ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

ཧོང་ཀོང་དུ་རང་དབང་ཅན་གྱི་དེབ་ཚོང་ཁང་ལ་དཀའ་ངལ་འཕྲད་བཞིན་པ།


རང་དབང་ཅན་གྱི་དེབ་ཚོང་ཁང་རི་མཐོང་དེབ་ཚོང་ཁང་གི་སྒོ་འགྲམ་དུ་དེབ་ཀློག་བཞིན་པ།
རང་དབང་ཅན་གྱི་དེབ་ཚོང་ཁང་རི་མཐོང་དེབ་ཚོང་ཁང་གི་སྒོ་འགྲམ་དུ་དེབ་ཀློག་བཞིན་པ།

༄༅། །རླུང་བསིལ་ལ་ཁམས་དྭངས་པའི་དཔྱིད་དུས་ཀྱི་མཚན་མོ་ཞིག་ལ། ཧ་ལམ་མི་མདའ་༥༠ ཡས་མས་ཤིག་འཇམ་ཐིང་ཐིང་གི་ཁྲོམ་གཞུང་ཆུང་ཆུང་ཞིག་ཏུ་འཁོད་པའི་དེབ་ཚོང་ཁང་ཞིག་གི་སྒོ་འགྲམ་དུ་འཛོམས་ཏེ། རྩོམ་པ་པོ་གཉིས་ཀྱི་དཔེ་དེབ་གསར་པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚུགས་བཞིན་ཡོད་ཅིང་། དཔེ་དེབ་དེ་གཉིས་ཀྱི་ནང་དོན་ནི་ཡུལ་སྐོར་སྤྲོ་འཆམ་ཙམ་ལས་ཆོས་སྲིད་རིག་གནས་སོགས་བརྗོད་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པ་གང་ཡང་མེད་ཀྱང་། ཁོ་ཚོའི་སེམས་སུ་ཅི་ཡིན་མི་ཤེས་པའི་ལྗིད་ཏིང་ཏིང་གི་སེམས་ཁྲལ་འཐོལ་པ་ཞིག་གིས་ཡོངས་སུ་བསྣན་འདུག།

འདུ་འཛོམས་དེ་ནི་ཧོང་ཀོང་གི་རི་མཐོང་དེབ་ཚོང་ཁང་ Mount Zero གིས་གཉེར་བའི་བྱེད་སྒོ་མཐའ་མ་དེ་ཡིན་ཞིང་། ཉེ་ལམ་དེབ་ཚོང་ཁང་དེས་སྤྱི་ཟླ་༣ པའི་ཟླ་མཇུག་ཏུ་དེབ་ཁང་སྒོ་རྒྱག་རྒྱུའི་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང་། དེའི་སྔོན་ཙམ་ལ་དེབ་ཚོང་ཁང་དེར་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་ལམ་ཆུང་ཙག་རིགས་ལ་འགལ་ལུགས་ཀྱི་ཉེན་བརྡ་རིམ་པར་འབྱོར་ཁོངས་ལས། ཁྲོམ་གཞུང་གི་སྲང་ལམ་བེད་སྤྱོད་ཀྱིས་དཔེ་ཀློག་གི་བགྲོ་གླེང་ཚུགས་པ་དང་དེབ་ཚོང་ཁང་མདུན་གྱི་སྤྱི་པའི་ས་ཆ་སྤྱད་དེ་དཔེ་ཁྲོམ་བསྟན་པ་སོགས་ཀྱི་ཉེས་འཛུགས་བྱས་ཡོད་པ་རེད།

ང་རང་བློ་ཕམ་ཆེན་པོ་བྱུང་། ཧོང་ཀོང་གི་རང་དབང་ཅན་གྱི་དེབ་ཚོང་ཁང་ཇེ་ཉུང་ནས་ཇེ་ཉུང་རེད། ཕལ་ཆེར་རྩ་མེད་ལ་འགྲོ་གི་འདུག། གནས་ཐུབ་པ་དཀའ་ལས་ཁག་པོ་རེད། ཅེས་སྒྱུ་རྩལ་གྱི་ལས་རིགས་གཉེར་མཁན་དང་དེབ་ཚོང་ཁང་དེའི་རྒྱུན་ཕེབས་སྐུ་མགྲོན་རའེ་མོན་ཌི་ཐོ་ལགས་ Raymond To ཀྱིས་དེ་ལྟར་གསུངས་འདུག།

སྡོམ་རྩིས་ཤིག་ལས་གསལ་བ་ལྟར་ན། སྤྱི་ལོ་༢༠༢༠ ཐམ་པ་ལོ་ནས་བཟུང་། ད་ཕན་ཧོང་ཀོང་དུ་དེབ་ཚོང་ཁང་༤༠ ལྷག་གཏན་དུ་སྒོ་བརྒྱབ་དགོས་བྱུང་འདུག། སྤྱི་ལོ་༢༠༡༩ ལོར་གཞི་རྒྱ་ཆེ་བའི་དམངས་གཙོའི་ལས་འགུལ་བྱུང་རྗེས། རྒྱ་ནག་གཞུང་གིས་༢༠༢༠ ལོར་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཞེས་པ་ཞིག་ལག་བསྟར་བཏང་ཡོད་པ་རེད།

སྤྱིར་དེབ་ཚོང་ཁང་མང་པོ་ཞིག་ཏོག་དབྱིབས་ནད་ཡམས་ཀྱི་སྐབས་སུ་ཚོང་འགྲོ་རྒྱུག་ཡག་པོ་མེད་པའི་རྐྱེན་གྱིས་སྒོ་བརྒྱབ་དགོས་བྱུང་ཞིང་། དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་དང་མི་དམངས་ཀྱི་དཔེ་ཀློག་གི་འདོད་མོས་ཉམས་ཆག་ཏུ་ཕྱིན་པའི་རྐྱེན་ཞིག་ཡོད་ཀྱང་། མ་མཐའ་ཡང་དེབ་ཚོང་ཁང་གཉིས་ལ་ཚོང་གཉེར་སྦྱིན་བདག་རང་གི་ངོས་ནས་སྲིད་དོན་གྱི་གནོན་ཤུགས་དང་རང་དབང་གི་ཁོར་ཡུག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་གྱིས་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།

དེབ་ཚོང་སྦྱིན་བདག་གིས་བརྗོད་དོན་དུ། སྲིད་དོན་གྱི་ཚོར་སྣང་སྐྱེན་པའི་དེབ་རིགས་དང་། སྔར་གྱི་སྲིད་དོན་མི་སྣ་ཟུར་པ་དང་། གསར་འགོད་པ། རྔམ་སྟོན་ཁྲོམ་སྐོར་ལ་རྒྱབ་སྐྱོར་གནང་མཁན་གྱི་མིས་གཉེར་བའི་དེབ་ཚོང་ཁང་ཁག་ལ་གཞུང་གི་རྟོག་ཞིབ་མི་སྣས་རྟག་པར་ཞིབ་བཤེར་དུ་འབྱོར་བཞིན་པ་རེད། དེབ་ཚོང་གཉེར་པོ་དེའི་རིགས་ཀྱི་གཞི་རྩའི་བདེ་རྩར་སྣང་མེད་བསྐྱུར་འཇོག་ཙམ་ལས་བརྒལ་ཏེ་ད་ཆ་རྡོག་བརྫིས་རང་གཏོང་གིན་ཡོད་བཟོ་འདུག།

