དུ་སྤོས་སོང་། ཁང་པ་དེ་སྔོན་ཆད་ཨབ་གྷ་ཎི་སི་ཐན་དུ་བཅའ་སྡོད་ནུབ་ཕྱོགས་པའི་གཞུང་ཚབ་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་གནས་སྡོད་བྱ་ཡུལ་རེད། ཛ་ཝ་ཧི་རི་དང་བཟའ་མི་ཚོར་ཨབ་གྷ་ཎི་སི་ཐན་གྱི་ཧ་ཁ་ཎི་སྒྲིག་འཛུགས་ཀྱིས་སྲུང་སྐྱོབ་བྱེད་ཀྱི་འདུག་ཅེས་གནས་ཚུལ་འབྱོར། ཧ་ཁ་ཎི་སྒྲིག་འཛུགས་ཀྱང་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ཡིན་པར་མ་ཟད། ཚོགས་པ་དེ་ཧ་ཁ་ཎི་སྤུན་མཆེད་གཉིས་ཀྱིས་བཙུགས་ཏེ་ཨལ་ཁེ་དྷ་སྒྲིག་འཛུགས་དང་ཏ་ལི་བྷན་ཤོག་ཁག་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། ན་ནིང་ཕྱི་ཟླ་༨་པར་ཨ་མི་རི་ཀའི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་ཏ་ལི་བྷན་ཤོག་ཁག་ཨབ་གྷ་ཎི་སི་ཐན་གྱི་དབང་སྒྱུར་པར་གྱུར། དེ་ནས་སི་ར་ཇུ་དྷི་ཧ་ཁ་ཎི་ཞེས་པའམ། ཡང་ན་ཧ་ཁ་ཎི་ཚོགས་པ་རྩ་འཛུགས་པ་ཇཱ་ལ་ལུ་དྷིན་གྱི་བུ་དེ་ཨབ་གྷ་ཎི་སི་ཐན་གྱི་ནང་སྲིད་བློན་ཆེན་ལ་བསྐོས། ཛ་ཝ་ཧི་རི་དང་ཁོ་པའི་བཟའ་མི་རྣམས་སྤོས་ཡུལ་གྱི་ཁང་པ་དེ་སི་ར་ཇུ་དྷི་ཧ་ཁ་ཎིའི་ལས་རོགས་ཤིག་གི་ཁང་པ་རེད་ཟེར། ཨ་མི་རི་ཀའི་གསང་ཉུལ་ཚོས་ཟླ་བ་གསུམ་གྱི་རིང་ཁང་པ་དེའི་ནང་དུ་བསྡད་ཡོད་པའི་མི་དེ་ཛ་ཝ་ཧི་རི་ཡིན་མིན་ལྐོག་ལྟ་བྱས་ནས་ངོ་ཐག་བཅད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཡེ་མན་ཨལ་ཛ་ཝ་ཧི་རི་ནི་༡༩༥༡་ལོའི་ཕྱི་ཟླ་༦་པའི་ཚེས་༡༩་ཉིན་ཨི་ཇེབ་ཀྱི་རྒྱལ་ས་ཁེ་རོ་གྲོང་ཁྱེར་དུ་སྐྱེས། ཁོ་པའི་ཆེད་ལས་སྨན་པ་ཡིན་པ་དང་ཆུང་དུས་ནས་ཁ་ཆེའི་ཆོས་ལུགས་ལ་བློ་ཁ་ཕྱོགས་ཏེ་སྐབས་དེའི་ཨི་ཇེབ་ཀྱི་སྲིད་གཞུང་མགོ་རྟིང་བསློགས་ནས་ཁ་ཆེའི་ཆོས་ཁྲིམས་ཀྱིས་སྐྱོང་བའི་སྲིད་གཞུང་ཞིག་འཛུགས་རྒྱུའི་ལས་འགུལ་ལ་ཞུགས། ༡༩༨༡་ལོར་ཁ་ཆེ་ཐལ་སྐྱོད་པ་ཚོས་ཨི་ཇེབ་ཀྱི་སྲིད་འཛིན་ཨན་ཝར་ས་དྷ་ཏ་བཀྲོངས་ཏེ་དྲག་སྤྱོད་པ་བརྒྱ་ཕྲག་འགའ་ཞིག་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ཛ་ཝ་ཧི་རི་ཡང་འཛིན་བཟུང་བྱས་ནས་བཙོན་དུ་བཅུག ལོ་རབས་༨༠་ནང་དུ་ཛ་ཝ་ཧི་རི་དང་ཁ་ཆེ་ཐལ་སྐྱོད་པ་རྣམས་ཨབ་གྷ་ཎི་སི་ཐན་ལ་བསྐྱོད་དེ་ཨུ་རུ་སུའི་དམར་དམག་ལ་འཐབ་རྒོལ་བྱས་པ་དང་སྐབས་དེར་ཨོ་ས་མ་བྷིན་ལ་ཌན་ལ་ཐུག་ནས་འབྲེལ་བ་ཚུགས། དེ་ནས་ལོ་༧་གྱི་རྗེས་སུ་ཨོ་ས་མ་བྷིན་ལ་ཌན་དང་ཛ་ཝ་ཧི་རི་སོགས་ཀྱིས་ཨལ་ཁེ་དྷ་སྒྲིག་འཛུགས་བཙུགས། ཛ་ཝ་ཧི་རིའི་རྗེས་འབྲང་བ་རྣམས་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས། ཁོ་པའི་འཇོན་ཐང་དང་ཉམས་མྱོང་ལ་བརྟེན་ནས་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱིས་འཛམ་གླིང་ཡོངས་སུ་ལྐོག་ཡིབ་ཡན་ལག་ཚོགས་པ་འཛུགས་ཐུབ་པའི་ནུས་པ་ཐོན། ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་གཏེ་དཔོན་ནི་ཨོ་ས་མ་བྷིན་ལ་ཌན་ཡིན་རུང་ཛ་ཝ་ཧི་རི་དང་ལས་རོགས་ཚོས་ལོ་མང་རིང་མངོན་གསལ་མེད་པར་ཨ་མི་རི་ཀར་༩་པའི་༡༡་གཏོར་རྒོལ་བྱ་རྒྱུ་དེར་གྲ་སྒྲིག་དང་འཆར་འགོད། འགྲུལ་སྐྱེལ་གནམ་གྲུ་བཙན་ཁྲིད་བྱེད་མཁན་རང་སྲོག་བློས་གཏོང་བ་རྣམས་འདེམས་སྒྲུག་དང་གཏོར་རྒོལ་དེའི་འགྲོ་གྲོན་འདུ་འགོད། ཨ་མི་རི་ཀར་གཏོར་རྒོལ་བྱས་པའི་རྗེས་སུ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོར་སྐུང་ཡུལ་རྒྱལ་ཁབ་བརྟན་པོ་ཞིག་བཙལ་ནས་ལས་དོན་ཆ་ཚང་བསྒྲུབས་པའི་གནས་ཚུལ་ཐོན་འདུག

ད་ལྟ་ཨ་མི་རི་ཀས་ཛ་ཝ་ཧི་རི་བསད་པའི་རྗེས་སུ་ཨལ་ཁེ་དྷ་སྒྲིག་འཛུགས་ལ་ཅི་ཞིག་འབྱུང་རྒྱུ་ཡིན་ནམ། ཛ་ཝ་ཧི་རིའི་རྗེས་འཛིན་པར་སུ་ཞིག་བསྐོ་བཞག་བྱ་རྒྱུ་ཡིན་མིན་བཅས་ལ་ཉམས་ཞིབ་པ་ཚོས་དཔྱད་ཞིབ་འདྲ་མིན་སྣ་ཚོགས་ཤིག་བྱ་རྒྱུ་མགོ་བརྩམས། ཨལ་ཁེ་དྷ་སྒྲིག་འཛུགས་ལ་ཉམས་ཞིབ་བྱེད་མཁན་མཁས་པ་ཨ་ལི་སོ་ཧྥན་ཞེས་པ་ཞིག་གིས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨལ་ཁེ་དྷ་སྒྲིག་འཛུགས་ལ་གཏོར་རྒོལ་བྱས་ནས་ཚོགས་པ་དེ་སྟོབས་ཤུགས་ཉམས། ཁོ་ཚོར་སྔར་བཞིན་འཛམ་གླིང་ཡོངས་སུ་གཏོར་རྒོལ་བྱེད་ཐུབ་པའི་ནུས་པ་མེད་ཀྱང་སྒྲིག་འཛུགས་དེ་རྩ་ཐོར་དུ་ཕྱིན་མི་འདུག