ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དམངས་གཙོའི་ལས་འགུལ་འགོ་ཁྲིད་ཚོ་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཧོང་ཀོང་གི་ཉེན་རྟོག་པ་ཚོས་གཟའ་ཕུར་བུའི་མཚན་མོ་ནས་ས་གནས་དེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གཙོ་གྲས་རྣམས་འཛིན་བཟུང་བྱ་རྒྱུ་འགོ་ཚུགས། གཟའ་པ་སངས་ཀྱི་ཞོགས་པར་ཧོང་ཀོང་གི་ཉེན་རྟོག་པ་ཚོས་ཇཱོ་ཤི་ཝ་ཝང་དང་ཨ་གྷ་ནེ་སི་ཆའོ་གཉིས་འཛིན་བཟུང་བྱས་ཤིང་། ཁོ་ཚོར་ཟིང་འཁྲུག་བསླངས་པ་དང་ཉེན་རྟོག་པར་གཏོར་རྒོལ་བྱས་པའི་ནག་ཉེས་བཙུགས། ཇཱོ་ཤི་ཝ་ཝང་ལ་ཁྲིམས་འགལ་ཐོག་ཏུ་མི་ཚོགས་བསྡུ་སྐོང་བྱས་ནས་ཕྱི་ཟླ་༦་ཚེས་༢༡་ཉིན་ཝན་ཐེ་ཉེན་རྟོག་ལས་ཁང་མཐའ་བསྐོར་པའི་ཁྲིམས་འགལ་གྱི་ལས་འགུལ་ལ་མཉམ་ཞུགས་དང་མི་ཚོགས་ལ་ངན་སྐུལ་བྱས་འདུག་ཅེས་ནག་ཉེས་བཙུགས། ཨ་གྷ་ནེ་སི་ཆའོ་ལའང་ཁྲིམས་འགལ་གྱི་འདུ་འཛོམས་དེར་མཉམ་ཞུགས་བྱས་པ་དང་མི་ཚོགས་ལ་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་འདུག ད་དུང་ཤ་ཐིན་རྫོང་གི་མཐོ་རིམ་ལས་སྣེ་ཧུའི་ཡུའི་ཡུ་ཞེས་པ་ཞིག་ཀྱང་འཛིན་བཟུང་བྱས་ནས་ཕྱི་ཟླ་༧་ཚེས་༡༤་ཉིན་ཧོང་ཀོང་གི་ཉེན་རྟོག་པར་འགོག་རྒོལ་བྱས་པ་དང་ལས་འགན་བསྒྲུབ་ཏུ་མ་བཅུག་པའི་ནག་ཉེས་བཙུགས་པའི་གནས་ཚུལ་ཐོན་འདུག གཟའ་ཕུར་བུའི་མཚན་མོར་ཧོང་ཀོང་རང་བཙན་ཚོགས་པའི་འགོ་ཁྲིད་ཨན་ཌི་ཆན་ཡང་འཛིན་བཟུང་བྱས་ནས་ཟིང་འཁྲུག་བསླངས་པ་དང་ཉེན་རྟོག་པར་གཏོར་རྒོལ་བྱས་པའི་ནག་ཉེས་བཙུགས། ཨན་ཌི་ཆན་ཧོང་ཀོང་ནས་ཉི་ཧོང་ལ་བསྐྱོད་པའི་སྐབས་སུ་ཧོང་ཀོང་གི་གནམ་ཐང་དུ་འཛིན་བཟུང་བྱས་འདུག

ཇཱོ་ཤི་ཝ་ཝང་དང་ཨ་གྷ་ནེ་སི་ཆའོ། ཨན་ཌི་ཆན་རྣམས་༢༠༡༤་ལོར་ཧོང་ཀོང་ལ་དམངས་གཙོའི་ལས་འགུལ་ལངས་པའི་སྐབས་ནས་སློབ་ཕྲུག་གི་འགོ་ཁྲིད་གཙོ་གྲས་སུ་གྱུར། ཁོ་ཚོས་ཧོང་ཀོང་གཞུང་གིས་ཁྲིམས་འགལ་དུ་བརྩིས་ནས་བཀག་སྡོམ་བྱས་པའི་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་བཙུགས། ཇཱོ་ཤི་ཝ་ཝང་སོགས་ཀྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་ཁག་ལ་ངོ་རྒོལ་དང་མངའ་ཁུལ་དེར་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་ཞེས་ལས་འགུལ་སྤེལ་ནས་མི་དམངས་ཀྱི་སྣེ་ཁྲིད་པར་གྱུར། གཟའ་མཇུག་འདིར་ཧོང་ཀོང་ས་གནས་སུ་སླར་ཡང་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་འཆར་ཡོད་པས་ཧོང་ཀོང་ས་གནས་གཞུང་གིས་ངོ་རྒོལ་ལས་འགུལ་དེའི་སྔོན་ལ་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་ཚོ་འཛིན་བཟུང་བྱས་ནས་ལས་འགུལ་དེར་མགོ་བོ་འབུམ་བཅོམ་བྱས་མོད། འོན་ཀྱང་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་གིས་ངོ་རྒོལ་ལས་འགུལ་ལ་ཟིང་འཁྲུག་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་དེས་མི་མང་ལ་ཁོང་ཁྲོ་སློང་གི་ཡོད་པ་དང་ཉམས་ཞིབ་པ་ཁག་ཅིག་གིས་གཟའ་མཇུག་འདིར་སླར་ཡང་ཧོང་ཀོང་བ་ས་ཡ་མང་པོས་ངོ་རྒོལ་བྱ་སྲིད་པའི་ཉེན་ཀ་འདུག་ཅེས་དོགས་སློང་བྱེད་ཀྱི་ཡོད་པ་རེད།

