ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སློབ་དཔོན་ཞིག་ཕྱིར་ཕུད། 


ཧོང་ཀོང་སློབ་གྲྭ་ཆེན་མོའི་ར་སྐོར་ནང་ཡོད་པའི་དྲན་རྟེན་ཀ་བ།
ཧོང་ཀོང་སློབ་གྲྭ་ཆེན་མོའི་ར་སྐོར་ནང་ཡོད་པའི་དྲན་རྟེན་ཀ་བ།

༄༅།། ཧོང་ཀོང་སློབ་གྲྭ་ཆེན་མོའི་དམགས་གཙོ་དོན་གཉེར་བ་དང་ཁྲིམས་ལུགས་ཀྱི་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་སློབ་ཆེན་དེའི་དགེ་རྒན་གྱི་ལས་གནས་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་ཐོན། སློབ་དཔོན་བྷེ་ཎི་ཐེས་རང་ཉིད་དགེ་རྒན་གྱི་ལས་གནས་ནས་ཕྱིར་ཕུད་བཏང་བ་ནི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཤེས་ཡོན་ཆེད་སྦྱོང་ལ་རང་དབང་ལྡན་པའི་དུས་སྐབས་དེ་མཇུག་སྒྲིལ་བ་མཚོན་ཐུབ་ཅེས་བཤད་འདུག ཧོང་ཀོང་སློབ་གྲྭ་ཆེན་མོའི་ཕྱིར་ཕུད་ཡིག་ཆའི་ནང་དུ་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ཞེས་དངོས་སུ་མིང་འབོད་མ་བྱས་ཀྱང་ང་ཚོས་ཚུལ་མཐུན་དང་ཡུན་རིང་གི་རྒྱུད་རིམ་ཞིག་བརྒྱུད་ནས་ཐག་གཅོད་བྱས་པ་ཡིན་ཞེས་བཀོད། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཉམས་ཞིབ་པ་གྲགས་ཅན་ཞིག་གིས་ཧོང་ཀོང་ལ་རང་དབང་དང་རང་བཙན་གྱི་ཤེས་ཡོན་པའི་ཚོགས་སྡེ་ཁག་མེད་ན་ཧོང་ཀོང་ནི་འཛམ་གླིང་གི་གྲོང་ཁྱེར་རིམ་པ་གཉིས་པ་ཞིག་གི་གནས་རིམ་དེར་ལྷུང་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཞིང་། ད་སྔ་ཧོང་ཀོང་གི་སློབ་ཆེན་མང་དག་ཅིག་འཛམ་གླིང་གི་སློབ་ཆེན་རྩེ་ཕུད་༥༠་ཐམ་པ་དང་༡༠༠་ཐམ་པའི་གྲས་སུ་ཚུད་ཀྱི་ཡོད་པ་རེད།།

ཧོང་ཀོང་སློབ་གྲྭ་ཆེན་མོའི་དམགས་གཙོ་དོན་གཉེར་བ་དང་ཁྲིམས་ལུགས་ཀྱི་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ལགས།
ཧོང་ཀོང་སློབ་གྲྭ་ཆེན་མོའི་དམགས་གཙོ་དོན་གཉེར་བ་དང་ཁྲིམས་ལུགས་ཀྱི་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ལགས།

