ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༧/༡༤

སྤྱི་མཐུན་ཚོཊ་པའི་འཐུས་མི་ཚོས་བྷུ་ལིན་ཁེན་པེ་ཅིང་དུ་འཚམས་གཟིཊ་སུ་ཕེབས་པར་བློ་ཕམ་ཡོད་ཅེས་བརྗོད།


སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མའེ་ཁོ་མཱ་ཁོལ་ལགས་
སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མའེ་ཁོ་མཱ་ཁོལ་ལགས་

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐུང་ནཱི་བྷུ་ལིན་ཁེན་མཆོག་པེ་ཅིང་དུ་འཚམས་གཟིགས་སུ་ཕེབས་གྲུབ་རྗེས། གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མའེ་ཁོ་མཱ་ཁོལ་ལགས་ནས་སྤྱི་ཟླ་༦ པའི་ཚེས་༢༠ སྟེ་རེས་གཟའ་མིག་དམར་ཉིན་ལ་ད་རེས་བྷུ་ལིན་ཁེན་མཆོག་པེ་ཅིང་དུ་འཚམས་གཟིགས་སུ་ཕེབས་པ་དེར་བློ་ཕམ་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་ཅིང་། དེ་བཞིན་དུ་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མཱི་ཆིས་མའེ་ཁོ་ནེལ་ལགས་ནས་ཀྱང་ཉིན་དེར། གྲོས་ཚོགས་ཀྱིས་རྒྱལ་སྲུང་སྐོར་གྱི་བཀའ་འཁྲོལ་ཁྲིམས་འཆར་གཏན་འབེབས་གནང་དུས་རྒྱ་ནག་གི་ཉེན་ཁ་ལ་གདོང་ལེན་དང་རྒྱ་ནག་གི་བཙན་འཛུལ་གྱི་བྱ་སྤྱོད་ལ་འགོག་སྲུང་བྱེད་ཕྱོགས་ཐད་ཞིབ་བཤེར་ནན་མོ་བྱ་དགོས་པའི་འབོད་སྐུལ་གནང་འདུག

གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་དང་མངའ་སྡེ་ཊེ་ཁི་སཱ་སི་ནས་ཡིན་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་མའེ་ཁོ་མཱ་ཁོལ་ལགས་ནས་ད་རེས་བྷུ་ལིན་ཁེན་མཆོག་པེ་ཅིང་དུ་འཚམས་གཟིགས་སུ་ཕེབས་པ་དེས་འབྱུང་འགྱུར་ཨ་རྒྱ་གཉིས་བར་འདི་ལྟ་བུའི་གྲོས་མོལ་གང་མང་ཡོང་ཐུབ་རྒྱུར་ལམ་ཁ་ཞིག་བཏིང་ཐུབ་ཡོད་པ་ཙམ་ལས། དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་ཐུབ་མེད་ཅེས་དང་། ད་རེས་བྷུ་ལིན་ཁེན་པེ་ཅིང་དུ་འཚམས་གཟིགས་སུ་ཕེབས་ནས་པེ་ཅིང་གི་འགན་འཁྲི་བརྩད་གཅོད་གནང་ཐུབ་མེད་པར་མ་ཟད། རྒྱ་ནག་དམར་ཤོག་གཞུང་གིས་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་བརྟན་བརླིང་སྐོར་གྱི་དྲིལ་བསྒྲགས་ལ་རམ་འདེགས་བྱེད་མཁན་ལྟ་བུ་ཆགས་སོང་། བྷུ་ལིན་ཁེན་ལགས་ནས་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ཨ་རིའི་མི་སེར་བཀག་ཉར་བྱས་ཡོད་པ་དེ་དག་གློད་བཀྲོལ་ཡོང་ཐབས་གནང་མེད་ལ། རྒྱ་ནག་གཞུང་གིས་ཐེ་ཝན་ལ་བཙན་ཤེད་དང་སྡིགས་སྐུལ་བྱེད་བཞིན་པའི་སྐོར་བརྡ་ལན་གསལ་པོ་གང་ཡང་སྤྲད་ཐུབ་མེད། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ད་ཐེངས་རྒྱ་ནག་གི་དཔོན་རིགས་ཚོ་དང་མཇལ་མོལ་ཡོང་ཆེད་རྒྱ་ནག་ལ་ཕྱིར་གཏོང་ཐད་ནས་བཀག་སྡོམ་དང་ཉེས་ཆད་བཅད་བཞིན་པ་དེ་ཡང་རེ་ཞིག་མཚམས་བཞག་ཡོད་པ་འདྲ། དེ་བས་ད་རེས་ཀྱི་འཚམས་གཟིགས་དེ་ནི་ཨ་རིའི་ཕམ་ཁ་ཞིག་ལ་བརྩི་བཞིན་ཡོད། འབྱུང་འགྱུར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་དང་འབྲེལ་བ་གནང་དུས། ཨ་རིའི་མི་སེར་གྱི་ཐོབ་ཐང་དང་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ། དེ་བཞིན་ཚོང་དོན་དྲང་བདེན་སྤེལ་རྒྱུའི་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་པའི་རེ་འབོད་གནང་འདུག སྤྱི་མཐུན་ཚོགས་པའི་འཐུས་མི་མའེ་ཁོ་མཱ་ཁོལ་ལགས་ནི་བྷུ་ལིན་ཁེན་མཆོག་པེ་ཅིང་དུ་མ་ཕེབས་གོང་ནས་དེ་དོན་ངོ་རྒོལ་གནང་མཁན་ཞིག་ཡིན་པ་རེད།

