ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

ཇཱིམ་འཇོར་ཌན་སླར་ཡང་གྲོས་ཚོགས་འོག་མའི་ཚོགས་གཙོར་འཚང་། 


༄༅།། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གནས་དབྱུང་བཏང་སྟེ་ཚོགས་གཙོ་གསར་པ་བསྐོ་མ་ཐུབ་པར་ཉི་མ་༡༦་འདས། སྤྱི་མཐུན་ཚོགས་པའི་འཐུས་མི་ཇཱིམ་འཇོར་ཌན་ལ་གྲོས་ཚོགས་འོག་མའི་ནང་དུ་འོས་ཤོག་ཐེངས་གཉིས་འཕངས་ཀྱང་ཚོགས་གཙོའི་གོ་གནས་འཛིན་ཐུབ་པའི་འོས་ཤོག་༢༡༧་མ་ཐོབ། ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཇཱིམ་འཇོར་ཌན་གྲོས་ཚོགས་འོག་མའི་ཚོགས་གཙོར་འོས་བསྡུ་ཐེངས་དང་པོ་བྱས་པའི་སྐབས་སུ་དམངས་གཙོ་ཚོགས་པའི་འཐུས་མི་༢༡༢་དང་སྤྱི་མཐུན་ཚོགས་པའི་འཐུས་མི་༢༠་ཐམ་པས་རྒྱབ་སྐྱོར་གྱི་འོས་ཤོག་མ་འཕངས། ཁ་སང་སླར་ཡང་འོས་བསྡུ་བྱས་ཀྱང་དམངས་གཙོ་ཚོགས་པའི་འཐུས་མི་རྣམས་བལྟ་ཞོག སྤྱི་མཐུན་ཚོགས་པའི་འཐུས་མི་༢༢་ཀྱིས་ཇཱིམ་འཇོར་ཌན་ལ་རྒྱབ་སྐྱོར་མ་བྱས་པར་ཚོགས་གཙོར་མ་འཁོད། གཟའ་ཕུར་བུའི་ཉིན་ཇཱིམ་འཇོར་ཌན་གྱིས་སླར་ཡང་རང་ཉིད་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་ཐུབ་རྒྱུའི་འཚང་ཁ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

འདས་པའི་ཟླ་བ་ཕྱེད་ཀ་ལྷག་ལ་ཨ་རིའི་གྲོས་ཚོགས་འོག་མར་ཚོགས་གཙོ་མེད་པར་རྒྱལ་ཁབ་ཀྱི་ལས་དོན་ཆེ་ཕྲ་རྣམས་འགགས། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་རྙིང་ཞེན་མཁྲེགས་འཛིན་པ་འཐུས་མི་ཉུང་ཤས་ཤིག་གིས་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་འཐུས་མི་ཞིག་ཚོགས་གཙོར་གདམ་རྒྱུར་མ་འཐད། ཁོ་ཚོས་དམངས་གཙོ་ཚོགས་པར་མཉམ་འབྲེལ་ཡང་མ་བྱས་པར་སྤྱི་མཐུན་ཚོགས་པའི་ནང་ཁུལ་གྱི་འགལ་ཟླ་ཇེ་ཆེར་སོང་། གལ་སྲིད་གྲོས་ཚོགས་འོག་མར་ཚོགས་གཙོ་གསར་པ་ཞིག་གདམ་མ་ཐུབ་ན་ཕྱི་ཟླ་༡༡་པའི་ཚེས་༡༧་ནས་ཨ་རིའི་གཞུང་ལ་འགྲོ་གྲོན་མེད་པར་གཞུང་གི་ལས་ཁུངས་ཇི་སྙེད་ཅིག་སྒོ་རྒྱག་དགོས་ཐུག་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། ཨོག་ལོ་ཧོ་མ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁེ་ཝིན་ཧརྣ་གྱིས་ཕྱི་ཟླ་༡༡་པའི་ཚེས་༡༧་ནི་དུས་བཀག་ཆེན་པོ་ཞིག་རེད། ཚོགས་གཙོ་བདམས་ནས་གཞུང་གྲོན་ཆོག་མཆན་འགོད་མ་ཐུབ་ན་སྲིད་གཞུང་སྒོ་རྒྱག་རྒྱུ་ཉག་གཅིག་རེད་ཅེས་བསྒྲགས། ཇཱིམ་འཇོར་ཌན་ཚོགས་གཙོར་གདམ་ཐུབ་པའི་གོ་སྐབས་ཧ་ཅང་ཕྲ།།

