ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་མཁན་ཧོང་ཀོང་བ་༤་འཛིན་བཟུང་།


༄༅།། ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དམག་བཏང་ནས་དྲག་གནོན་བྱས་ཏེ་སློབ་ཕྲུག་སྟོང་ཕྲག་འགའ་ཞིག་བསད། དེ་རིང་ཕྱི་ཟླ་༩་པའི་ཚེས་༨་ཉིན་ཧོང་ཀོང་གི་ཉེན་རྟོག་པས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་དང་ལོ་ལྟར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་མཁན་ཧོང་ཀོང་བ་བཞི་འཛིན་བཟུང་བྱས་པར་རྒྱ་ནག་གཞུང་གིས་བསྔགས་བརྗོད་ཆེན་པོ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་བ་དང་ཁྲིམས་རྩོད་པ་ཆའོ་ཧང་ཏུང་དང་ཚོགས་མི་སེ་མོན་ལེང་། ཤཱིན་ཐང་དང་ཆན་ཏོ་ཝེ་བཞི་འཛིན་བཟུང་བྱས་ཤིང་། ཆའོ་ཧང་ཏུང་གིས་ཧོང་ཀོང་བ་ཚོས་འཐབ་རྩོད་རྒྱུན་འཁྱོང་བྱེད་དགོས། ང་ཚོས་གནས་ལུགས་ལ་མི་མཐུན་པའི་བཙན་དབང་ལ་ལས་སླ་པོ་དང་འཕྲལ་དུ་མགོ་སྒུར་མི་ཉན་ཞེས་བསྐུལ། ཟླ་བ་སྔོན་མར་ཧོང་ཀོང་གི་ཉེན་རྟོག་པས་ཕྱི་ཟླ་༩་པའི་ཚེས་༧་མི་འགྱངས་པར་ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཐོ་གཞུང་དང་ཚོགས་པ་དེའི་འགྲོ་གྲོན་གྱི་ཡོང་ཁུངས། ལས་འགུལ་གྱི་འཆར་གཞི་རྣམས་མཁོ་སྤྲོད་བྱ་དགོས་ཞེས་བཀའ་ཕབ། ཁ་སང་ཕྱི་ཚེས་༧་ཉིན་ཆའོ་ཧང་ཏུང་ཉེན་རྟོག་ལས་ཁུངས་སུ་བཅར་ནས་ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པའི་ཡིག་ཆ་སྣ་གཅིག་ཉེན་རྟོག་ཁང་ལ་མཁོ་སྤྲོད་བྱེད་མི་ཐུབ་ཅེས་ལན་བཏབ།།

ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་བ་དང་ཁྲིམས་རྩོད་པ་ཆའོ་ཧང་ཏུང་།
ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་བ་དང་ཁྲིམས་རྩོད་པ་ཆའོ་ཧང་ཏུང་།

