ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

རྒྱ་ནག་དམར་ཤོག་ཚོགས་པའི་དུས་ཆེན་ཉིན་ཧོང་ཀོང་ལ་དམ་དྲག 


༄༅།། ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོ་ཚུགས། ཧོང་ཀོང་ས་གནས་གཞུང་གིས་ཉེན་རྟོག་པ་༡༠༠༠༠་ལྷག་བཀྲམ་ནས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་ངོ་རྒོལ་ལས་འགུལ་བ་ཚོར་ལམ་བཀག་ནས་སྔོག་བཤེར། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཚོགས་པའི་དུས་སུ་ཧོང་ཀོང་ས་གནས་སུ་ངོ་རྒོལ་བྱེད་མི་ཆོག་ཅེས་བཀག དེ་རིང་ཕྱི་ཟླ་༧་པའི་ཚེས་༢་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་ཧོང་ཀོང་ལ་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་དམངས་གཙོའི་ཐོབ་ཐང་ཡོད་པ་རྣམས་རྒྱ་ནག་དམར་ཤོག་གཞུང་གིས་ཡོངས་སུ་འཕྲོག་སྟེ་ངོ་རྒོལ་གྱི་ལས་འགུལ་རྣམས་མགོ་འབུར་མི་ཐུབ་པར་གྱུར་འདུག ཁ་སང་གཟའ་ཕུར་བུ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་རྩིས་བླངས་ནས་ལོ་༢༤་འཁོར་བའི་དུས་དྲན་རེད། དེར་བརྟེན་ཧོང་ཀོང་གི་འགོ་ཁྲིད་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་ཧོང་ཀོང་རྩིས་བླངས་ནས་ལོ་༢༤་འཁོར་བའི་དུས་ཆེན་གཉིས་འཛོམས་ཀྱི་དགའ་སྟོན་གཟབ་རྒྱས་ཚོགས། ཧོང་ཀོང་གི་དམངས་གཙོའི་ཤོག་ཁག་གིས་ངོ་རྒོལ་ལས་འགུལ་སྤེལ་སྲིད་པར་དོགས་ཟོན་བྱས་ནས་དམ་དྲག་ཧ་ཅང་ཆེན་པོ་བྱས་སོང་ཞེས་གནས་ཚུལ་སྤེལ། ༢༠༠༣་ནས་ལོ་ལྟར་ཕྱི་ཟླ་༧་པའི་ཚེས་༡་ཉིན་ཧོང་ཀོང་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྲོལ་ཡོད་ཀྱང་༢༠༡༩་ལོར་ཧོང་ཀོང་བ་ཚོས་ཟླ་བ་མང་པོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བརྩམས། སྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ་པའི་རྗེས་སུ་ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱེད་མི་ཆོག་པ་དང་ངོ་རྒོལ་ལས་འགུལ་རྣམས་ཁྲིམས་འགལ་དུ་བསྒྱུར།།

ཧོང་ཀོང་ས་གནས་ཀྱི་གསར་འགོད་པ་ཚོས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༧་པའི་ཚེས་༡་ཉིན་མངའ་ཁུལ་དེའི་ཉེན་རྟོག་པའི་གསུམ་ཆའི་གཅིག་སྲང་ལམ་ཁག་ཏུ་བཀྲམ་སྟེ་མི་ཚོགས་འདུ་འཛོམ་བཀག སྐྱེ་བོ་སུ་ཞིག་གིས་འཛོམ་བྱེད་མི་ཆོག་པའི་ཁྲིམས་ལ་འགལ་འཛོལ་བྱུང་ན་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་འཇིགས་སྣང་བསྐུལ། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་པེ་ཅིང་གི་མཛད་སྒོར་ཞུགས་པ་དང་སྤྱི་ཁྱབ་འགན་འཛིན་གཞོན་པ་ཇཱོན་ལི་ཧོང་ཀོང་ས་གནས་སུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོར་ཞུགས། ཧོང་ཀོང་གི་སྲང་ལམ་ཁག་ཏུ་ཉེན་རྟོག་པའི་སྐོར་གཡེང་བྱས་པ་དང་མི་ཚོགས་ཁ་གཏོར་གྱི་ཆུ་མདའི་རླངས་འཁོར། ཉེན་རྟོག་པའི་རླངས་འཁོར་དང་མཚོན་ལྡན་རླངས་འཁོར་རྣམས་བཀྲམ། ཇཱོན་ལིས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་ནས་མངའ་ཁུལ་དེར་ཞི་བདེ་བརྟན་ལྷིང་བསྐྲུན་སོང་ཞེས་བསྔགས་བརྗོད་བྱས་པར་མ་ཟད། ཁོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ཡོད་པའི་ཞོར་དུ་ཧོང་ཀོང་མི་དམངས་ཀྱིས་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམ་རང་དབང་། ཧོང་ཀོང་གི་ཁྲིམས་ལ་མཐུན་པའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་རང་དབང་གི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་ཀྱི་ཡོད་ཅེས་བཤད། ཇཱོན་ལིས་ཧོང་ཀོང་གི་གྲོང་ཁྱེར་ཧྲིལ་པོར་དྲག་ཆས་ཉེན་རྟོག་པས་ཁེངས་ཏེ་དམག་ས་ལྟ་བུ་ཞིག་ཏུ་གྱུར། ཉེ་ཆར་ཧོང་ཀོང་གཞུང་གིས་དམངས་གཙོའི་ཤོག་ཁག་གི་ཀུ་ཤུ་ཉིན་རེའི་ཚོགས་པར་སྒོ་བརྒྱབ། ཚགས་པར་དེའི་བདག་པོ་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་ནག་ཉེས་ཐོག་ཏུ་བཙོན་ལ་བཅུག ཀུ་ཤུ་ཉིན་རེའི་ཚགས་པར་གྱི་རྒྱུ་དངོས་ཨ་སྒོར་ས་ཡ་༢་ལྷག་འགོག་ཉར། ཚགས་པར་ལས་ཁུངས་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྔ་དང་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་བཅས་པ་འཛིན་བཟུང་བྱས་པ་རྣམས་གཏན་ནས་གླེང་སློང་མ་བྱུང་།།