ཧོང་ཀོང་གི་དཔེ་དེབ་ཚོང་ཁང་ཁག་ལ་དུས་ནས་དུས་སུ་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་བྱ་རུ་ཡོང་བཞིན་པ་དང་། ཉིན་རྟག་པར་འཆར་ཅན་གཏན་འཇགས་མ་ཡིན་པར། དུས་ནས་དུས་སུ་དུས་ཚོད་ངེས་མེད་ལ་ཡོང་གི་རེད། ང་ཚོར་ཟླ་བ་རེ་རེར་ཞིབ་བཤེར་བྱེད་ཀྱི་འདུག། དེ་ནི་སྲིད་དོན་གྱི་གནོན་ཤུགས་རེད། ཅེས་༢༠༢༣ ལོར་སྒོ་བརྒྱབ་པའི་རི་ལམ་རིག་གནས་ Hillway Culture བཟོ་ཚོང་ཁང་གི་སྦྱིན་བདག་རའེ་མོན་ཌི་ཡེང་ཙི་ཁྲུན་ལགས་ཀྱིས་དེ་སྐད་གསུངས་འདུག།

ཧོང་ཀོང་གཞུང་དང་གཞུང་ལ་རྒྱབ་སྐྱོར་ཡོད་པོ་རྣམས་ཀྱིས་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པ་དེས་ཧོང་ཀོང་གི་སྒྲིག་སྲོལ་སྔར་རྒྱུན་སླར་གསོ་ཐུབ་ཡོད་པ་འདོད་ཀྱི་ཡོད་མོད། འོན་ཀྱང་། དེ་མིན་མི་མང་བྱིངས་རྣམས་ཀྱིས་ཁྲིམས་ལུགས་དེས་སྤྱི་དམངས་ཀྱི་རང་དབང་ལ་ཚོད་འཛིན་ཐེབས་ཡོད་པ་དང་། དེའི་ནང་ནས་སྤྱི་པའི་དཔེ་མཛོད་ཁང་ཐེ་བའི་སྲིད་དོན་གྱི་འབྲེལ་ཐོགས་ཡོད་པའི་དཔེ་དེབ་ཁག་ལ་གཙང་ཕྱག་བྱས་ཡོད་པ་བརྗོད་ཀྱི་ཡོད་པ་རེད།

རང་དབང་ཅན་གྱི་དེབ་ཁང་ནི། གཞུང་འབྲེལ་དཔེ་མཛོད་ནས་མི་རྙེད་པའི་དཔེ་དེབ་རྙེད་ཐུབ་སའི་གནས་གལ་འགངས་ཆེ་ཤོས་ཉུང་གྲས་ཤིག་ཡིན་པ་དང་། དམངས་གཙོ་དོན་གཉེར་བའི་དཔེ་དེབ་རྣམས་ཀྱང་དེ་ལས་རྙེད་ཐུབ་ཀྱི་ཡོད་ཅིང་། ད་ཆ་དེབ་ཚོང་ཁང་མང་པོ་ཞིག་ས་གནས་མི་མང་ཚོའི་འདུ་འཛོམས་བྱེད་གནས་སུ་བསྒྱུར་ཟིན་ཡང་། དེར་མཉམ་ཞུགས་གནང་མཁན་ཚོས་ད་ལྟའི་ཧོང་ཀོང་ནང་བྱུང་དང་འབྱུང་བཞིན་པའི་འགྱུར་ལྡོག་ལ་རིམ་བཞིན་གོམ་འདྲིས་བསྟན་པའི་ངང་ཚུལ་ཞིག་ཡོད་ཀྱང་། གཞུང་གི་ངོས་ནས་བརྟན་བརླིང་བསྐྱར་གསོ་དང་སྟངས་འཛིན་གྱི་བྱེད་ཐབས་དོ་ནན་དུ་འགྲོ་བཞིན་པའི་སྐབས་འདིར། དེབ་ཚོང་ཁང་དེ་ཚོ་ནི་ཉིན་རེ་བཞིན་ཞི་འཇམ་གྱི་སྒོ་ནས་མི་འདོད་པའི་རྣམ་འགྱུར་འཛིན་མཁན་གྱི་ངོ་རྒོལ་བའི་ཆ་ཤས་ཤིག་ཏུ་ཆགས་མུས་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG