ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་སྒོ་རྒྱག་རྒྱུ། 


༄༅།། ཧོང་ཀོང་གི་དམངས་གཙོའི་ཤོག་ཁག་གི་ཚགས་པར་ཏེ། ཀུ་ཤུ་ཉིན་རེའི་ཚགས་པར་གཟའ་ཕུར་བུ་ནས་དཔར་འགྲེམ་བྱ་རྒྱུ་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་འདུག དེ་རིང་ཕྱི་ཟླ་༦་པའི་ཚེས་༢༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཧོང་ཀོང་གཞུང་གིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲུ་དོན་བཞིན་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་ལྔ་དང་སྤྱི་ཁྱབ་འགན་འཛིན་རྣམས་འཛིན་བཟུང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་རྒྱུ་དངོས་ཨ་སྒོར་༢༣༠༠༠༠༠་འགོག་ཉར། དེང་སྐབས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་བདག་པོ་ཇཱི་མཱི་ལེ་ལ་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་བཅུག་ཡོད་པ་བཅས་ཀྱི་དཀའ་ངལ་ཚབས་ཆེན་ཞིག་ཕྲད། དེ་རིང་གཟའ་ལྷག་པའི་ཉིན་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་མིག་སྔའི་ཧོང་ཀོང་གི་གནས་སྟངས་འོག་ཏུ་ཚགས་པར་དཔར་འགྲེམ་བྱ་རྒྱུ་མཚམས་འཇོག་རྒྱུ་ཡིན། གཟའ་ཕུར་བུའི་འདོན་ཐེངས་ནི་ཀུ་ཤུ་ཉིན་རེའི་ཚགས་པར་དཔར་འགྲེམ་མཐའ་མ་དེ་ཡིན་ཞེས་བཀོད། བདུན་ཕྲག་སྔོན་མར་ཧོང་ཀོང་གཞུང་གིས་ཉེན་རྟོག་པ་༥༠༠་ལྷག་བཏང་ནས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་མཐའ་བསྐོར། ཚགས་པར་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་འགན་འཛིན་ཚོར་ལག་ལྕགས་བརྒྱབ་ནས་ཁྲིད། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ཡིག་ཆ་འགྱིག་སྒམ་མང་པོ་གཞུང་བཞེས་བཏང་ཞིང་། ཧོང་ཀོང་གཞུང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་ངན་འབྲེལ་བྱས་པའི་དཔང་རྟགས་འཚོལ་གྱི་ཡོད་ཅེས་ཡིག་ཆ་བཙན་འཕྲོག་བྱེད་དགོས་པའི་རྒྱུ་མཚན་བགྲངས།།

ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་ལྔ་དང་སྤྱི་ཁྱབ་འགན་འཛིན་རྣམས་འཛིན་བཟུང་། ༢༠༢༡།༦།༡༧
ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་ལྔ་དང་སྤྱི་ཁྱབ་འགན་འཛིན་རྣམས་འཛིན་བཟུང་། ༢༠༢༡།༦།༡༧

༢༠༡༩་ལོར་ཧོང་ཀོང་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་ཟླ་བ་མང་པོར་ངོ་རྒོལ་བྱས་ནས་བཟུང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་དང་ས་གནས་ཀྱི་འགོ་ཁྲིད་ཚོ་མ་བརྒྱུད་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ། ༢༠༢༠་ལོའི་ཕྱི་ཟླ་༦་པའི་ཚེས་༣༠་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ནས་མངའ་ཁུལ་དེའི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམ་རང་དབང་དང་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་རྣམས་ཕྱིར་བསྡུ། དེའི་རྗེས་སུ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་མེད་པར་བཏང་སྟེ་འོས་འདེམས་ཀྱི་ཁྲིམས་ལ་འགྱུར་བཅོས། ཁ་སང་གཟའ་མིག་དམར་ནས་ཧོང་ཀོང་གི་ཁྲིམས་ཁང་ཁག་གིས་བཤེར་དཔང་མི་དགོས་པར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་འགལ་བའི་ཉེས་དོན་ཁག་ལ་ཁྲིམས་བཤེར་བྱ་རྒྱུ་མགོ་བརྩམས། བདུན་ཕྲག་སྔོན་མ་ནས་མི་ཚང་མས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་སྒོ་རྒྱག་དགོས་ཐུག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཧོང་ཀོང་གི་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་ཕྱི་རྒྱལ་བ་ཚོར་ངན་འབྲེལ་བྱས་ནས་ཧོང་ཀོང་དང་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཁ་འཕྲད་དུ་བཅུག་པའི་རྩོམ་ཡིག་༣༠་ཐམ་པ་སྤེལ་སོང་ཞེས་ནག་ཉེས་བཙུགས། ཧོང་ཀོང་གི་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་དམ་དྲག་བྱེད་ཀྱི་ཡོད་པ་ནི་མངའ་ཁུལ་དེའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གསར་འགོད་པའི་སྟེང་དུ་ལག་ལེན་བསྟར་པ་ཐེངས་དང་པོ་ཡིན་ཞིང་། ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་ལས་བྱེད་པའི་བདེ་འཇགས་དོན་དུ་ཚགས་པར་ལས་ཁུངས་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་བཀྲལ།།

ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ལྷག་པའི་ཉིན་ཧོང་ཀོང་གཞུང་གིས་ལོ་ན་༥༥་ལ་སོན་པའི་སྐྱེས་པ་ཞིག་གིས་ཕྱི་རྒྱལ་ལ་ངན་འབྲེལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་འཕྲད་དུ་བཅུག་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག སྐྱེས་པ་དེའི་སྨྱུག་མིང་ལ་ལི་ཕིང་ཟེར་བ་དང་ཁོང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་ལ་ཆེད་བརྗོད་བྲིས། ཉེ་བའི་ལོ་ཤས་རིང་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་ཧོང་ཀོང་གི་གཞི་རྩའི་ཐོབ་ཐང་རྣམས་སྲུང་སྐྱོབ་དང་རང་དབང་གི་རྩ་དོན་ལ་འཐབ་རྩོད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་ཐོབ་ཐང་རྣམས་མེད་པར་གཏོང་གི་ཡོད་པར་སྐྱོན་བརྗོད། པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་རྩིས་ལེན་སྐབས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ཁས་ལེན་བྱས་ནས་ཆིངས་ཡིག་ལ་མིང་རྟགས་བཀོད་པ་བརྩི་མེད་གཏོང་གི་འདུག ད་ལྟ་ཧོང་ཀོང་ནི་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ཁག་དང་གཅིག་མཚུངས་སུ་འགྱུར་གྱི་འདུག་ཅེས་ངོ་རྒོལ་བྱས་པར་མ་ཟད། ༢༠༡༩་ལོར་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་ཧོང་ཀོང་གཞུང་གིས་ཆོག་མཆན་མ་བཀོད་པའི་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས། དེར་བརྟེན་ཧོང་ཀོང་གཞུང་གིས་ཇཱི་མཱི་ལེ་ལ་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་བཅུག ད་དུང་ཧོང་ཀོང་གཞུང་གིས་ཇཱི་མཱི་ལེས་ཕྱི་རྒྱལ་བ་ཚོར་ངན་འབྲེལ་བྱས་པ་དང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་འགལ་འཛོལ་བྱས་སོང་ཞེས་ནག་ཉེས་བཙུགས་ནས་བཙོན་འཇུག་གི་ཉེས་ཆད་འཕར་མ་གཅོད་རྒྱུའི་རྟགས་མཚན་ཐོན། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་དང་རྩོམ་སྒྲིག་པ། སྤྱི་ཁྱབ་འགན་འཛིན་སོགས་འཛིན་བཟུང་བྱས་པ་གཅིག་པུས་ཚགས་པར་ལས་ཁུངས་སྒོ་རྒྱག་གི་ཡོད་པ་ཞིག་མིན་མོད། འོན་ཀྱང་ཧོང་ཀོང་གཞུང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་རྒྱུ་དངོས་རྣམས་འགོག་ཉར་བྱས་ཏེ་ལས་བྱེད་པ་ཚོར་གླ་ཕོགས་སྤྲོད་མ་ཐུབ་པར་ཚགས་པར་ལས་ཁུངས་སྒོ་རྒྱག་དགོས་ཐུག་ཡོད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་གཞུང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་ལས་རིགས་ལ་དམ་དྲག་བྱེད་ཀྱི་ཡོད་པར་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། དབྱིན་ཇི་སོགས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་དང་ཧོང་ཀོང་གི་འགོ་ཁྲིད་ཚོས་གསར་འགྱུར་ལས་ཁུངས་ཁག་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་འཇོག་བྱ་དགོས། ཁོ་ཚོས་གསར་འགོད་རང་དབང་གི་གོ་ཁྲབ་གྱོན་ནས་ཁྲིམས་འགལ་གྱི་ལས་འགུལ་སྤེལ་མི་ཆོག་ཅེས་ལན་བཏབ། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དེར་གྱེན་ལོག་དང་ཁ་བྲལ། འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་སྤེལ་བ་དང་ཕྱི་རྒྱལ་ལ་ངན་འབྲེལ་བྱེད་མི་ཆོག་ཅེས་དོན་ཚན་ཁག་ཅིག་བཀོད། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་བརྩི་མེད་བཏང་ན་ཁྲིམས་འགལ་ཡིན་ཞེས་བསྒྲགས། ཕྱི་ཟླ་༦་པའི་ཚེས་༢༢་ཉིན་ཐང་དབྱིན་ཇཱེ་ཞེས་པའི་ཧོང་ཀོང་བ་ཞིག་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལྟར་ཁྲིམས་བཤེར་ཐེངས་དང་པོ་བྱས་ཤིང་། ཏུང་དབྱིང་ཀིས་༢༠༡༩་ལོར་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས། ང་ཚོའི་དུས་ཀྱི་གསར་བརྗེ་ཞེས་འཁོད་པའི་དར་ཆ་བསྒྲེངས་ནས་ངོ་རྒོལ་ལས་འགུལ་ལ་ཞུགས། ཁོང་ལ་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་སྤེལ་བའི་ནག་ཉེས་བཙུགས་ཀྱང་ངོས་ལེན་མ་ཞུས། ཏུང་དབྱིང་ཀིའི་ཁྲིམས་བཤེར་སྐབས་སུ་བཤེར་དཔང་མི་དགོས་པར་ཁྲིམས་ཞིབ་པ་ཚོས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲུ་དོན་ཇི་བཞིན་ཁྲིམས་ཐག་གཅོད་དགོས་པའི་ཐག་བཅད། ད་སྔ་ཧོང་ཀོང་གཞུང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་གསར་འཛུགས་པ་ཇཱི་མཱི་ལེ་ཚུད་པའི་མི་༡༠༠་ལྷག་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་སོང་ཞེས་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་འདུག