ཉེན་རྟོག་ལས་ཁུངས་ཀྱི་བཀའ་ཡིག་དེར་ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པ་ཕྱི་དགྲའི་གསང་ཉུལ་ཞིག་རེད། གལ་སྲིད་དུས་བཀག་ལྟར་ཚོགས་པ་དེའི་ཡིག་ཆ་རྣམས་ཉེན་རྟོག་ལས་ཁུངས་ལ་མཁོ་སྤྲོད་མ་བྱས་ན་ཧོང་ཀོང་སྒོར་མོ་འབུམ་གཅིག་གི་ཉེས་ཆད་གཅོད་རྒྱུ་དང་ཚོགས་མི་རྣམས་ཟླ་བ་དྲུག་ལ་བཙོན་འཇུག་གི་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་གཟའ་ལྷག་པའི་ཉིན་བུད་མེད་གཅིག་དང་སྐྱེས་པ་གསུམ་བཅས་མི་བཞི་འཛིན་བྱས་པ་ཡིན། ཁོ་ཚོ་ལོ་༣༦་ནས་༥༧་བར་དུ་ཡིན་པ་དང་ཟླ་བ་སྔོན་མར་བཀའ་ཡིག་བཏང་བ་ལྟར་ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པས་རང་གི་ཡིག་ཆ་རྣམས་ཉེན་རྟོག་ལས་ཁུངས་ལ་མཁོ་སྤྲོད་མ་བྱས་པས་ཚོགས་མི་ཁག་ཅིག་འཛིན་བཟུང་བྱས་པ་ཡིན་ཞེས་རྒྱུ་མཚན་བཀོད། ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པའི་འགོ་ཁྲིད་ཨལ་བྷར་ཊི་ཧོ་དང་ལི་ཀྲོ་རེན་གཉིས་༢༠༡༩་ལོའི་དྲུག་བཞིའི་རྗེས་དྲན་ལས་འགུལ་ལ་ཞུགས་ནས་བཙོན་ཁང་དུ་བཅུག་ཟིན་ཡོད་ཅིང་། ཁ་སྔོན་ཕྱི་ཟླ་བདུན་པ་ནས་ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པས་རང་གི་ཚོགས་མི་རྣམས་དང་ལས་བྱེད་པའི་བདེ་འཇགས་དོན་དུ་ཚོགས་མི་ཚོར་གནང་བ་ཞུ་རུ་བཅུག་པ་དང་ལས་བྱེད་པ་ཚོ་ལས་ཀ་མེད་དུ་བཏང་བ་ཡིན་ཞེས་གསལ་བསྒྲགས་སྤེལ། ༢༠༡༩་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་དང་ས་གནས་འགོ་ཁྲིད་ཚོ་མ་བརྒྱུད་པར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་གཏན་ལ་ཕབ། སྔ་ལོ་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ནས་ཆབ་སྲིད་ཀྱི་ལས་འགུལ་མཐའ་དག་ཁྲིམས་འགལ་དུ་བསྒྱུར།།

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་དང་ཁྲིམས་རྩོད་པ་ཆའོ་ཧང་ཏུང་གིས་གཟའ་ལྷག་པའི་ཞོགས་པར་ངོ་དེབ་ནང་དུ་ཉེན་རྟོག་པས་ངའི་སྒོ་བརྡུངས་ནས་དྲིལ་བརྡ་གཏོང་གི་འདུག ཁོ་ཚོས་ཤུགས་ཀྱིས་སྒོ་འབྱེད་ཐབས་བྱེད་ཀྱི་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ། ཧོང་ཀོང་གི་ཉེན་རྟོག་པས་ཀྱང་གཟའ་ལྷག་པའི་སྔ་དྲོར་མི་ཁག་ཅིག་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་འཛིན་བཟུང་བྱས་པ་ཡིན། སྐྱེ་བོ་སྒེར་པ་བཞིའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་ལ་ངོས་ལེན་བྱས་མ་སོང་། ད་དུང་ཡང་མི་ཁག་ཅིག་འཛིན་བཟུང་བྱེད་སྲིད་པ་རེད་ཅེས་བཤད། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སྔོན་གཟའ་ཉི་མར་ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པས་ང་ཚོའི་ཚོགས་པ་ནི་ལོ་བཅུ་ཕྲག་གསུམ་ལྷག་གི་སྔོན་དེར་རྒྱ་ནག་ལ་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལངས་པའི་སྐབས་སུ་བཙུགས་པ་ཡིན། ཚོགས་པ་འདིས་ཧོང་ཀོང་གི་ཉེན་རྟོག་པའི་བཀོད་ཁྱབ་ལ་དང་ལེན་བྱེད་དཀའ། དེའི་རྒྱུ་མཚན་ནི་ཧོང་ཀོང་གི་ཉེན་རྟོག་པས་ཚོགས་པ་འདིར་ཚོགས་མི་ཅི་ཙམ་ཡོད་མེད་དང་འགྲོ་གྲོན་གྱི་འབྱུང་ཁུངས་ཅི་ཡིན། ཧོང་ཀོང་དང་ཐེ་ཝན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཚོགས་པ་འདིར་ཡན་ལག་ཚོགས་པ་ཡོད་མེད་ཀྱི་ཡིག་ཆ་རྣམས་མཁོ་སྤྲོད་བྱེད་དགོས་ཟེར་གྱི་འདུག་ཅེས་གསལ་བསྒྲགས་སྤེལ། ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པས་ཡིག་ཆ་མཁོ་སྤྲོད་བྱེད་ཀྱི་མེད་པ་ཁྲིམས་འགལ་ཚབས་ཆེན་ཞིག་རེད་ཅེས་ཉེན་བརྡ་བཏང་མོད། འོན་ཀྱང་ཧོང་ཀོང་གི་རྒྱལ་གཅེས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པས་ང་ཚོ་ཕྱི་རྒྱལ་གྱི་གསང་ཉུལ་མིན། ང་ཚོ་ཕྱི་རྒྱལ་ལ་འབྲེལ་བ་ཡོད་ལུགས་ཡོད་སྟངས་རྣམས་ཧོང་ཀོང་གི་ཉེན་རྟོག་པས་ཁུངས་སྐྱེལ་བྱས་མ་སོང་ཞེས་དགག་པ་བརྒྱབ། ཚོགས་པ་དེའི་ཚོགས་མི་ཚུའི་ཧོན་ཀོ་ཞེས་པ་ཞིག་གིས་ཧོང་ཀོང་གི་ཉེན་རྟོག་པའི་བཀོད་ཁྱབ་དེར་ཁྲིམས་ཁང་གིས་ཞིབ་འཇུག་བྱ་དགོས་པའི་སྙན་ཞུ་འབུལ་འཆར་ཡོད་ཅེས་གསར་འགོད་པ་ཚོར་བཤད། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་དམངས་གཙོ་མནའ་འབྲེལ་རྒྱབ་སྐྱོར་ཚོགས་པའི་ལངས་ཕྱོགས་ལ་ཁ་རྡུང་དྲག་པོ་བཏང་སྟེ་ཉེན་རྟོག་པའི་བཀོད་ཁྱབ་ལ་ངེས་པར་དུ་མཉན་དགོས། ཁོ་ཚོ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་དགོངས་དོན་ལ་འགལ་འཛོལ་བྱུང་ན་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་གི་རེད་ཅེས་སྡིགས་ར་བསྐུལ་འདུག

༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་སྐབས།
༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་སྐབས།

རྒྱ་ནག་སྐམ་ས་ཆེན་མོར་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་སྐབས་སུ་སློབ་ཕྲུག་ཅི་ཙམ་བསད་ཡོད་མེད་དང་ལས་འགུལ་དེར་ཞུགས་པའི་མི་ཅི་ཙམ་འཛིན་བཟུང་བྱས་མིན་གྱི་གནས་ཚུལ་གང་ཡང་གསལ་ཁ་མི་གཏོད། ཐ་ན་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུལ་ལངས་པ་རྒྱ་ནག་གི་བྱུང་རབས་ཁོངས་ནས་ནག་སུབ་བྱས་ཏེ་རྗེས་དྲན་དང་གླེང་སློང་བྱེད་དུ་མི་འཇུག་པ། གནམ་བདེ་སྒོ་མོ་ཆེའི་ཐང་དུ་ཚེ་སྲོག་ཤོར་བའི་སློབ་ཕྲུག་འདས་པོ་རྣམས་ཀྱི་ཕ་མ་ཚོ་ལའང་དམ་དྲག་བྱས་ནས་ཕྱི་རྒྱལ་གྱི་གསར་འགོད་པར་གླེང་མོལ་བྱེད་དུ་མི་འཇུག་པ་དང་ཕ་མ་ཚོར་རང་གི་བུ་ཕྲུག་འདས་པོ་རྣམས་ལ་རྗེས་དྲན་བྱེད་མི་ཆོག་ཅེས་བཀག ཡིན་ནའང་ཧོང་ཀོང་གི་ས་ཐོག་ཏུ་ལོ་ལྟར་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ཏེ། ༡༩༨༩་ལོའི་ཕྱི་ཟླ་༦་པའི་ཚེས་༤་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་སློབ་ཕྲུག་དམར་གསོད་བྱས་པར་མྱ་ངན་དང་རྗེས་དྲན་གྱི་ལས་འགུལ་སྤེལ། ད་ལོ་ཧོང་ཀོང་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་འདུག རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་འཚོགས་མི་ཆོག་ཅེས་བཀག ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ས་ཐོག་ཏུ་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་དགོངས་དོན་ལ་རྒྱབ་འགལ་རེད་ཅེས་ཐག་བཅད། ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ལི་ཀྲོ་རེན་སོགས་དྲུག་བཞིའི་རྗེས་དྲན་ལས་འགུལ་ལ་ཞུགས་ནས་བཙོན་ཁང་དུ་བཅུག་ཡོད་པ་རེད།།

XS
SM
MD
LG