ཁ་སྔོན་ཕྱི་ཟླ་༦་ཚེས་༢༡་ཉིན་ཧོང་ཀང་བ་ཁྲི་ཚོ་མང་པོས་ཝན་ཐེ་ཉེན་རྟོག་ལས་ཁང་མཐའ་བསྐོར་ནས་ཁང་པའི་སྒོ་དང་སྒེའུ་ཁུང་སོགས་ལ་རྡ་དང་སྒོ་ང་གཞུས། ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་འཆར་ཡོད་པ་གཏན་དུ་ཕྱིར་འཐེན་བྱ་དགོས། ད་ལོའི་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱས་པའི་མི་མང་པོ་ཞིག་ཧོང་ཀོང་གཞུང་གིས་འཛིན་བཟུང་བྱས་པ་རྣམས་གློད་གྲོལ་གཏོང་དགོས། ཁོ་ཚོར་ནག་ཉེས་མེད་ཅེས་དཀར་འདོན་བྱ་དགོས་པའི་དགོས་འདུན་བཏོན། ཇཱོ་ཤི་ཝ་ཝང་དང་ཨ་གྷ་ནེ་སི་ཆའོ་གཉིས་སྐབས་དེའི་ལས་འགུལ་གྱི་འགོ་ཁྲིད་ཡིན་པར་མ་ཟད། ཨ་གྷ་ནེ་སི་ཆའོ་ཧོང་ཀོང་གི་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་རུང་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་རྩིས་མེད་བཏང་ནས་གྲོས་ཚོགས་འཐུས་མིའི་ལས་ཁུར་བཞེས་ཐུབ་མེད། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ཚོགས་པས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་ཧོང་ཀོང་མི་དམངས་ཀྱིས་རང་ངོས་ནས་སྤེལ་བའི་ལས་འགུལ་ཞིག་ཡིན། འདས་པའི་ཟླ་བ་གཉིས་ལྷག་ལ་ཧོང་ཀོང་ས་གནས་སུ་མི་མང་ཁྲི་ཚོ་མང་པོས་ངོ་རྒོལ་བྱེད་ཀྱི་ཡོད་པ་དེར་དམིགས་བསལ་གྱི་འགོ་ཁྲིད་མེད། ང་ཚོས་ཧོང་ཀོང་མི་མང་ས་ཡ་གཉིས་ལྷག་གི་ངོ་ཚབ་མཚོན་མི་ཐུབ་ཅེས་དག་སྐྱེལ་བྱས་པ་དང་། ཁོ་ཚོར་ཉེན་རྟོག་པས་གནོན་སྡོམ་དང་འཇིགས་སྐུལ། མི་ཚོགས་འཛིན་བཟུང་བྱས་སུན་གཅེར་ཆེན་པོ་བྱེད་ཀྱི་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ།

ད་ལོའི་ཕྱི་ཟླ་༨་ཚེས་༣༡་ནི་༢༠༡༤་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་རྒྱུ་མིན་པའི་ཐག་གཅོད་བྱས་ནས་ལོ་༥་འཁོར་བའི་དུས་དྲན་ཡིན་པས་ཧོང་ཀོང་གི་ངོ་རྒོལ་བ་ཚོས་ལོ་འདིའི་དུས་དྲན་སྐབས་སུ་རྒྱ་ནག་གི་ཐག་གཅོད་དེར་ངོ་རྒོལ་བྱ་རྒྱུ་དང་ཧོང་ཀོང་ལ་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་ཞེས་དགོས་འདུན་བཏོན་ནས་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་པར་བརྟེན། ཧོང་ཀོང་གཞུང་གིས་དུས་དྲན་དེའི་སྔ་རོལ་ཏུ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་ཚོ་འཛིན་བཟུང་བྱས་ཡོད་པ་དང་༢༠༡༤་ལོའི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་ནག་ཉེས་ཐོག་ཏུ་ཇཱོ་ཤི་ཝ་ཝང་ལ་ཧོང་ཀོང་གཞུང་གིས་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་བཅུག་མྱོང་། འོན་ཀྱང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་ཚོ་མངའ་ཁུལ་དེའི་རང་དབང་དང་དམངས་གཙོའི་ཐོབ་ཐང་གི་ཆེད་དུ་ལས་འགུལ་ཁག་ལ་མཉམ་ཞུགས་བྱ་རྒྱུ་མཚམས་འཇོག་གི་མེད་པ་དང་། ལོ་འདིའི་ངོ་རྒོལ་ཁག་ལ་མཉམ་ཞུགས་བྱས་ནས་ཧོང་ཀོང་ས་གནས་གཞུང་གིས་མི་༨༠༠་ལྷག་འཛིན་བཟུང་བྱས་ནས་མི་༡༣༠་ལྷག་ལ་ནག་ཉེས་བཙུགས་འདུག ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་མངའ་ཁུལ་དེར་ཛ་དྲག་གི་ཁྲིམས་གཞི་བསྡམ་རྒྱུའི་རྣམ་འགྱུར་བསྟན་པ་དང་། རྒྱ་ནག་གཞུང་གིས་ཧྲིན་ཀྲེན་གྲོང་ཁྱེར་དུ་དམག་སྦྱོང་བྱས་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱ་རྒྱུའི་སྡིགས་ར་བསྐུལ་ཡོད་པ་རེད།།

XS
SM
MD
LG