ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གཞུང་གིས་ཇཱི་མཱི་ལེ་སོགས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ། 


༄༅།། ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་དམངས་གཙོ་དོན་གཉེར་བ་ཇཱི་མཱི་ལེ་གཙོས་མི་འགའ་ཞིག་ལ་དུས་ཡུན་ཟླ་བ་༨་ནས་ལོ་གཅིག་དང་ཕྱེད་ཀའི་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ལོ་ན་༧༢་ལ་སོན་པའི་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་ལོ་༡་དང་ཟླ་བ་༢་ཀྱི་བཙོན་འཇུག་གི་ཉེས་ཆད་ཕོག ཧོང་ཀོང་གི་ཁྲིམས་ཁང་དེས་ཇཱི་མཱི་ལེ་སོགས་༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༡༨་དང་ཚེས་༣༡་ཉིན་ཧོང་ཀོང་གཞུང་གིས་ཆོག་མཆན་བཀོད་མེད་པའི་ཁྲིམས་འགལ་གྱི་འདུ་འཛོམ་དང་ངོ་རྒོལ་ལས་འགུལ་ཁག་ལ་མཉམ་ཞུགས་བྱས་འདུག་ཅེས་ནག་ཉེས་བཙུགས། ལོ་ན་༦༤་ལ་སོན་པའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་དམངས་གཙོའི་ལས་འགུལ་བ་གྲགས་ཅན་ལི་ཀྲུའོ་རེན་ལ་ལོ་༡་དང་ཟླ་བ་༢་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། དེ་བཞིན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དབུ་སྐྲ་རིང་པོ་སྟེ། ལེང་གོ་ཤུང་ལ་ལོ་༡་དང་ཟླ་བ་༦་དང་ཨོ་ནོག་ཧིན་ལ་ཟླ་བ་༡༠། སི་ཌི་ཧོ་ལ་ཟླ་བ་༨་བཅས་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ལོ་ན་༨༢་ལ་སོན་པའི་ཧོང་ཀོང་གི་དམངས་གཙོའི་ཡབ་ཆེན་དུ་འབོད་པའི་མར་ཊིན་ལི་དང་དམངས་གཙོའི་ལས་འགུལ་བ་གྲགས་ཅན་ཨལ་བྷར་ཊི་ཧོ། མར་གྷ་རེ་ཊི་ཝུ། ལེང་ཡུག་ཁྲུང་། དབྱེང་སུམ་རྣམས་༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༣༡་ཉིན་གྱི་ཁྲིམས་འགལ་འདུ་འཛོམ་ལ་ཞུགས་ཀྱང་དོ་བདག་རྣམས་ལོ་ན་མཐོ་བའི་སྟབས་ཀྱིས་བཙོན་ཁང་དུ་འཇུག་མ་དགོས་པར་ནག་ཉེས་ཡོད་པའི་ཁྲིམས་ཐག་བཅད།།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇཱི་མཱི་ལེ་དང་ལི་ཀྲུའོ་རེན་རྣམ་གཉིས།
ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇཱི་མཱི་ལེ་དང་ལི་ཀྲུའོ་རེན་རྣམ་གཉིས།

ཕྱི་ཟླ་༤་པའི་ཚེས་༡༦་ཉིན་ཁྲིམས་ཐག་བཅད་པའི་སྐབས་སུ་ཁྲིམས་དཔོན་ཨ་མན་དྷས་དག་འབུད་བྱེད་མཁན་ཚོས་བསམ་བཞིན་ཁྲིམས་ལ་བརྩི་མེད་བཏང་སྟེ་གཞུང་གི་ཆོག་མཆན་མེད་པའི་འདུ་འཛོམ་དང་ངོ་རྒོལ་ལས་འགུལ་ཁག་ལ་མཉམ་ཞུགས་བྱས་པ་རེད། འདི་ནི་ཧོང་ཀོང་གི་ཉེན་རྟོག་པའི་དབང་ཚད་ལ་ཐད་ཀར་གྱེན་རྒོལ་བྱས་པ་དང་ཁྲིམས་དང་སྒྲིག་གཞི་བཅས་ལ་བརྩི་མེད་བཏང་བ་ཞིག་རེད། དེ་རིང་བཙོན་འཇུག་གི་ཉེས་ཆད་དང་ནག་ཉེས་ཡོད་པའི་ཁྲིམས་ཆད་ཕོག་པའི་དོ་བདག་སོ་སོས་རང་རང་གི་ནག་ཉེས་ལ་བསམ་ཞིབ་གཟབ་ནན་བྱ་དགོས། ཁྱེད་ཚོས་ཤེས་བཞིན་དུ་ཁྲིམས་འགལ་བྱས་པ་རེད་ཅེས་བཅད་ཁྲ་བསྒྲགས་པའི་སྐབས་སུ་དེ་ལྟར་བཤད། ཟླ་བ་འདིའི་མགོ་སྟོད་དེར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇཱི་མཱི་ལེ་སོགས་ལ་༢༠༡༩་ལོའི་ཕྱི་ཟླ་༨་ཚེས་༡༨་དང་ཚེས་༣༡་གཉིས་ཀྱི་ཁྲིམས་འགལ་འདུ་འཛོམ་ལ་ཞུགས་པའི་ནག་ཉེས་འདུག་ཅེས་ཁྲིམས་བཤེར་བྱས་ཡོད་ཅིང་། ལོ་དེའི་ཕྱི་ཟླ་༨་པའི་ཚེས་༡༨་དང་ཚེས་༣༡་གཉིས་ཀར་ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་དང་འདུ་འཛོམ་བྱེད་མི་ཆོག་ཅེས་བཀག་སྡོམ་བྱས་ཀྱང་ཇཱི་མཱི་ལེ་སོགས་ཀྱིས་མང་ཚོགས་ལ་འགོ་ཁྲིད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ། ཧོང་ཀོང་གི་བཅའ་ཁྲིམས་སུ་གཞུང་གི་ཆོག་མཆན་མེད་པའི་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས་པའི་མི་ཚོར་ཁྲིམས་ཐག་ལྕི་ཤོས་ནི་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་ཅེས་བཀོད། ཇཱི་མཱི་ལེའི་ཁྲིམས་རྩོད་པ་ཨོ་ཌི་རེ་ཝུ་ཡིས་དག་འབུད་བྱ་ཡུལ་དེས་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་ལ་འགལ་འཛོལ་བྱུང་མེད། ཁོང་གིས་ཧོང་ཀོང་གི་རྩ་ཁྲིམས་སུ་འཁོད་པའི་ཞི་བའི་འདུ་འཛོམ་བྱེད་ཆོག་པའི་ཐོབ་ཐང་ལོངས་སུ་སྤྱད་པ་རེད། དེ་ནི་སྒེར་གྱི་ཁེ་ཕན་དང་འདོད་རྔམ་བཅངས་ནས་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱས་པ་ཞིག་མིན་པས་ཇཱི་མཱི་ལེ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དྲང་སྙོམས་མ་རེད་ཅེས་རྩོད་པ་བརྒྱབ།།

གཟའ་པ་སངས་ཉིན་ཧོང་ཀོང་གི་ཁྲིམས་སྦྱོར་བ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ཇཱི་མཱི་ལེས་ཕྱི་རྒྱལ་བ་ཚོར་ངན་འབྲེལ་བྱས་པ་རེད་ཅེས་ནག་ཉེས་གཞན་པ་གཉིས་བཙུགས། ཕྱི་རྒྱལ་བར་ངན་འབྲེལ་ཞེས་པའི་ནག་ཉེས་དེར་ཁྲིམས་ཆད་ལྕི་ཤོས་ནི་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་ཆོག་ཅེས་གསལ། ལོ་ན་༧༣་ལ་སོན་པའི་ཁྲིམས་རྩོད་པ་མར་གྷ་རེ་ཊི་ཝུ་ཡིས་ཧོང་ཀོང་གི་དམངས་གཙོའི་ཐོབ་ཐང་ཆེད་དུ་འཐབ་རྩོད་བྱ་རྒྱུའི་སེམས་ཐག་གཙང་བཅད་ཡིན། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ནི་ཁྲིམས་ཁང་ནང་དུ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། སྲང་ལམ་ཁག་ཏུ་ཐོན་ནས་ངོ་རྒོལ་ལས་འགུལ་སྤེལ་ནས་ཀྱང་སྲུང་སྐྱོབ་བྱ་དགོས། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ནི་ཁྲིམས་ལུགས་ཙམ་ཞིག་མ་རེད། དེ་ནི་འཛིན་སྐྱོང་དང་ཁྲིམས་ཀྱིས་མི་མང་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ཁྲིམས་ཤིག་རེད། ཁྲིམས་ལ་མི་དམངས་ཀྱིས་ཡིད་ཆེས་བྱེད་ཐུབ་པ་ཞིག་བྱ་དགོས་ཞེས་རྩོད་པ་བརྒྱབ་ནས་ཁྲིམས་ཁང་ནང་གི་ཟུར་ཉན་པ་ཚོས་ཐལ་མོ་བརྡབས་ཏེ་དགའ་བསུ་ཞུས། ཧོང་ཀོང་གི་དམངས་གཙོའི་འགོ་ཁྲིད་མར་ཊིན་ལིས་ང་ལ་འཇིགས་སྣང་ཅི་ཡང་མེད། ང་ལ་ཁྲིམས་ཐག་བཅད་ཀྱང་ཁུར་ཐུབ་པའི་གྲ་སྒྲིག་ཡོད་ཅེས་བཤད། ཡིན་ནའང་མར་ཊིན་ལི་དང་ཨལ་བྷར་ཊི་ཧོ་གཉིས་ཀྱི་ཁྲིམས་རྩོད་པས་དག་འབུད་བྱ་ཡུལ་གཉིས་ཀ་ཡུན་རིང་གི་སྤྱི་དམངས་སྲི་ཞུ་བ་དང་གྲོས་ཚོགས་འཐུས་མི་ཟུར་པ་རེད། མི་ཚེ་ཧྲིལ་པོར་མི་དམངས་ལ་ཞབས་འདེགས་ཞུས་པའི་སྲི་ཞུ་བ་བགྲེས་སོང་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ཁྲིམས་གཅོད་བྱེད་དགོས་པ་ཞིག་མ་རེད་ཅེས་རྩོད་པ་བརྒྱབ། སྔ་ལོ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ། ཟླ་ཤས་གོང་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་བཅའ་ཁྲིམས་གསར་པ་དེ་ལག་ལེན་བསྟར་པའི་རྗེས་སུ་དམངས་གཙོ་དོན་གཉེར་བ་དང་ངོ་རྒོལ་ལས་འགུལ་བ། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ནག་ཉེས་འདྲ་མིན་ཞིག་བཙུགས་ནས་བཙོན་འཇུག་གི་ཁྲིམས་ཐག་གཅོད་འགོ་ཚུགས།།

༢༠༡༩་ལོའི་ཕྱི་ཟླ་༨་ཚེས་༡༨་ཉིན་ཇཱི་མཱི་ལེ་སོགས་ཀྱིས་མི་དམངས་ས་ཡ་༡་དང་འབུམ་༧་ཡས་མས་ཤིག་བསྡུ་སྐོང་བྱས་ནས་ཧོང་ཀོང་གི་ཉེན་རྟོག་པའི་གདུག་རྩུབ་ལ་ཞིབ་འཇུག་བྱ་དགོས། ཧོང་ཀོང་གི་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཚོར་དྲག་གནོན་ཚབས་ཆེན་བྱས་པར་གཞུང་གི་ལས་སྣེ་ཚོས་འགན་འཁྲི་ལེན་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ། ཡང་ཕྱི་ཚེས་༣༡་ཉིན་ཇཱི་མཱི་ལེ་སླར་ཡང་ཧོང་ཀོང་ས་གནས་གཞུང་གི་ཆོག་མཆན་མ་བཀོད་པའི་ངོ་རྒོལ་ལས་འགུལ་ཞིག་ལ་ཞུགས། དག་འབུད་ཁྲིམས་རྩོད་པ་ཚོས་ཧོང་ཀོང་གི་ཉེན་རྟོག་པ་ཚོར་ངོ་རྒོལ་ལས་འགུལ་འགོག་ཆོག་པའི་དབང་ཚད་མེད། ཧོང་ཀོང་གི་རྩ་ཁྲིམས་སུ་མི་དམངས་ལ་འདུ་འཛོམ་དང་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་ཡོད། ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་ཀྱང་སྤྱི་དམངས་ཀྱི་ཐོབ་ཐང་དེ་ཚོར་བརྩི་འཇོག་དང་གོང་བཀུར་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་ཅེས་རྩོད་པ་བརྒྱབ། གཟའ་པ་སངས་ཉིན་ཁྲིམས་ཐག་གཅོད་རྒྱུ་མགོ་མ་བརྩམས་གོང་དུ་ཁྲིམས་ཁང་གི་ཕྱི་ལོགས་སུ་མི་ཚོགས་འདུས། མི་མང་པོ་ཞིག་བང་བསྒྲིགས་ནས་ཁྲིམས་ཁང་ནང་ལོགས་སུ་འདུག་ས་ཞིག་རག་ཐབས་སུ་འབད། མི་ཚོགས་ཆེ་དྲགས་པའི་སྟབས་ཀྱིས་ཁྲིམས་ཁང་གིས་ཁང་མིག་གཞན་ཁག་ཅིག་ཀྱང་སྒོ་ཕྱེ། ཁ་སང་ཕྱི་ཟླ་༡༥་ཉིན་ཧོང་ཀོང་གི་ཉེན་རྟོག་པའི་སྤྱི་ཁྱབ་ཁེ་རི་སི་ཐང་གིས་ཨ་མི་རི་ཀའི་གསང་ཉུལ་ཚོས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ནུས་མེད་དུ་གཏོང་ཐབས་བྱེད་ཀྱི་འདུག ང་ཚོས་དེ་ལ་རྩད་གཅོད་ནན་པོ་བྱས་ནས་ནག་ཉེས་ཡོད་པ་རྣམས་ཁྲིམས་སར་ཐེར་འདོན་བྱེད་ཆོག་ཅེས་སྐྱོན་བརྗོད་བྱས་ཤིང་། ཁ་སང་ནས་ཧོང་ཀོང་གི་སློབ་གྲྭ་ཁག་ཏུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་ཚན་ཁྲིད་མགོ་བརྩམས།།

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཪང་སྐྱོང་ཐོབ་ཐང་མེད་པར་བཏང་བ་དང་ཇཱི་མཱི་ལེ་སོགས་དམངས་གཙོ་དོན་གཉེར་བ་རྣམས་འཛིན་བཟུང་བྱས་ནས་བཟུང་། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོར་ཉེས་ཆད་བཅད་པ་དང་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། སྔོན་ཆད་ཧོང་ཀོང་འཛམ་གླིང་གི་ཚོང་དོན་ལྟེ་གནས་ཤིག་ཡིན་པའི་གནས་ཐོབ་ཤོར། ༡༩༩༧་ལོར་རྒྱ་ནག་གིས་ཧོང་ཀོང་རྩིས་ལེན་བྱས་པའི་སྐབས་སུ་མངའ་ཁུལ་དེར་ལོ་༥༠་ཐམ་པའི་རིང་དུ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་ཡིན། རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཆོག ཧོང་ཀོང་གི་ཕྱི་སྲིད་དང་རྒྱལ་སྲུང་གཉིས་མ་གཏོགས་རྒྱ་ནག་དབུས་གཞུང་གིས་ས་གནས་དེའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མིན་ཞེས་ཆིངས་ཡིག་བཞག་ནས་མིང་རྟགས་བཀོད། ཞིས་ཅིན་ཕིང་གིས་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་ཆིངས་ཡིག་བཞག་པའི་འབྲུ་དོན་ཁག་ལ་བརྩི་མེད། ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་གསར་འགོད་རང་དབང་དང་འདུ་འཛོམ་རང་དབང་། མི་མང་ལ་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རྣམས་བཙན་འཕྲོག ཁོ་པས་ཧོང་ཀོང་དམིགས་བསལ་ས་ཁུལ་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ཁག་དང་འདྲ་མཚུངས་ལྟར་དབང་སྒྱུར། དེར་བརྟེན་ཧོང་ཀོང་བ་ས་ཡ་མང་པོ་ཐེ་ཝན་དང་ཨོ་གླིང་རྒྱལ་ཁབ། དབྱིན་ཡུལ་དང་ཨ་རི། ཁེ་ན་ཌ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་འགྲོ་བ་དང་ཁྱིམ་གཞིས་སྤོར་ནས་གཞན་ཡུལ་དུ་འགྲོ་དགོས་ཐུག་ཡོད་པ་རེད།།

XS
SM
MD
LG