༢༠༡༤་ལོར་ཧོང་ཀོང་ལ་ཉི་གདུགས་སེར་པོའི་དམངས་གཙོའི་ལས་འགུལ་ལངས་ཏེ་ཉི་མ་༧༩་ལ་གྲོང་ཁྱེར་དེའི་འགྲིམ་འགྲུལ་དང་ཚོང་ལས་བཀག ཧོང་ཀོང་མི་དམངས་ཀྱིས་གྲོང་ཁྱེར་དེའི་བཞི་མདོ་ཁག་དུ་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་ཞེས་ངོ་རྒོལ་བྱས་པའི་སྐབས་དེར་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་གཙོ་གྲས་ཤིག་ཡིན་པ་སྟེ། སྔ་ལོ་ཧོང་ཀོང་གཞུང་གིས་སློབ་དཔོན་བྷེ་ཎི་ཐེ་ལ་ལོ་གཅིག་དང་ཟླ་བ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང་དངུལ་སྒོར་གཏའ་མར་བཞག་ནས་བཙོན་ཁང་དུ་བཞུགས་དགོས་མ་བྱུང་མོད། རྒྱ་ནག་གི་བཀོད་ཇུས་ལྟར་ཧོང་ཀོང་ས་གནས་གཞུང་གིས་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེས་མུ་མཐུད་དུ་ཧོང་ཀོང་སློབ་གྲྭ་ཆེ་མོར་ཁྲིམས་ལུགས་ཀྱི་སློབ་ཁྲིད་བྱེད་ན་འོས་འཚམས་ཡིན་མིན་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས། ཟླ་ཤས་གོང་དེར་ཧོང་ཀོང་སློབ་གྲྭ་ཆེན་མོས་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་དམངས་གཙོའི་ལས་འགུལ་ཁག་ལ་ཞུགས་ནས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པ་བདེན་པ་རེད། འོན་ཀྱང་ཁོ་པ་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས་པ་དང་ལས་འགུལ་ལ་སྣེ་ཁྲིད་བྱས་པ་རྒྱུ་མཚན་དུ་བགྲངས་ནས་ཁྲིམས་ལུགས་སློབ་ཁྲིད་བྱེད་དུ་མ་བཅུག་པར་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་ནག་ཉེས་མི་འདུག་ཅེས་ཐག་བཅད། ཡིན་ནའང་ཁ་སང་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཤེས་ཡོན་སློབ་གསོ་འཛིན་སྐྱོང་ལྷན་ཚོགས་ཀྱི་སློབ་སྟོན་པ་ཚོས་ཧོང་ཀོང་སློབ་གྲྭ་ཆེན་མོའི་ཐག་གཅོད་དེ་ཉིད་ཆོད་སློག་བཏང་སྟེ་ཟུང་འབྲེལ་སློབ་དཔོན་བྷེ་ཎི་དགེ་རྒན་གྱི་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་ཐག་བཅད།།

ཧོང་ཀོང་གི་གསར་འགོད་རང་དབང་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ལས་གནས་ནས་ཕྱིར་ཕུད་བཏང་བ་ནི་ལོ་འདིའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་འབྲེལ་བ་འདུག ཉེ་ཆར་ས་གནས་རིམ་པའི་འོས་འདེམས་ལ་སྔར་དང་མ་འདྲ་བའི་མི་མང་འོས་ཤོག་འཕེན་མཁན་ཇེ་མང་དུ་ཕྱིན་འདུག་པར་མ་ཟད། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་༡༨་ཀྱིས་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་འོས་ཤོག་འཕངས་འདུག མི་གཉིས་ཀྱིས་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་རང་སོར་འཇོག་དགོས་པའི་འོས་ཤོག་འཕངས། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་ མང་པོ་ཞིག་སློབ་ཆེན་དེར་འབྲེལ་བ་མེད་པའི་ཕྱི་མི་ཤ་སྟག་རེད་ཞེས་གསར་འགྱུར་སྤེལ། སློབ་དཔོན་བྷེ་ཎི་ཐེས་རང་གི་ངོ་དེབ་ནང་དུ་ཧོང་ཀོང་ལ་རང་དབང་ལྡན་པའི་ཤེས་ཡོན་ཆེད་སྦྱོང་གི་ཁོར་ཡུག་ཅིག་ཡོད་པ་མེད་པར་གྱུར་སོང་། ཧོང་ཀོང་གི་ཤེས་ཡོན་ལྟེ་གནས་ཁག་གིས་རང་ལ་ཕྱི་ནང་གཉིས་ནས་གནོན་ཤུགས་ཐེབས་ཀྱི་ཡོད་པ་དང་ཐེ་གཏོགས་བྱེད་ཀྱི་ཡོད་པར་འགོག་རྒོལ་བྱེད་མི་ཐུབ་པ། སློབ་གྲྭས་དགེ་རྒན་ཚོར་སྲུང་སྐྱོབ་དང་བདག་པོ་རྒྱག་མི་ཐུབ་པའི་ཚད་དེར་སླེབས་སོང་ཞེས་འཕྲིན་ཐུང་ཞིག་སྤེལ་འདུག ཧོང་ཀོང་གི་ཤེས་ཡོན་ཅན་དང་དམངས་གཙོའི་ཕྱོགས་ཁག ཧོང་ཀོང་གི་སློབ་ཕྲུག་སོགས་སྤྱི་ཚོགས་ཀྱི་ཆ་ཤས་ཆེན་པོ་ཞིག་གིས་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ལ་རྒྱབ་སྐྱོར་དང་གོང་བཀུར་ཞུ་ཡི་ཡོད་པ་རེད།།