ཨོག་ལོ་ཧོ་མ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁེ་ཝིན་ཧརྣ་
ཨོག་ལོ་ཧོ་མ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁེ་ཝིན་ཧརྣ་

ཉེ་ཆར་གྲོས་ཚོགས་འོག་མའི་ཚོགས་གཙོ་གནས་དབྱུང་བཏང་བ་ནི་ཨ་རིའི་ལོ་རྒྱུས་སུ་ནམ་ཡང་བྱུང་མྱོང་མེད་པའི་ལེའུ་ཞིག་ཏུ་གྱུར། ༢༠༠༡་ལོའི་ཕྱི་ཟླ་༩་པའི་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་ཀྱི་རྒོལ་རྡུང་ཕོག་པའི་རྗེས་སུ་གྲོས་ཚོགས་ཀྱི་ལས་ཚབ་ཚོགས་གཙོ་ཞིག་བསྐོ་དགོས་པའི་ཐག་བཅད། ལས་ཚབ་ཚོགས་གཙོའི་ལས་འགན་ནི་ཚོགས་གཙོ་གསར་པ་འདེམས་བསྐོ་བྱ་རྒྱུར་མཐུན་འགྱུར་བྱ་དགོས་ཞེས་ལས་འགན་སྤྲད། ད་ལྟ་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་འཐུས་མི་ཁག་ཅིག་གིས་ཐབས་ལམ་གསར་པ་ཞིག་འཚོལ་གྱི་ཡོད་པ་སྟེ། བྱང་ཁེ་རོ་ལེ་ན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་དང་ལས་ཚབ་ཚོགས་གཙོ་ཕེ་ཊི་རཱིག་མེག་ཧན་རིའི་དབང་ཚད་ཆེ་རུ་བཏང་སྟེ་གྲོས་ཚོགས་ཀྱི་ལས་དོན་སྒྲུབ་ཐུབ་པ་ཞིག་ཏུ་བསྒྱུར་དགོས་པའི་གྲོས་འགོ་བཏོན། སྤྱི་མཐུན་ཚོགས་པའི་འཐུས་མི་མང་པོས་ཨོ་ཧ་ཡོ་མངའ་སྡེའི་འཐུས་མི་ཇཱིམ་འཇོར་ཌན་ནི་མཐའ་ལྷུང་རིང་ལུགས་པ་ཞིག་ཡིན་ཞིང་། ཁོ་པ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀར་འགོ་ཁྲིད་ཐུབ་པའི་ཚོགས་གཙོར་འོས་འཚམས་མེད་པའི་ལྟ་ཚུལ་བཟུང་། ཇཱིམ་འཇོར་ཌན་གྱི་རྒྱབ་སྐྱོར་བ་ཚོས་འཐུས་མི་གཞན་ཚོར་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བྱང་ཁེ་རོ་ལེ་ན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་དང་ལས་ཚབ་ཚོགས་གཙོ་ཕེ་ཊི་རཱིག་མེག་ཧན་རིའི་
བྱང་ཁེ་རོ་ལེ་ན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་དང་ལས་ཚབ་ཚོགས་གཙོ་ཕེ་ཊི་རཱིག་མེག་ཧན་རིའི་

ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཡོ་ཝ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འཐུས་མི་མཱི་ལར་མཱིག་སི་ཡིས་གཟའ་ལྷག་པའི་ཉིན་ཇཱིམ་འཇོར་ཌན་ལ་རྒྱབ་སྐོར་གྱི་འོས་ཤོག་མ་འཕངས། གྲོས་ཚོགས་འཐུས་མི་དེར་ཇཱིམ་འཇོར་ཌན་ལ་རྒྱབ་སྐྱོར་མ་བྱས་ན་གསོད་རྒྱུ་ཡིན་ཞེས་འཇིགས་སྐུལ་གྱི་ཁ་པར་བཏང་འདུག་པར་མ་ཟད། གྲོས་ཚོགས་འཐུས་མི་དེར་འཇིགས་སྐུལ་གྱི་གློག་འཕྲིན་འགའ་ཞིག་འབྱོར། ཨ་མི་རི་ཀའི་འབྲེལ་ཡོད་བདེ་འཇགས་ཚན་པ་ཁག་གིས་འཇིགས་སྐུལ་དེར་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། གྲོས་ཚོགས་འཐུས་མི་དེས་ཐུབ་ཚོད་བྱེད་མཁན་ཞིག་ལ་འོས་ཤོག་འཕེན་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུ་ནི་ངའི་བློ་ཡུལ་དུ་ཤོང་དཀའ། ངས་སྔོན་ཆད་ཀྱང་ཐུབ་ཚོད་བྱེད་མཁན་ཚོར་མགོ་སྒུར་མྱོང་མེད། ངས་གྲོས་ཚོགས་འཐུས་མི་གྷ་རན་ཇཱེར་ཚོགས་གཙོར་བདམས་པ་ཡིན། ངས་ཐུབ་ཚོད་བྱེད་མཁན་ཚོར་ནམ་ཡང་མགོ་སྒུར་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ།།

གྲོས་ཚོགས་འཐུས་མི་མཱི་ལར་མཱིག་སི་ཡིས་ཐེངས་དང་པོར་འཇོར་ཌན་ལ་རྒྱབ་སྐྱོར་བྱས་ཀྱང་ཐེངས་གཉིས་པར་རྒྱབ་སྐྱོར་མ་བྱས། ད་སྔ་འཇིགས་སྐུལ་གྱི་ཁ་པར་གཏོང་མཁན་སུ་ཡིན་རྩད་ཆོད་མེད་མོད། འོན་ཀྱང་ཇཱིམ་འཇོར་ཌན་ནས་སུ་ཞིག་གིས་ང་ཚོའི་ལས་རོགས་ལ་ཁ་པར་བཏང་སྟེ་འཇིགས་སྐུལ་བྱས་ཡོད་ན་ང་ཚོས་དེ་ལ་ཁ་རྡུང་དྲག་པོ་གཏོང་རྒྱུ་ཡིན། མཚམས་ཞོག དེ་ནི་སྐྱུག་བྲོ་བའི་ལས་ཀ་རེད། ང་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་རྙིང་ཞེན་མཁྲེགས་འཛིན་པ་ཚོས་གྲོས་ཚོགས་འཐུས་མི་ཚོར་སྡིགས་ར་བསྐུལ་བ་མཱི་ལར་མཱིག་སི་གཅིག་པུ་མིན་པར་སྣང་། གཟའ་འཁོར་འདིར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མཱ་རི་ཡོ་ཌི་ཡ་ཟ་བྷ་ལར་ཊ་ལའང་སྡིགས་ར་བསྐུལ། ཁོང་གིས་ཁྱེད་ཚོས་ང་ལ་འཇིགས་སྐུལ་ལམ། ཡང་ན་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ནི་ཐབས་རྡུགས་རེད། ཅིའི་ཕྱིར་ཞེ་ན་ང་མོས་མཐུན་མེད་ས་ཞིག་ལ་གཏན་ནས་རྒྱབ་སྐྱོར་བྱེད་ཀྱི་མ་རེད་ཅེས་གསར་འགོད་པ་བརྒྱུད་ནས་སྡིགས་ར་སྐུལ་མཁན་ཚོར་ལན་བཏབ།།

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མཱ་རི་ཡོ་ཌི་ཡ་ཟ་བྷ་ལར་ཊ་
སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མཱ་རི་ཡོ་ཌི་ཡ་ཟ་བྷ་ལར་ཊ་

