ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧོང་ཀོང་གི་འབྱོར་ལྡན་པ་གྲགས་ཆེན་ཞིག་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་དང་ཁྲིམས་འགལ་གྱི་ནག་ཉེས་འཛུགས་ཡུལ་ལི་ཌི་དབྱན་ནམ། ཇཱི་མཱི་ལེ་ནི་ཧོང་ཀོང་ལ་ཨ་སྒོར་ས་ཡ་༧༠༠་ལྷག་གི་མ་རྩ་ལྡན་པའི་འབྱོར་ལྡན་ཚོང་པ་ཞིག་ཡིན་ཞིང་། ཁོང་ནི་མངོན་གསལ་དོད་པོས་རྒྱ་ནག་དམར་ཤོག་གཞུང་གི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པར་མ་ཟད། ཧོང་ཀོང་ལ་རང་དབང་གི་གསར་ཁང་བཙུགས་ཏེ་རྒྱ་ནག་གཞུང་ཁ་གཏད་བཅག་ནས་ཧོང་ཀོང་མི་མང་ལ་གསར་འགྱུར་རང་དབང་གི་མཁའ་དབུགས་འབྱིན་མཁན་ཞིག་ཀྱང་ཡིན། ཁོང་ནི་ཧོང་ཀོང་ལ་རྒྱུ་འབྱོར་དང་གསར་འགྱུར་རྒྱུད་ལམ་བཅས་ཀྱི་ཁོར་ཡུག་ཏུ་རང་དབང་དང་དམངས་གཙོ་དོན་དུ་གཉེར་མཁན་ནུས་པ་ཆེ་ཤོས་དང་བློས་གཏོང་ཆེན་པོ་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པར་བརྟེན། ཁོང་འཛིན་བཟུང་བྱས་ནས་་ཁྲིམས་བཤེར་བྱ་རྒྱུའི་བཀའ་རྒྱ་བཏང་བར་རྒྱལ་སྤྱིའི་རང་དབང་གི་ཚོགས་སྡེ་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་བཞིན་འདུག

ཧོང་ཀོང་གི་རང་དབང་གསར་ཁང་ཡཱི་རྒྱུད་ལམ་གསར་འཛུགས་གནང་མཁན་འབྱོར་ལྡན་པ་ཇཱི་མཱི་ལེ་ཕྱི་ཚེས་༢༨་ཉིན་འཛིན་བཟུང་བྱས་འདུག ཁོང་ལ་གཞུང་གི་ཆོག་མཆན་མེད་པར་ཁྲིམས་འགལ་ཐོག་ཏུ་མི་མང་བསྡུ་སྐོང་བྱས་པ་དང་གསར་འགོད་པ་ཞིག་ལ་འཇིགས་སྐུལ་བྱས་པའི་ཉེས་འཛུགས་རིགས་གཉིས་བྱས་འདུག གཞན་ཡང་ཧོང་ཀོང་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་བ་ལི་ཀྲའུ་རེན་དང་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཟུར་པ་དབྱང་སན་གཉིས་ཀྱང་ཚེས་༢༨་ཉིན་ཧོང་ཀོང་གི་ཉེན་རྟོག་པས་བཀག་སྐྱིལ་བྱས་ཏེ་ཁྲིམས་འགལ་ཐོག་ཏུ་མི་མང་བསྡུ་སྐོང་གཅིག་མཚུངས་བྱས་སོང་ཞེས་ཉེས་བཙུགས་ཡོད་པ་རེད།