ཕྱི་ཟླ་༦ ཚེས་༢༣ ཉིན་ཐང་དབྱིན་ཇཱེ་ཁྲིམས་ཁང་དུ་བསྐྱལ་ཡོང་བ།
ཕྱི་ཟླ་༦ ཚེས་༢༣ ཉིན་ཐང་དབྱིན་ཇཱེ་ཁྲིམས་ཁང་དུ་བསྐྱལ་ཡོང་བ།

ཐང་དབྱིན་ཇཱེས་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས། ང་ཚོའི་དུས་ཀྱི་གསར་བརྗེ་ཞེས་སྐད་འབོད་བྱས་པ་ནི་༢༠༡༩་ལོར་གསར་དུ་བསྒྲགས་པའི་འབོད་ཚིག་མིན་ཞིང་། ༡༩༩༧་ལོར་རྒྱ་ནག་གིས་དབྱིན་ཇིའི་ལག་ནས་ཧོང་ཀོང་གི་བདག་དབང་རྩིས་བླངས། ཧོང་ཀོང་ལ་ལོ་༥༠་རིང་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་པ་རྣམས་བརྩི་མེད་གཏོང་མགོ་བརྩམས་ནས་བཟུང་། ཧོང་ཀོང་བ་ཚོས་རྟག་ཏུ་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས། ང་ཚོའི་དུས་ཀྱི་གསར་བརྗེ་ཞེས་སྐད་འབོད་བྱས་ནས་ངོ་རྒོལ་བྱས་ཀྱང་སྔ་ལོའི་ཕྱི་ཟླ་༧་པར་རྒྱ་ནག་གཞུང་གིས་ཧོང་ཀོང་རང་བཙན་ཞེས་པའི་མིང་ཚིག་དེ་ཁྲིམས་འགལ་ཡིན། ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཧོང་ཀོང་རང་བཙན་སོགས་ཀྱི་སྐད་འབོད་བྱེད་མི་ཆོག དེ་ནི་རྒྱལ་ཁབ་ཀྱི་སྲིད་དབང་ལ་གྱེན་ལོག་བྱས་པ་ཞིག་རེད་ཅེས་ཐ་ཚིག་བསྒྲགས། ཟླ་བ་སྔོན་མར་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ཏུང་དབྱིང་ཀི་ལ་ཁྲིམས་བཤེར་དུས་སུ་བཤེར་དཔང་མི་དགོས་ཞེས་མངའ་ཁུལ་དེར་བཤེར་དཔང་གིས་ནག་ཉེས་ཡོད་མེད་ཐག་གཅོད་བྱེད་པའི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པ་བསྒྱུར། དེའི་ཚབ་ཏུ་ཁྲིམས་ཞིབ་པ་གསུམ་གྱིས་བཤེར་དཔང་ལྟར་ནག་ཉེས་འཛུགས་ཡུལ་དེར་ནག་ཉེས་ཡོད་མེད་ཁྲིམས་ཐག་གཅོད་དགོས་པའི་ལམ་ལུགས་ཤིག་གསར་དུ་གཏད། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པ་མེད་པར་བཏང་སྟེ་ཁྲིམས་ཞིབ་པ་རྣམས་རྒྱ་ནག་གཞུང་གི་བཀོད་འདོམས་འོག་ཏུ་ཚུད། ཐང་དབྱིན་ཇཱེར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་འགལ་འཛོལ་བྱུང་བའི་ནག་ཉེས་འཐོན་ཚེ། ཁོ་པར་ཉེས་ཆད་ཆེས་ལྕི་ཤོས་ནི་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་སྲིད་པའི་ཉེན་ཁ་ཡོད་པ་རེད།།

XS
SM
MD
LG