ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་འགོག་རྐྱེན་བརྒྱབ་པ།


ཞི་ཅིན་ཕིང་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་གཉིས་ཐུག་འཕྲད། ༢༠༢༠།༡།༢༨
ཞི་ཅིན་ཕིང་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་གཉིས་ཐུག་འཕྲད། ༢༠༢༠།༡།༢༨

ད་ལོའི་ཕྱི་ཟླ་དང་པོ་ཧྲིལ་པོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཡོངས་གྲགས་སུ་རྒྱ་ནག་གིས་མགྱོགས་མྱུར་ངང་དུཏོག་དབྱིབས་ནད་དུག་གསར་པར་སྔོན་འགོག་བྱེད་ཀྱི་ཡོད་པར་བསྔགས་བརྗོད་བྱས་ཡོད། རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ནད་དུག་དེའི་རིགས་རྫས་ཀྱི་མ་དཔེ་རྣམས་འཕྲལ་དུ་མཁོ་སྤྲོད་བྱས་པར་བཀའ་དྲིན་ཆེ། རྒྱ་ནག་གི་ལས་དོནསྒྲུབ་ཕྱོགས་ནི་ཕྱི་གསལ་ནང་གསལ་དང་ཧ་ལས་པའི་ཡག་པོ་འདུག་ཅེས་བསྒྲགས། ཡིན་ནའང་བསྔགས་བརྗོད་དེའི་རྒྱབ་ལོགས་ཀྱི་གནས་ཚུལ་ངོ་མ་ནི་རྦད་དེ་ཐ་དད་ཅིག་ཡིན་པ་སྟེ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཚབས་ཆེའི་འགོས་ནད་འདིར་སྔོན་འགོག་བྱེད་པར་མཁོ་ངེས་ཀྱི་གནས་ཚུལ་དང་གཞི་གྲངས་རྣམས་རྒྱ་ནག་གཞུང་གིས་དུས་ཐོག་ཏུ་མཁོ་སྤྲོད་བྱ་རྒྱུ་ནར་འགྱངས་བཏང་སྟེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོ་ཡི་ཐང་ཆད་དུ་བཅུག་འདུག དཔེར་ན་རྒྱ་གཞུང་གི་ཚོད་ལྟ་ཁང་མ་འདྲ་བ་གསུམ་གྱིས་ཏོག་དབྱིབས་ནད་དུག་གསར་པའི་ཕྲ་ཕུང་ངམ། རིགས་རྫས་ཀྱི་མ་དཔེ་ཆ་ཚངབརྙན་རིས་སུཕབ་སྟེ་བདུན་ཕྲག་གཅིག་གི་རྗེས་སུ་མ་གཏོགས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་གནས་ཚུལ་དེ་མཁོ་སྤྲོད་བྱས་མི་འདུག་ཅེས་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་འདུག ཡིན་ནའང་དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ང་ཚོསའཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་གི་གནས་ཚུལ་རྣམས་ཁོ་སྤྲོད་བྱ་རྒྱུ་ནར་འགྱངས་བཏང་བ་རེད་ཅེས་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་བདེན་པ་མ་རེད། དེ་ནི་གཞི་རྩ་མེད་པའི་སྐད་ཆ་ཞིག་རེད་ཅེས་དགག་པ་བརྒྱབ་འདུག

འཛམ་གླིང་འཕྲོད་སྒྲིག་འཛུགས་ཀྱི་ནང་ཁུལ་ཡིག་ཆ་ཁག་དང་མི་མང་པོ་ཞིག་ལ་བཅར་འདྲི་ཞུསནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་དགོས་ངེས་ཀྱི་གནས་ཚུལ་དེ་དག་འཕྲལ་དུ་མཁོ་སྤྲོད་མ་བྱས་པའི་འགག་རྩ་ནི་རྒྱ་ནག་གི་འཕྲོད་བསྟེན་ལམ་ལུགས་ལ་ཐུག་འདུག ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་ཚོད་ལྟ་ཁང་གཞན་པ་ཞིག་གིས་ནད་དུག་དེའི་ཕྲ་ཕུང་གི་ཞིབ་ཕྲའི་གནས་ཚུལ་དྲྭ་ལམ་དུ་བཀོད་པའི་རྗེས་སུ་རྒྱ་ནག་གི་ཚོད་ལྟ་ཁང་དེས་ཏོག་དབྱིབས་ནད་དུག་གི་ཕྲ་ཕུང་སྐོར་ཕྱི་ལ་བསྒྲགས། དེ་ནས་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟངས་དང་ནད་པའི་གྲངས་འབོར། ནད་རྟགས་སོགས་ཀྱི་ཞིབ་ཕྲའི་གཞི་གྲངས་ཉུང་ཉུང་ཞིག་ལས་སྤྲད་མ་སོང་། གལ་སྲིད་རྒྱ་ནག་གཞུང་གིས་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་གནས་ཚུལ་ཞིབ་ཕྲ་ཞིག་སྤྲད་ཡོད་ན་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་ཤུགས་ཆེན་པོ་ཞིག་སྔོན་འགོག་ཐུབ་ཡོད་ཅེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནང་ཁུལ་ཡིག་ཆ་ཁག་ཏུ་འཁོད་པ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོ་ཚོགས་འདུ་ཚོགས་པའི་ནང་ཁུལ་གྱི་ཚིག་ཐོ་ཁག་ཏུ་གསལ། ཕྱི་ཟླ་དང་པོའི་ནང་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཡོངས་གྲགས་སུ་རྒྱ་ནག་ལ་བསྔགས་བརྗོད་ཤུགས་ཆེན་པོ་བྱས་དོན་ནི་ཏོག་དབྱིབས་རིམས་ནད་ཀྱི་གནས་ཚུལ་གང་མང་ཞིག་ལེན་ཐབས་རེད། ལྐོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་ཕྱི་ཟླ་དང་པོའི་ཚེས་༦་ནས་རྒྱ་ནག་གཞུང་གིས་གནས་ཚུལ་ཆ་ཚང་ཞིག་མཁོ་སྤྲོད་བྱེད་ཀྱི་མི་འདུག རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཅི་ཙམ་ཕྱིན་ཡོད་མེདནད་དུག་དེ་མི་ནས་མི་ལ་ཇི་ལྟར་འགོ་ཡི་ཡོད་མེདའཛམ་གླིང་ཡོངས་ལ་ཉེན་ཁ་ཅི་ཙམ་ཡོད་མེད་ཀྱི་གཞི་གྲངས་གསལ་པོ་ཞིག་མ་སྤྲད་པར་རིན་ཐང་ཆེ་བའི་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་གཏོང་གི་འདུག་ཅེས་འཁང་ར་བཤད་རྒྱུ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་རྟགས།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་རྟགས།

དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་བསྔགས་བརྗོད་ཁོ་ན་བྱས་ནས་ཁ་མཐུན་བྱས་སོང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པར་སྔོན་འགོག་བྱ་རྒྱུ་འཐུས་ཤོར་བཏང་སོང་ཞེས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པར་མ་ཟད། རང་བཙན་གྱི་ཚོགས་ཆུང་ཞིག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཇི་ལྟར་བྱས་ཡོད་མེད་ལ་ཞིབ་འཇུག་བྱེད་དུ་འཇུག་རྒྱུ་དེར་མོས་མཐུན་བྱ་དགོས་བྱུང་ཡོད། ཐོག་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ནུས་པ་ཐོན་པ་ཞིག་བྱེད་ཀྱི་འདུག་ཅེས་བསྔགས་བརྗོད་བྱས། ད་ལྟ་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ལ་ཁ་རྡུང་དྲག་པོ་བཏང་སྟེ་ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་གཅོད་རྒྱུ་ཡིན། ཨ་མི་རི་ཀ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནི་ྒྱ་ནག་གི་སྲི་ཞུ་ཁང་ལྟ་བུ་ཞིག་ལ་གྱུར་འདུག་ཅེས་སྐྱོན་བརྗོད་བྱས་ཤིང་། ཨ་མི་རི་ཀ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རོགས་དངུལ་སྤྲོད་མཁན་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་ཡིན། གལ་སྲིད་ཨ་མི་རི་ཀས་ལོ་ལྟར་ཨ་སྒོར་དུང་ཕྱུར་༤་དང་ཕྱེད་ཀ་རེ་རོགས་དངུལ་སྤྲོད་ཀྱི་ཡོད་པམཚམས་ཆད་ན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ལས་དོན་སྒྲུབ་དཀའ་བ་ཞིག་ཏུ་འགྱུར་ངེས་རེད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནང་ཁུལ་ཡིག་ཆ་ཁག་ཅིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་དང་ཨ་མི་རི་ཀ་གང་རུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དུ་མིན་ཞིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་རྒྱ་ནག་དང་ཨ་མི་རི་ཀའི་བར་དེར་ཚུད་ཡོད་པ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་དབང་ཚད་ངེས་ཅན་ཞིག་ལས་མེད་ཀྱང་དགོས་ངེས་ཀྱི་གཞི་གྲངས་བསྡུ་ཐབས་བྱེད་ཀྱི་ཡོད་པ་སྟོན་ཐབས་ཤིག་ཡིན་འདུག རྒྱལ་སྤྱིའི་ཁྲིམས་ལུགས་སུ་ཚོགས་འཐུས་རྒྱལ་ཁབ་ཁག་གིས་མི་དམངས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་འབྲེལ་བ་ཡོད་པའི་གནས་ཚུལ་རྣམས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྙན་སེང་ཞུ་དགོས་པའི་འགན་འཁྲི་ཡོད་ཅེས་བཀོད། འོན་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཁྲིམས་དེ་ལག་ལེན་བསྟར་རྒྱུའི་ནུས་པ་བྲལ། ཚོགས་འཐུས་རྒྱལ་ཁབ་གང་ཞིག་གི་མོས་མཐུན་མེད་པར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་བྱེ་བྲག་པ་ཞིག་ལ་རིམས་ནད་ཁྱབ་གདལ་འགྲོ་བཞིན་པར་ཞིབ་འཇུག་བྱེད་ཆོག་གི་མེད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཚོགས་འཐུས་རྒྱལ་ཁབ་དེའི་མཉམ་འབྲེལ་དང་གནས་ཚུལ་མཁོ་སྤྲོད་བྱས་པ་འབའ་ཞིག་ལ་བརྟེན་དགོས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནང་ཁུལ་ཡིག་ཆ་ཁག་ལ་བལྟས་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྐྱོན་འཛུགས་བྱས་པ་ལྟར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་ཁ་མཐུན་བྱས་ཡོད་པ་བསྒྲུབ་དཀའ་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རྒྱ་ནག་གཞུང་གིས་གནས་ཚུལ་ཆ་ཚང་ཞིག་མཁོ་སྤྲོད་མ་བྱས་པར་རྨོངས་འཐོམས་སུ་ལུས་ཡོད་པ་ར་འཕྲོད།།

ད་ལོ་ཕྱི་ཚུལ་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་བསྔགས་བརྗོད་བྱས་ཀྱང་རྒྱ་ནག་གི་ཚན་རིག་པ་ཚོས་ནད་རྟགས་ངོས་འཛིན་དང་ནད་དུག་གི་ངོ་བོ་གསལ་དགྲོལ་སོགས་ཀྱི་ལས་དོན་མངོན་པར་བསྟོད་འོས་པ་ཞིག་བསྒྲུབས་སོང་ཞེས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེའི་ལས་སྣེ་ཚོ་ལྟ་ཚུལ་གཅིག་མཚུངས་ཡིན་འདུག ཕྱི་ཟླ་དང་པོའི་བདུན་ཕྲག་གཉིས་པ་དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཛ་དྲག་ལས་དོན་ཁང་གི་འགན་འཛིན་སྨན་པ་མཱེ་ཁེལ་ར་དབྱེན་གྱིས་རྒྱ་ནག་ལ་བསྟོད་བསྔགས་བྱས་ནས་ཕན་ཐོགས་མི་འདུག ད་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ཇུས་ལ་བསྒྱུར་དགོས་ཀྱི་འདུག ༢༠༠༣་ལོར་རྒྱ་ནག་ལ་གློ་ཚད་ཀྱི་ནད་ཡམས་ཤིག་ཁྱབ་པ་དེ་འདྲ་ཞིག་ལ་འགྱུར་ས་རེད་ཅེས་གྲོས་གཞི་གསར་པ་ཞིག་བཏོན། སྨན་པ་ར་དབྱེན་གྱིས་ཀོང་གོ་རྒྱལ་ཁབ་ལྟར་རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་མཉམ་འབྲེལབྱེད་ཀྱི་མི་འདུག རྒྱ་ནག་འགེབས་སྐྱོབ་བྱེད་པའི་ཐབས་ལམ་བཟང་ཤོས་ནི་རྒྱ་ནག་གཞུང་གིས་མཁོ་སྤྲོད་བྱས་པའི་གཞི་གྲངས་ལྟར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རང་དབང་གི་སྒོ་ནས་ཏོག་དབྱིབས་རིམས་ནད་ལ་ཞིབ་འཇུག་དང་བརྟག་དཔྱད་བྱེད་དུ་འཇུག་དགོས་ཞེས་བཤད། རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་ནད་དུག་གི་ཕྲ་ཕུང་དང་རིགས་རྫས་ཀྱི་མ་དཔེ་རྣམས་མཁོ་སྤྲོད་བྱ་རྒྱུ་ནར་འགྱངས་བཏང་བ་དེས་ན་རྟགས་ངོས་འཛིན་དང་འགོ་སྟངས་ངོས་འཛིན། རིམས་ནད་ྔོན་འགོག་དང་བརྟག་དཔྱད། འགོག་ཁབ་གསར་བཟོ་བཅས་ལ་འགོག་རྐྱེན་དང་དལ་འགོར་ཆེན་པོ་ཞིག་བྱུང་ཡོད་པ་རེད།།

XS
SM
MD
LG