ཕྱི་ཟླ་༧ ཚེས་༡ ཉིན་ཧོང་ཀོང་གི་སྤྱི་ཚོགས་དམངས་གཙོ་མཐུན་ཚོགས་ཞེས་པའི་ཚོགས་མི་བཞིས་ངོ་རྒོལ་ལས་འགུལ་ཞིག་སྤེལ།
ཕྱི་ཟླ་༧ ཚེས་༡ ཉིན་ཧོང་ཀོང་གི་སྤྱི་ཚོགས་དམངས་གཙོ་མཐུན་ཚོགས་ཞེས་པའི་ཚོགས་མི་བཞིས་ངོ་རྒོལ་ལས་འགུལ་ཞིག་སྤེལ།

སྐབས་ཧོང་ཀོང་ས་གནས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་མེད་ཀྱང་མི་བཞི་ལས་མང་བ་མཉམ་དུ་འདུ་འཛོམ་བྱེད་ཆོག་ཅེས་བཀའ་ཕབ། ཕྱི་ཟླ་༦་པའི་ཚེས་༣༠་ཉིན་ཧོང་ཀོང་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཆའོ་ཧང་ཏུང་འཛིན་བཟུང་བྱས་ནས་སྐྱེ་བོ་གཞན་ལ་ཁྲིམས་འགལ་ངོ་རྒོལ་བྱེད་དགོས་པའི་ངན་སྐུལ་བྱས་སོང་ཞེས་ནག་ཉེས་བཙུགས། ཁ་སང་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ས་ཐོག་ཏུ་ངོ་རྒོལ་ལས་འགུལ་གཅིག་བྱུང་བ་ནི་སྤྱི་ཚོགས་དམངས་གཙོ་མཐུན་ཚོགས་ཞེས་པའི་ཚོགས་མི་བཞིས་ངོ་རྒོལ་ལས་འགུལ་ཞིག་སྤེལ་བ་ཁོ་ན་ཡིན་ཞིང་། ད་ལྟ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཕལ་མོ་ཆེ་ཕྱི་རྒྱལ་ལ་བཙན་བྱོལ་དུ་བྲོས་པ་དང་བཙོན་ཁང་དུ་ཚུད། སྤྱི་ཚོགས་དམངས་གཙོ་མཐུན་ཚོགས་ཀྱི་ཚོགས་མི་བཞིས་ཧོང་ཀོང་གཞུང་གིས་བཙོན་འཇུག་བྱེད་ཡོད་པའི་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་འཕྲེད་དར་འཕྱར། མི་བཞིའི་ཞི་བའི་ངོ་རྒོལ་དེར་ཧོང་ཀོང་གི་ཉེན་རྟོག་པ་༢༠༠་ཡས་མས་ཤིག་གིས་བཀག་སྡོམ་བྱས་པ་དང་མཐའ་བསྐོར། ཁོ་ཚོ་ཧོང་ཀོང་གི་མཛད་སྒོ་ཚོགས་ཡུལ་འགྲེམ་སྟོན་ཁང་གི་འཁྲིས་ལ་བཅར་དུ་མ་བཅུག ར་ཧྥིལ་ཝང་ཞེས་པའི་ལས་འགུལ་བ་ཞིག་གིས་གསར་འགོད་པར་ང་ཚོ་ནི་དགྲ་བོའི་དཔུང་ཚོགས་ཆེན་པོ་ཞིག་ཡིན་པ་ལྟར་ཉེན་རྟོག་པས་ཁ་གཏད་གཅོག་གི་འདུག་ཅེས་བཤད། ཧོང་ཀོང་གི་ཉེན་རྟོག་པ་ཚོས་ངོ་རྒོལ་ལས་འགུལ་ལ་ཞུགས་ཀྱི་མེད་པའི་ལམ་འགྲོ་བ་ཚོ་ལའང་སྔོག་བཤེར་དང་འདྲི་རྩད། ཁ་སང་གཟའ་ཕུར་བུའི་ཉིན་ཧོང་ཀོང་གཞུང་གིས་ཉུང་མཐར་ཡང་མི་༢༠་ཡས་མས་ཤིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༥༠་ཡས་མས་སུ་སོན་པའི་ཧོང་ཀོང་བ་སྐྱེས་པ་ཞིག་གིས་ཉེན་རྟོག་པར་གྲི་བཙུགས་པ་དང་དེ་ནས་རང་གིས་རང་ལ་གྲི་བཙུགས་ནས་ཤི། ཧོང་ཀོང་གི་ཉེན་རྟོག་པ་དེ་སྨན་ཁང་དུ་ཁྱེར་ནས་སྐྱོབ་ཐུབ་ཡོད་ཀྱང་སྨན་ཁང་དང་ཉེན་རྟོག་པ་གཉིས་ཀས་གྲི་འཛུགས་རྒོལ་རྡུང་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་གནས་ཚུལ་ཞིབ་ཕྲ་ཞིག་མ་བསྒྲགས།།

ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་ཁག་ཅིག་གིས་ཁ་བྲལ་གྱི་ཡིག་ཆ་བཀྲམ་སོང་ཞེས་སྐྱེ་བོ་དེ་དག་འཛིན་བཟུང་བྱས་ཤིང་། ཝྭིཀ་ཊོ་རི་ཡ་སྤྱི་གླིང་དང་ཧོང་ཀོང་གླིང་ཕྲན་གཉིས་སུ་ལོ་ལྟར་ཁྲིམས་ལྡན་སྤྱི་ཚོགས་ཀྱི་ཕྱོགས་གཏོགས་པ་དང་དམངས་གཙོའི་ཕྱོགས་གཏོགས་པ་ཚོས་ངོ་རྒོལ་ཁྲོམ་སྐོར་བྱེད་སྲོལ་ཡོད་མོད། འོན་ཀྱང་ད་ལོ་ཧོང་ཀོང་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་ལན་ཁག་དཀྲིས་ནས་མི་ཚོགས་འདུ་འཛོམ་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མི་ཆོག་ཅེས་སྤྱི་གླིང་རྣམས་སྒོ་བརྒྱབ། ན་ནིང་ཕྱི་ཟླ་༦་པའི་ཚེས་༣༠་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་པའི་རྗེས་སུ་མངའ་ཁུལ་དེ་སྲིད་དབང་སྒེར་གཅོད་ཀྱི་ས་གནས་ཤིག་ཏུ་གྱུར། ད་ལྟའི་བར་དུ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ཧོང་ཀོང་གཞུང་གིས་དམངས་གཙོ་ཚོགས་པའི་སྲིད་དོན་པ་དང་ལས་འགུལ་བ། གསར་འགོད་པ་བཅས་མི་༡༡༧་འཛིན་བཟུང་བྱས་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཆའོ་ཧང་ཏུང་གིས་ཕྱི་ཟླ་༧་པའི་ཚེས་༡་ཉིན་ངས་ཀྱང་ཧོང་ཀོང་བ་འབུམ་ཕྲག་མང་པོ་ཇི་བཞིན་རང་གི་ལྟ་བ་ཕྱི་ལ་སྒྲོགས་རྒྱུ་ཡིན། ཁོ་ཚོས་ར་བསད་ནས་ལུག་འདར་དུ་འཇུག་དགོས་བསམས་ཡོད་པ་འདྲ། ངས་ཧོང་ཀོང་བ་རྣམས་དེ་ལ་སྐྲག་གི་མ་རེད་ཅེས་བཤད་ཕོད། ང་ཚོས་རང་གི་འཐབ་རྩོད་དེ་མཚམས་འཇོག་རྒྱུ་མིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། སྤྱི་ཚོགས་དམངས་གཙོ་མཐུན་ཚོགས་ཀྱི་ཚོགས་མི་ཞིག་གིས་ཀྱང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱིས་ཧོང་ཀོང་མི་དམངས་ལ་འཇིགས་སྐུལ་ཐེབས་སོང་། དུས་རྒྱུན་མི་མང་འབུམ་ཕྲག་མང་པོ་ངོ་རྒོལ་ལས་འགུལ་ལ་ཞུགས་ཕོད། ད་ལྟ་ཧོང་ཀོང་མི་དམངས་རྣམས་ངོ་རྒོལ་ལས་འགུལ་ལ་ཞུགས་ཕོད་ཀྱི་འདུག་མི་ཅེས་བཤད།།

ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་བཀོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་རྣམས་ཕྱིར་བསྡུ་བྱས་པ་ནི་གསར་དུ་བྱུང་བའི་གནས་ཚུལ་ཞིག་མ་རེད། ༢༠༡༤་ལོ་ནས་ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་ཆབ་སྲིད་གྱེན་ལོག་འབྱུང་གི་ཡོད་པ་མགོ་བོ་གནོན་རྒྱུའི་བརྡ་ཞིག་བཏང་རུང་ཧོང་ཀོང་ནི་བོད་དང་ཞིན་ཅང་། སོག་ཡུལ་ལྟར་དྲག་གནོན་བྱ་རྒྱུ་སྟབས་བདེ་པོ་ཞིག་མིན། ཞིས་ཅིན་ཕིང་གིས་ཧོང་ཀོང་གི་ཁྲིམས་ལ་འགྱུར་བཅོས་ཆ་ཚང་ཞིག་གཏོང་དགོས་ཞེས་བཤད་པ་རྣམས་༢༠༢༠་ལོར་དངོས་སུ་ལག་ལེན་བསྟར་སོང་། རྒྱ་ནག་དམར་ཤོག་གཞུང་གིས་ལོ་མང་སྔོན་ནས་འཆར་འགོད་ཀྱིས་ཧོང་ཀོང་གི་ལས་འགུལ་བ་རྣམས་འཛིན་བཟུང་། ཁོ་ཚོའི་རྒྱུ་དངོས་དང་དངུལ་སྒོར་རྣམས་འགོག་ཉར། སྲིད་དོན་གྱི་ལྟ་བ་མི་མཐུན་པའི་ཧོང་ཀོང་ས་གནས་གཞུང་གི་ལས་བྱེད་པ་རྣམས་གནས་དབྱུང་། གསར་འགོད་པ་དང་རྩོམ་སྒྲིག་པ་རྣམས་བཀག་ཉར། ཧོང་ཀོང་གི་སློབ་དེབ་བསྐྱར་འབྲི་བྱས་ནས་མཐའ་མཇུག་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེ་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ཁག་དང་གཅིག་མཚུངས་སུ་བསྒྱུར་སོང་། ཕྱི་རྒྱལ་བ་དང་རྒྱ་ནག་གི་ཕྱོགས་གཏོགས་པ་ཧོང་ཀོང་བ་ཚོས་ཞིས་ཅིན་ཕིང་གིས་ཧོང་ཀོང་གི་དཔལ་འབྱོར་དང་ཚོང་ལས་ཀྱི་གནས་བབ་ལ་བསམ་བློ་བཏང་ནས་མཐའ་གཅིག་ཏུ་དམ་དྲག་བྱེད་མི་ཕོད་ཅེས་ཚོད་དཔག་བྱས་འདུག སྔ་ལོ་བར་དུ་རྒྱ་ནག་གཞུང་གིས་སྔོན་འགྲོའི་ལས་དོན་ཁག་བསྒྲུབས་པ་དང་དེ་ནས་གློ་བུར་དུ་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ་ནས་ལག་ལེན་བསྟར་པ་སུ་གཅིག་གིས་ཀྱང་སྔོན་དཔག་བྱས་ཐུབ་མི་འདུག ཞིས་ཅིན་ཕིང་ལ་ཐོག་མ་ནས་ཧོང་ཀོང་ས་ཁུལ་དེར་དམིགས་བསལ་གྱི་རང་དབང་གི་ཐོབ་ཐང་ཞིག་སྤྲོད་འདོད་མེད་པའི་རྣམ་འགྱུར་ལན་མང་བསྟན་སོང་ཞེས་རྩོམ་ཡིག་རིང་པོ་ཞིག་བཀོད་འདུག

XS
SM
MD
LG