ཨི་ཇེབ་པ་སཱ་ཡེབ་ཨལ་ཨ་ཌལ་ཞེས་པ་ཞིག་ཛ་ཝ་ཧི་རིའི་རྗེས་འཛིན་པ་དང་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་གསར་པར་བསྐོ་བཞག་བྱ་རྒྱུའི་རྟགས་མཚན་འདུག ཁོ་པ་མི་འཇོན་པོ་དང་ཨོ་ས་མ་བྷིན་ལ་ཌན་ལྟར་ཚོགས་མི་གསར་པ་འགུགས་ཐུབ་པའི་ནུས་པ་ཡོད་པ་ཞིག་རེད་ཅེས་བསྟན། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་༩་པའི་༡༡་གི་གཏོར་རྒོལ་རྗེས་སུ་ཨལ་ཁེ་དྷ་སྒྲིག་འཛུགས་ལ་གཅིག་གྱུར་གྱི་འགོ་ཁྲིད་མེད་པ་དང་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ལངས། མཐའ་ལྷུང་རིང་ལུགས་ཀྱི་ཡན་ལག་ཚོགས་པ་འགའ་ཤས་ཀྱིས་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་ཁང་གི་བཀོད་འདོམས་ལ་ཉན་གྱི་མེད་པ་སོགས་འགལ་ཟླ་ཆེན་པོ་འདུག ཡིན་ནའང་ཉེ་དུས་ཤིག་ནས་ཨབ་གྷ་ཎི་སི་ཐན་གྱི་མཐའ་མཚམས་ཁག་ཏུ་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་དམག་སྒར་དང་དམག་སྦྱོང་བྱ་ཡུལ་རྣམས་བསྐྱར་འཛུགས་བྱུང་སྟེ་སྟོབས་ཤུགས་སླར་གསོ་འབྱུང་རྒྱུའི་ཉེན་ཁ་ཆེ། གཟའ་མཇུག་དེར་ཨ་ཡེ་མན་ཨལ་ཛ་ཝ་རི་བསད་པ་ནི་ཨལ་ཁེ་དྷ་སྒྲིག་འཛུགས་ལ་ཕམ་ཉེས་ཆེན་པོ་ཞིག་རེད་ཅེས་གནས་ཚུལ་སྤེལ། སི་ཨེན་ཨེན་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་དང་ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན། རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་དང་ཁོང་གི་ལས་རོགས། ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གི་དྲུང་ཆེ་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ལ་གྲོས་སྡུར་དང་ཞིབ་འདྲི་ནན་པོ་བྱས་པའི་རྗེས་སུ་ཨ་ཡེ་མན་ཨལ་ཛ་ཝ་ཧི་རི་གསོད་རྒྱུའི་འཆར་གཞི་དེར་ཆོག་མཆན་བཀོད་པ་རེད་ཅེས་གནས་ཚུལ་ཐོན་འདུག

XS
SM
MD
LG