ཧོང་ཀོང་གི་དབུས་ཉེན་རྟོག་ལས་ཁང་གིས་གསར་འགོད་པ་ཚོར་སྐྱེས་པ་གསུམ་འཛིན་བཟུང་བྱས་དོན་ནི་སྔ་ལོའི་ཕྱི་ཟླ་༨་ཚེས་༣༡་ཉིན་གཞུང་ལ་ཆོག་མཆན་མ་ཞུས་པར་ཁྲིམས་འགལ་ཐོག་ཏུ་མི་མང་བསྡུ་སྐོང་བྱས་ནས་དྲག་ཟིང་བསླངས་པར་འབྲེལ་བ་ཡོད། དེའི་ནང་གི་སྐྱེས་པ་གཅིག་གིས་སྤྱི་ལོ་༢༠༡༧་ལོའི་སྤྱི་ཟླ་༦་པའི ཚེས་༤་ཉིན་གསར་འགོད་པ་ཞིག་ལ་འཇིགས་སྐུལ་བྱས་པར་འབྲེལ་བ་ཡོད་ཅེས་འགྲེལ་བརྗོད་བྱས་ཀྱང་མི་དེ་དག་འཛིན་བཟུང་བྱས་པར་ཆབ་སྲིད་ཀྱི་དམིགས་ཡུལ་མེད་ཅེས་བཤད། དེང་སྐབས་རང་དབང་གི་གསར་ཁང་ཁག་གིས་མི་དེ་གསུམ་འཛིན་བཟུང་བྱས་དོན་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་པ་དང་དེ་ལ་ངོས་ལེན་མེད་ཅེས་དཔྱད་བརྗོད་སྤེལ་འདུག

ཉེན་རྟོག་པས་མི་དེ་གསུམ་ལ་ཉེས་འཛུགས་ཀྱི་ཁྲིམས་ཆད་བཀའ་རྒྱ་བཏང་རྗེས་གློད་གྲོལ་བཏང་བར་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་བ་ལི་ཀྲའུ་རེན་གྱིས་གསར་འགོད་པ་ཚོར་བརྗོད་དོན། ཉེན་རྟོག་པའི་བྱ་སྤྱོད་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པ་ཞིག་རེད། ཁོ་ཚོས་འཇིགས་སྣང་བསྐུལ་ནས་ཧོང་ཀོང་མི་མང་ལ་ཁ་གཏད་གཅོག་གི་འདུག་ཅེས་དང་། ཉེན་རྟོག་པས་ཁོ་པ་སྤྱི་ཟླ་༨་ཚེས་༣༡་ཉིན་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་གྱོན་ཆས་དང་ཁ་པར་རྩིས་སྤྲོད་བྱ་དགོས་པའི་བཀའ་བཏང་སོང་། ཉེན་རྟོག་པས་ཧོང་ཀོང་མི་མང་གི་ཁ་པར་ལ་ལྐོག་ཉན་བྱས་ནས་གསང་བ་བསྡུ་རུབ་བྱེད་བཞིན་པའི་དོགས་སློང་བྱས་འདུག

ཧོང་ཀོང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ལི་ཌི་ཡེན་དང་ལི་ཀྲའུ་རེན། ཡཱན་སན་བཅས་དྲག་སྤྱོད་ཀྱི་དོན་རྐྱེན་གང་རུང་གི་ནང་དུ་ཚུད་མེད་ཅིང་། དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་གསུམ་ལ་ཁྲིམས་བཤེར་བྱ་རྒྱུ་གསལ་བསྒྲགས་བྱས་པ་ནི་ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བ་ཚོར་འཇིགས་སྣང་བསྐུལ་བ་ཞིག་ཡིན་པར་མ་ཟད། ཉེན་རྟོག་པའི་བྱ་སྤྱོད་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་རྣམ་པ་མངོན་གསལ་ཇེ་དོད་ལ་སོང་བའི་སྐྱོན་བརྗོད་བྱེད་འདུག སྔ་ལོའི་སྤྱི་ཟླ་༨་པའི་ཚེས་༣༡་ཉིན་ལ་ཧོང་ཀོང་སྤྱི་དམངས་ཐོབ་ཐང་ལས་དོན་ཚོགས་པའི་གོ་སྒྲིག་འོག་དམངས་གཙོའི་ལས་འགུལ་གྱི་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྩིས་བྱས་ཀྱང་ཧོང་ཀོང་ཉེན་རྟོག་པས་འགོག་རྐྱེན་བཟོས་ཏེ་དམངས་གཙོའི་འདུ་འཛོམས་དེ་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། འོན་ཀྱང་དྲ་རྒྱའི་བརྒྱུད་ལམ་དང་ཁ་པར་སོགས་ནས་བཟའ་བཏུང་དང་ཡུལ་སྐོར། ཆོས་ཕྱོགས་ཀྱི་སྨོན་ལམ་སོགས་ཉིན་དེའི་ཧོང་ཀོང་གི་འདུ་འཛོམས་གང་རུང་དུས་གཅིག་ལ་འཚོགས་རྒྱུ་དེར་ཕན་ཚུན་བརྡ་ལན་སྤྲད་དེ་མཐར་ཡེ་ཤུའི་ཆོས་དད་པ་འབུམ་གཅིག་ཙམ་གྱིས་ཡེ་ཤུའི་སྨོན་ལམ་ཚོགས་ཏེ་སྨོན་ལམ་གྱི་གླུ་གཞས་བཏང་བར་ཧོང་ཀོང་བ་སྟོང་ཕྲག་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད། ཉིན་དེར་ཉེན་རྟོག་པ་དང་མི་མང་འཁྲུག་འཛིང་བྱུང་ནས་ས་འོག་མེ་འཁོར་གྱི་ཕེར་སེན་འབབ་ཚིགས་སུ་ཉེན་རྟོག་པས་མི་མང་འདུ་འཛོམས་པ་ཚོར་ཚོད་མེད་དུ་བཅར་རྡུང་དང་དྲག་སྤྱོད་སྤེལ་བར་བརྟེན། གནས་ཚུལ་དེར་དོན་རྐྱེན་བརྒྱད་གསུམ་གཅིག་དང་། ཡང་ན་ཕེར་སེན་མེ་འཁོར་འབབ་ཚིགས་ཀྱི་དོན་རྐྱེན་ཞེས་མིང་བཏགས། ཐེངས་འདིར་ཉེན་རྟོག་པས་བཟུང་བའི་མི་འདི་གསུམ་ལ་ཉིན་དེའི་འདུ་འཛོམས་གོ་སྒྲིག་བྱེད་མཁན་་རེད་ཅེས་ཐུན་མོང་གི་ནག་ཉེས་བཙུགས་འདུག