ཟླ་བ་འདིར་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེས་ཧོང་ཀོང་ལ་གཞུང་འབྲེལ་མ་ཡིན་པའི་སྔོན་འགྲོའི་འོས་འདེམས་ལས་འགུལ་ཞིག་བཀོད་སྒྲིག་བྱས་ཏེ་ཕྱི་ཟླ་༩་པའི་གྲོས་ཚོགས་འཐུས་མི་འོས་འདེམས་ལ་གྲ་སྒྲིག་བྱས་ཤིང་། དེར་བརྟེན་རྒྱ་ནག་གཞུང་གིས་དམིགས་སུ་བཀར་ནས་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ལས་གནས་ནས་ཕྱིར་ཕུད་གཏོང་དུ་བཅུག་པ་ར་འཕྲོད། ཧོང་ཀོང་ས་གནས་གཞུང་གིས་སྔོན་འགྲོའི་འོས་འདེམས་བྱས་པ་ནི་ཁྲིམས་འགལ་གྱི་ལས་འགུལ་ཞིག་རེད། དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་གསར་པའི་དགོངས་དོན་ལ་རྒྱབ་འགལ་རེད་ཅེས་བསྒྲགས། ཕྱི་ཟླ་༧་པའི་ཚེས་༢༨་ཉིན་ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་དབུས་གཞུང་དོན་གཅོད་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ལ་སྐྱོན་བརྗོད་དྲག་པོ་བྱས་འདུག རྒྱ་གཞུང་གི་གསལ་བསྒྲགས་དེར་བྷེ་ཎི་ཐེ་དགེ་རྒན་གྱི་ལས་གནས་ནས་ཕྱིར་ཕུད་བཏང་བ་ནི་མི་དམངས་ཀྱི་མངོན་འདོད་ལྟར་ངན་པ་ཚར་གཅོད་དང་བཟང་པོར་གཟིགས་གསོལ་ཐོབ་པ་ཞིག་རེད། བྷེ་ཎི་ཐེས་ཧོང་ཀོང་གི་སྤྱི་ཚོགས་ལ་དཀྲུག་ཤིང་ཆེན་པོ་བསླངས་པ་དང་མངའ་ཁུལ་འདིའི་ཆབ་སྲིད་ཀྱི་ཁོར་ཡུག་ལ་དུག་རྒྱུན་ངན་པ་ཞིག་བཏང་སོང་ཞེས་བསྒྲགས། ད་ལྟ་རྒྱ་ནག་གཞུང་གིས་ཉེ་ཆར་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལག་ལེན་བསྟར་ནས་ཧོང་ཀོང་སློབ་ཆེན་ཁག་ལ་ཐེ་གཏོགས་དང་ཤེས་ཡོན་སློབ་གསོའི་ལམ་ལུགས་ལ་ཐེ་གཏོགས། ཧོང་ཀོང་གི་སློབ་ཆེན་ཁག་གི་དགེ་རྒན་ཚོས་རང་དབང་དང་དམངས་གཙོའི་ལྟ་གྲུབ་ཀྱི་སློབ་ཁྲིད་ཅི་ཞིག་བྱས་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལ་འགལ་སོང་ཞེས་གནས་དབྱུང་དང་ཕྱིར་ཕུད། ཐ་ན་རྒྱ་ནག་གི་མིག་ལ་མི་འགྲོ་བའི་ཧོང་ཀོང་གི་དགེ་རྒན་རྣམས་འཛིན་བཟུང་བྱེད་ཆོག་གི་ཡོད་པ་རེད།།