ཨ་རིའི་ནེ་བྷ་རེ་སི་ཀ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཌོན་བྷེ་ཁོན་གྱིས་སྔ་རྗེས་གཉིས་སུ་ཇཱིམ་འཇོར་ཌན་ལ་རྒྱབ་སྐྱོར་གྱི་འོས་ཤོག་མ་འཕངས། ཁོང་གིས་ཇཱིམ་འཇོར་ཌན་ལ་མདུན་གཅིག་ལས་མེད་པ་ནི་ཚོགས་གཙོའི་འོས་མི་ནས་ཕྱིར་འཐེན་བྱ་རྒྱུ་དེ་རེད་ཅེས་ལངས་ཕྱོགས་གསལ་པོར་བསྟན། དེང་སྐབས་ཨ་རིའི་གྲོས་ཚོགས་འོག་མར་སྤྱི་མཐུན་ཚོགས་པར་འཐུས་མི་༢༢༡་དང་དམངས་གཙོ་ཚོགས་པར་འཐུས་མི་༢༡༢་ཡོད་ཅིང་། དམངས་གཙོ་ཚོགས་པའི་འཐུས་མི་ཚང་མས་ནེའུ་ཡོག་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཧ་ཀིམ་ཇཱེ་ཧྥཱུ་རི་གྲོས་ཚོགས་འོག་མའི་ཚོགས་གཙོར་གདམ་དགོས་ཞེས་འོས་ཤོག་འཕེན་མགོ་བརྩམས། སྤྱི་མཐུན་ཚོགས་པར་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་མང་ཡིན་པས་ཚོགས་གཙོ་བསྐོ་ཆོག ཡིན་ནའང་སྤྱི་མཐུན་ཚོགས་པའི་འོས་མི་དེར་སྤྱི་མཐུན་ཚོགས་པའི་འཐུས་མི་༤་ཡིས་རྒྱབ་སྐྱོར་མ་བྱས་ན་ཚོགས་གཙོར་བསྐོ་ཐབས་བྲལ། ཇཱིམ་འཇོར་ཌན་གྱིས་ཕམ་ཁ་ངོས་ལེན་དང་ཚོགས་གཙོའི་འོས་མི་ནས་ཕྱིར་འཐེན་བྱེད་ཀྱི་མེད་པར་ཚོགས་གཙོ་ཟུར་པ་མེ་ཁར་ཐི་དང་ཚོགས་གཙོའི་འོས་མི་ཟུར་པ་སི་ཊིབ་སི་ཁེ་ལི་སི་གཉིས་ཀྱི་རྒྱབ་སྐྱོར་བ་ཚོ་ཁོང་ཁྲོས་བརྟས།།