གཞན་ཡང་འབྱོར་ལྡན་པ་ལི་ཌི་ཡེན་གྱིས་གསར་འགོད་པ་ཞིག་ལ་འཇིགས་སྐུལ་བྱས་པ་རེད་ཅེས་པའི་ཉེས་འཛུགས་དེ་ནི་རྒྱ་ནག་གཞུང་གཉེར་གསར་ཁང་གི་ཧོང་ཀོང་ཡན་ལག་ལས་ཁུངས་ཀྱི་གསར་འགོད་པ་ཞིག་གིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ཐད་ལ་གསར་འགྱུར་ཤོད་སྐབས་ཐལ་དྲགས་པའི་རྗོད་ཚིག་བེད་སྤྱོད་བཏང་བར་འབྱོར་ལྡན་པ་ལི་ཌི་ཡེན་གྱིས་གསར་འགོད་པ་དེའི་རྗོད་ཚིག་ལ་སྐྱོན་བརྗོད་བྱས་པ་དེར་དགོས་པ་རེད་འདུག

ཧོང་ཀོང་གི་ཉེན་རྟོག་པས་དེ་རིང་མི་གསུམ་འཛིན་བཟུང་བྱས་པ་དེའི་ཐད་ལ་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་དུ་ཧོང་ཀོང་མི་མང་གིས་གློ་ཚད་ནད་ཡམས་ཀྱི་ཉེན་ཁ་ཅི་འདྲ་ཆེ་ཡང་དམངས་གཙོའི་འཐབ་རྩོད་བློས་གཏོང་བྱེད་ཀྱི་མེད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧོང་ཀོང་བའི་དམངས་གཙོའི་ལས་འགུལ་དང་ཧོང་ཀོང་བའི་ཐོབ་ཐང་རྣམས་བརྗེད་མི་ཉན། ནད་ཡམས་ཁྱབ་གདལ་ཆེ་བའི་དུས་འདིར་ཧོང་ཀོང་ས་གནས་གཞུང་གིས་གོ་སྐབས་བཟུང་སྟེ་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་ལས་དོན་སྤེལ་རྒྱུ་མཚམས་འཇོག་བྱ་དགོས། ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་དགོས། མི་མང་གི་མངོན་འདོད་སྐོང་བའི་ལས་དོན་བསྒྲུབ་དགོས་ཞེས་འབོད་སྐུལ་ཞུས་འདུག

XS
SM
MD
LG