ཧོང་ཀོང་སློབ་གྲྭ་ཆེན་མོའི་ཉེ་བའི་གཙུག་ལག་རབ་འབྱམས་སློབ་མའི་འཐུས་མི་ནེ་ཐན་ལེས་གཟའ་མིག་དམར་ཉིན་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ཕྱིར་ཕུད་གཏོང་དགོས་མིན་འོས་ཤོག་འཕངས་ནས་ཐག་གཅོད་བྱས་པ་ནི་ཧོང་ཀོང་གི་ཤེས་ཡོན་ཆེད་སྦྱོང་གི་ལམ་ལུགས་ལ་མངོན་སུམ་འཛེམ་མེད་ཀྱིས་རྡོག་བརྫིས་བཏང་བ་ཞིག་རེད་ཅེས་ངོ་རྒོལ་བྱས་འདུག ཧོང་ཀོང་སློབ་གྲྭ་ཆེན་མོའི་སྲིད་དོན་རིག་པའི་སློབ་དཔོན་ཇཱོ་སེབ་ཆཱན་གྱིས་ཀྱང་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེ་ཕྱིར་ཕུད་གཏོང་དགོས་པའི་ཐག་གཅོད་བྱས་པ་ནི་ཧོང་ཀོང་སློབ་གྲྭ་ཆེན་མོས་རང་གི་སྙན་གྲགས་དང་རང་ཚུགས་གཉིས་ཀ་བློས་བཏང་བ་རེད། ད་ལྟའི་བར་དུ་ཧོང་ཀོང་སློབ་གྲྭ་ཆེན་མོ་རྒྱལ་སྤྱིའི་ཤེས་ཡོན་གྱི་གནས་ལྟེ་མཆོག་ཏུ་གྱུར་པ་དེ་དག་གི་གྲས་སུ་ཚུད་པ་རེད། མ་འོངས་པར་ཧོང་ཀོང་སློབ་གྲྭ་ཆེན་མོས་རང་ལ་རྒྱལ་སྤྱིའི་ཐོག་ཏུ་མཚན་སྙན་ཆེན་པོ་ཡོད་པའི་གནས་བབ་དེ་རྒྱུན་འཛིན་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་སྐྱོན་བརྗོད་བྱས་པ་གསར་འགྱུར་ལས་ཁང་ཁག་གིས་ལུང་འདྲེན་བྱས་ཤིང་། གཟའ་ཟླ་བའི་ཉིན་ཧོང་ཀོང་གི་ཁྲུས་གསོལ་སློབ་གྲྭ་ཆེན་མོས་ཀྱང་འཕོ་འགྱུར་འགྲོ་ལ་ཉེ་བའི་གྲོས་ཚོགས་འཐུས་མི་ཧྲུའི་ཁ་ཁྲུན་ལ་སློབ་ཁྲིད་ཀྱི་གན་རྒྱ་སླར་གསོ་བྱ་རྒྱུ་མིན། དེའི་རྒྱུ་མཚན་ནི་ཁོ་པ་དམངས་གཙོའི་ལས་འགུལ་ཁག་ལ་མཉམ་ཞུགས་དང་ངོ་རྒོལ་གྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱས་པར་ཐུག་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག གལ་སྲིད་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེས་ཧོང་ཀོང་སློབ་གྲྭ་ཆེན་མོའི་ཐག་གཅོད་དེར་དང་ལེན་མ་བྱས་པར་བསྐྱར་དུ་གོང་རིམ་ལ་ཞུ་གཏུག་བྱེད་ཚེ། ཁོ་པས་ཧོང་ཀོང་སློབ་གྲྭ་ཆེན་མོའི་རིགས་བདག་སྟེ། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་ལ་ཞུ་གཏུག་བྱེད་པའམ། ཡང་ན་ཧོང་ཀོང་གི་ཁྲིམས་ཁང་ལ་ཞུ་གཏུག་བྱ་དགོས། ད་ལྟའི་གནས་སྟངས་འོག་ཏུ་ཟུང་འབྲེལ་སློབ་དཔོན་བྷེ་ཎི་ཐེས་གོང་རིམ་ལ་ཞུ་གཏུག་ཀྱང་རྒྱལ་ཁབ་འཐོབ་རྒྱུའི་གོ་སྐབས་དེ་ཙམ་མེད་པ་རེད།།

XS
SM
MD
LG