ནེའུ་གྷིང་རི་ཆི་དང་ཇཱོན་བྷེ་ནར་
ནེའུ་གྷིང་རི་ཆི་དང་ཇཱོན་བྷེ་ནར་

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཚོགས་གཙོ་ཟུར་པ་གཉིས་ཏེ། ནེའུ་གྷིང་རི་ཆི་དང་ཇཱོན་བྷེ་ནར་ཟུང་གིས་ལས་ཚབ་ཚོགས་གཙོའི་དབང་ཚད་ཆེ་རུ་བཏང་ནས་སྤྱི་མཐུན་ཚོགས་པའི་འགལ་ཟླ་འདུམ་དགོས་ཟེར། གྷིང་རི་ཆི་དང་བྷེ་ནར་གཉིས་ཀར་གྲོས་ཚོགས་ཀྱི་ལས་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་ཡོད་ཀྱང་གཉིས་ཀ་ལས་དུས་མ་ཚང་གོང་དུ་སྲིད་དོན་ཚོགས་པའི་ནང་ཁུལ་དུ་བཙན་གྱིས་བགྲེས་ཡོལ་དུ་བསྐྲད། དམངས་གཙོ་ཚོགས་པའི་འགོ་ཁྲིད་ཧ་ཀིམ་ཇཱེ་ཧྥུ་རིས་སྤྱི་མཐུན་ཚོགས་པའི་ནང་འཁྲུག་མཇུག་བསྒྲིལ་ཐུབ་པའི་གདམ་ཀ་ཚང་མ་གྲོས་ཅོག་སྟེང་དུ་བཏོན་ཡོད་ཅེས་བཀྲལ། ལས་ཚབ་ཚོགས་གཙོ་མེག་ཧན་རིས་གསར་འགོད་པ་ཚོར་ང་ནི་ཐབས་ལམ་གསར་པ་དེར་འཐད་པ་མེད། འཇོར་ཌན་ལ་འཐུས་མི་མང་པོས་རྒྱབ་སྐྱོར་བྱེད་ཀྱི་འདུག ཁོང་ལ་འོས་ཤོག་༢༡༧་ལོངས་ཏེ་ཚོགས་གཙོར་གདམ་ཐབས་བྱ་དགོས། ངའི་ལས་གནས་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན་པས་ལས་འགན་ཅི་ཡིན་ཡང་ཧ་ཅང་གསལ་པོ་རེད། ང་ཚོས་ཚོགས་གཙོ་གསར་པ་ཞིག་འོས་འདེམས་མ་བྱས་པར་ལས་དོན་བསྒྲུབ་མི་ཐུབ་ཅེས་གསལ་བཀྲོལ་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༡༨་ཉིན་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་སུ་ཚོགས་ཁང་གཅིག་གི་ནང་དུ་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་རྣམས་འདུས། དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་མཉམ་འབྲེལ་བྱས་ནས་ཚོགས་གཙོ་གདམ་རྒྱུ་ནི་ཐབས་ལམ་འབའ་ཞིག་དེ་རེད། སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ཚོགས་གཙོ་གཅིག་གི་ཐོག་ཏུ་ཁ་འཆམ་གྱི་མེད་པ་དང་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་སྲིད་འཛིན་འོས་མི་གཅིག་གི་ཐོག་ཏུ་ཁ་འཆམ་གྱི་མེད་པ་རྒྱུ་མཚན་གཅིག་ལ་ཐུག་འདུག སྤྱི་མཐུན་ཚོགས་པའི་ཚོགས་མི་མང་ཆེ་བས་འོས་མི་མང་པོའི་གྲས་ནས་སྲིད་འཛིན་འོས་མི་དང་ཚོགས་གཙོའི་འོས་མི་ཞིག་འཚོལ་གྱི་འདུག སྤྱི་མཐུན་ཚོགས་པའི་ཚོགས་མི་ཉུང་ཤས་ཀྱིས་སྲིད་འཛིན་འོས་མི་གཅིག་དང་ཚོགས་གཙོའི་འོས་མི་གཅིག་གི་ཐོག་ཏུ་སྔོན་ནས་སེམས་ཐག་བཅད་དེ་གུ་བཤངས་ཀྱི་བསམ་བློ་མི་འདུག སྤྱི་མཐུན་ཚོགས་པ་ནི་སྔར་ལྟར་རྒྱལ་ཁབ་དང་མི་དམངས་ལ་སྲི་ཞུ་སྒྲུབ་ཐུབ་པའི་རླབས་ཆེན་གྱི་སྲིད་དོན་ཚོགས་པ་ཞིག་མ་རེད། སྤྱི་མཐུན་ཚོགས་པར་མཚོན་ན་ཌོ་ནལ་ཊམ་གྱི་སྔོན་དང་ཌོ་ནལ་ཊམ་གྱི་གཞུག་གི་སྤྱི་མཐུན་ཚོགས་པ་གཉིས་འདུག ཌོ་ནལ་ཊམ་གྱི་སྔ་རྗེས་སུ་བྱུང་བའི་སྤྱི་མཐུན་ཚོགས་པ་གཉིས་ཤག་རོགས་ཡིན་པ་ལས་བཟའ་ཚང་མ་རེད་ཅེས་དཔྱད་བརྗོད་སྤེལ་འདུག

XS
SM
MD
LG