གཞན་ཡང་མངའ་སྡེ་ཁེན་ཐཱ་ཀི་ནས་ཡིན་པའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་མཱི་ཆིས་མའེ་ཁོ་ནེལ་ལགས་ནས་ཀྱང་གྲོས་ཚོགས་སུ་གཏམ་བཤད་གནང་དུས་བྷུ་ལིན་ཁེན་མཆོག་གི་སྐོར་ལ་གསུངས་ཡོད་ཅིང་། ཁོང་གིས་ཨ་རིའི་འགྲན་ཡ་དང་ཛ་དྲག་གི་གནས་སྟངས་ཞི་ལྷོད་ཡོང་ཐབས་བྱ་རྒྱུ་ནི་ཕྱི་སྲིད་དྲུང་ཆེའི་འགན་འཁྲི་ཙམ་ལས་མཐར་ཐུག་གི་དམིགས་ཡུལ་མ་རེད། དེ་ནི་ཁྱབ་ཁོངས་གཞན་གྱི་ཁེ་ཕན་ལ་སྐུལ་འདེད་གཏོང་སའི་ཐབས་ལམ་ཞིག་རེད། པེ་ཅིང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་བཅུག་ཡོད་པར་ཨ་རིས་འགན་ཁུར་དགོས་ཞེས་སྐྱོན་བརྗོད་བྱས་འདུག ངས་ཀྱང་བྷུ་ལིན་ཁེན་མཆོག་གིས་པེ་ཅིང་ལ་སོ་སོའི་ངོ་གདོང་དེ་ག་འདྲ་ཞིག་ཡིན་མིན་ཤེས་འཇུག་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག

གཞན་ཡང་སྐུ་ཞབས་མཱི་ཆིས་མའེ་ཁོ་ནེལ་ལགས་ནས་རྒྱ་ནག་གིས་ཐེ་ཝན་ལ་སྡིགས་སྐུལ་དང་དྲ་རྒྱའི་སིལ་འཛུལ་བྱེད་པ། གསང་མྱུལ་ལས་དོན་སྤེལ་བ། རྒྱལ་སྤྱིའི་མཁའ་དབྱིངས་དང་མཚོ་ཁུག་ཏུ་ཨ་རིའི་གནམ་གྲུ་དང་དམག་གྲུ་བཀག་འགོག་བྱེད་པ། དབྱི་རན་དང་ཚོང་དོན་སྤེལ་བ། ཡུག་ཀེ་རན་ལ་བཙན་འཛུལ་བྱེད་མཁན་ཨུ་རུ་སུའི་ཕྱོགས་སུ་ལངས་པ། རྒྱ་ནག་གི་མི་སེར་ཚོ་ལ་དྲག་གནོན་བྱེད་བཞིན་པ་དང་དུས་མཚུངས་སུ་ཨ་རིའི་མི་སེར་ཚུད་པའི་ཕྱི་རྒྱལ་བ་ཚོ་བཀག་ཉར་བྱེད་པ། ཀུ་བྷ་ནང་དུ་དམག་གི་རྟེན་གཞི་འཛུགས་པ་ལ་སོགས་པ་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་ལུགས་བྱེད་སྟངས་རེ་རེ་བཞིན་དྲངས་འདུག ཁོང་གིས་རྒྱ་ནག་གི་བྱེད་སྟངས་དེ་དག་གིས་ཨི་རྡུལ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བརྟན་བརླིང་ལ་དོ་ཕོག་གཏོང་བཞིན་ཡོད་པ་དང་། པེ་ཅིང་གཞུང་གིས་གནད་དོན་དེ་དག་སྐོར་ལ་འགན་ཁུར་བཞིན་ཡོད་མདོག་གི་རྣམ་འགྱུར་ལ་དོགས་པ་ཡོད། ཨ་རིའི་ཉེས་ཆད་དང་བཀག་སྡོམ་གཅིག་པུ་ལ་བརྟེན་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་བཙན་འཛུལ་གྱི་ཆོད་སེམས་ལ་འགྱུར་བ་བཏང་ཐུབ་མེད་པ་དེ་ཤེས་རྟོགས་བྱུང་བའི་ཐོག གྲོས་ཚོགས་གོང་མའི་དམག་དོན་ལྷན་ཚོགས་ཀྱིས་བདུན་ཕྲག་འདིའི་ནང་རྒྱལ་སྲུང་སྐོར་གྱི་བཀའ་འཁྲོལ་ཁྲིམས་འཆར་ལ་ཞིབ་བཤེར་གནང་དུས་གོང་འཁོད་པེ་ཅིང་གི་བྱེད་སྟངས་དེ་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་གདོང་ལེན་བྱེད་ཕྱོགས་ཐད་བསམ་གཞིགས་གནང་དགོས་པའི་འབོད་སྐུལ་གནང་འདུག

རེས་གཟའ་ཟླ་བའི་ཉིན་དམངས་གཙོ་ཚོགས་པ་ནས་ཡིན་པའི་སྲིད་འཛིན་བྷ་ཌན་མཆོག་གིས་པེ་ཅིང་དུ་འཚམས་གཟིགས་ཕེབས་གྲུབ་པའི་བྷུ་ལིན་ཁེན་ལགས་ལ་བསྔགས་བརྗོད་དང་བཅས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་བཞིན་ལམ་ཁ་ཡང་དག་པ་ཞིག་གི་ཐོག་ལ་འགྲོ་བཞིན་ཡོད། ད་རེས་ཀྱི་འཚམས་གཟིགས་དེ་ལ་དོན་ཕན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནཱི་བྷུ་ལིན་ཁེན་མཆོག་ནི་༢༠༡༨ ལོ་ནས་ད་བར་པེ་ཅིང་དུ་འཚམས་འདྲིར་ཕེབས་མཁན་གྱི་ཨ་རིའི་མཐོ་རིམ་དཔོན་པོ་ཐོག་མ་དེ་ཆགས་ཡོད་ཅིང་། མ་གཞིར་ད་ལོའི་སྤྱི་ཟླ་༢ པའི་ནང་པེ་ཅིང་དུ་འཚམས་འདྲིར་ཕེབས་འཆར་ཡོད་ཀྱང། རྒྱ་ནག་གི་གསང་མྱུལ་ལྒང་བུའི་དོན་རྐྱེན་གྱིས་འཚམས་གཟིགས་དེ་ད་བར་ཕྱིར་འགྱངས་བྱ་དགོས་བྱུང་ཡོད་པ་རེད། ད་ཐེངས་བྷུ་ལིན་ཁེན་མཆོག་གིས་པེ་ཅིང་དུ་རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཆིང་ཀང་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འགན་འཛིན་ཝང་དབྱི། རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིན་ཕིང་བཅས་དང་ཐུག་འཕྲད་གནང་ཡོད། བྷུ་ལིན་ཁེན་མཆོག་པེ་ཅིང་དུ་ཉིན་གཉིས་རིང་གི་འཚམས་གཟིགས་གནང་ནས་དབྱིན་ཇིའི་ལོན་ཊོན་དུ་མ་ཕེབས་གོང་ལ། རྒྱ་ནག་གི་དཔོན་རིགས་ཚོར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་མི་འགྲོ་རྒྱུའི་ཆེད་ཕྱོགས་གཉིས་ཀར་འགན་འཁྲི་ཡོད་ཅིང་། གྲོས་མོལ་གྱི་ལམ་ཁ་ཞིག་ཕྱེ་རྒྱུ་ནི་ཕྱོགས་གཉིས་བར་ད་ཡོད་ཀྱི་འགལ་ཟླ་དེ་བཞིན་ཟིང་འཁྲུག་ཏུ་མི་འགྱུར་བའི་ལམ་ཁ་ཡག་ཤོས་དེ་རེད་ཅེས་གསུངས་འདུག

XS
SM
MD
LG