ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གཞུང་གིས་ཆའོ་ཧང་ཏུང་ལ་ཟླ་བ་བཅོ་ལྔའི་ཁྲིམས་ཐག་བཅད། 


༄༅།། ཧོང་ཀོང་གི་ཁྲིམས་རྩོད་པ་དང་དམངས་གཙོའི་ལས་འགུལ་བ། ༡༩༨༩་ལོར་བྱུང་བའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་གྱི་མར་མེའི་ཁྲོམ་སྐོར་དང་འདུ་འཛོམས་བཀོད་སྒྲིག་པ་ཆའོ་ཧང་ཏུང་ལ་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ལོ་༡་དང་ཟླ་བ་༣་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག དེ་རིང་ཕྱི་ཟླ་༡་པོའི་ཚེས་༤་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཆའོ་ཧན་ཏུང་གི་ནག་ཉེས་ནི་༢༠༢༠་དང་༢༠༢༡་ལོར་ཧོང་ཀོང་གཞུང་གི་ཆོག་མཆན་མེད་པར་ཕྱི་ཟླ་༦་པའི་ཚེས་༤་ཉིན་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་གྱི་དུས་དྲན་སྲུང་བརྩི་ཞུས་པར་ཐུག་ཡོད་ཅིང་། ༡༩༩༠་ཐམ་པ་ནས་ཧོང་ཀོང་གི་མནའ་འབྲེལ་མཐུན་ཚོགས་ཀྱིས་ལོ་ལྟར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་རྗེས་དྲན་གྱི་ལས་འགུལ་སྤེལ། འདས་པའི་ལོ་མང་རིང་ཆའོ་ཧན་ཏུང་གིས་ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་ལས་འགན་ཁུར། ༡༩༨༩་ནས་༢༠༡༩་བར་དུ་ལོ་བཅུ་ཕྲག་གསུམ་ལ་ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་ཚོགས་ཐུབ་ཡོད་ཀྱང་༢༠༢༠་ནས་ཧོང་ཀོང་གཞུང་གིས་ཏོག་དབྱིབས་ནད་ཡམས་ལ་ལན་ཁག་དཀྲིས་ནས་དྲུག་བཞིའི་དུས་དྲན་ལ་སྲུང་བརྩི་བྱེད་མི་ཆོག་ཅེས་བཀག འོན་ཀྱང་ཆའོ་ཧང་ཏུང་སོགས་མི་ཁ་ཤས་ཀྱིས་ཧོང་ཀོང་གཞུང་གི་བཀག་སྡོམ་ལ་བརྩི་མེད་བཏང་ནས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་གྱི་མར་མེ་ཁྲོམ་སྐོར་ཚོགས། ན་ནིང་ཕྱི་ཟླ་༦་པའི་ཚེས་༤་ཉིན་གྱི་ཞོགས་པར་ཧོང་ཀོང་གི་ཉེན་རྟོག་པས་ཆའོ་ཧང་ཏུང་རང་ཁྱིམ་དུ་འཛིན་བཟུང་བྱས་ཤིང་། དེ་རིང་གཟའ་མིག་དམར་ཉིན་ཁོ་མོར་ཁྲིམས་འགལ་གྱི་འདུ་འཛོམས་བཀོད་སྒྲིག་བྱས་པའི་ནག་ཉེས་བཙུགས།།

ཧོང་ཀོང་གི་ཁྲིམས་རྩོད་པ་དང་དམངས་གཙོའི་ལས་འགུལ་བ། ༡༩༨༩་ལོར་བྱུང་བའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་གྱི་མར་མེའི་ཁྲོམ་སྐོར་དང་འདུ་འཛོམས་བཀོད་སྒྲིག་པ་ཆའོ་ཧང་ཏུང་(དཀྱིལ)།
ཧོང་ཀོང་གི་ཁྲིམས་རྩོད་པ་དང་དམངས་གཙོའི་ལས་འགུལ་བ། ༡༩༨༩་ལོར་བྱུང་བའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་གྱི་མར་མེའི་ཁྲོམ་སྐོར་དང་འདུ་འཛོམས་བཀོད་སྒྲིག་པ་ཆའོ་ཧང་ཏུང་(དཀྱིལ)།

ཁྲིམས་ཁང་གི་ཡིག་ཆའི་ནང་དུ་འཁོར་པ་ལྟར་ན། ཧོང་ཀོང་མནའ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་མ་བསླེབས་གོང་ནས་སྤྱི་དམངས་འདུ་འཛོམས་ཀྱི་མར་མེ་ཁྲོམ་སྐོར་སྤེལ་རྒྱུ་ཡིན་ཞེས་ཉེན་རྟོག་ལས་ཁུངས་སུ་ཆོག་མཆན་ཞུས། ཁོ་ཚོའི་སྙན་ཞུ་དེར་ཉེན་རྟོག་ལས་ཁུངས་ཀྱིས་ཆོག་མཆན་མ་སྤྲད་ཀྱང་སླར་ཡང་སྙན་ཞུ་ཕུལ། དེ་ནས་སླར་ཡང་ཉེན་རྟོག་ལས་ཁུངས་ཀྱིས་ཧོང་ཀོང་མཉའ་འབྲེལ་མཐུན་ཚོགས་ཀྱི་སྙན་ཞུ་དེར་དགག་བྱ་བྱས་ནས་སྤྱི་དམངས་ཀྱི་བདེ་ཐང་ལ་བསམ་བློ་ཐོངས་ཞེས་རྒྱུ་མཚན་བགྲངས། ཧོང་ཀོང་གི་ཉེན་རྟོག་ལས་ཁུངས་ཀྱིས་ཆོག་མཆན་མ་སྤྲད་ཀྱང་ཆའོ་ཧང་ཏུང་གིས་སྤྱི་ཚོགས་དྲྭ་ལམ་དུ་གྲོང་ཁྱེར་དེའི་མི་དམངས་རྣམས་དྲུག་བཞིའི་དུས་དྲན་སྲུང་བརྩིའི་མར་མེའི་མཆོད་འབུལ་གྱི་ལས་འགུལ་ལ་ཞུགས་དགོས་ཞེས་སྐུལ་སློང་གི་འཕྲིན་ཐུང་སྤེལ། ཧོང་ཀོང་གི་ཉེན་རྟོག་པས་ནག་ཉེས་བཙུགས་ཡོད་པའི་དོན་ཚན་གཅིག་ནི་ཆའོ་ཧན་ཏུང་གིས་མར་མེ་ཁྲོམ་སྐོར་གྱིས་ཧོང་ཀོང་མི་དམངས་ལ་བདེན་དོན་བཤད་ཕོད་པའི་དཔྱོད་ཤེས་ཡོད་པ་མཚོན་ཡོད་ཅེས་མིང་པའོ་ཚགས་པར་ནང་དུ་རྩོམ་ཡིག་ཅིག་བྲིས་པ་ཁྲིམས་འགལ་དང་ནག་ཉེས་སུ་བརྩིས། ཆའོ་ཧང་ཏུང་ཁྲིམས་རྩོད་པ་ཞིག་ཡིན་པས་ཁྲིམས་བཤེར་དུས་སུ་དག་འབུད་ཁྲིམས་རྩོད་པ་མེད་པར་རང་གིས་རང་ལ་དག་འབུད་བྱས་པ་དང་ཧོང་ཀོང་གི་ཉེན་རྟོག་ལས་ཁུངས་ཀྱིས་བཙུགས་པའི་ནག་ཉེས་ཁག་ལ་ངོས་ལེན་མེད། མར་མེའི་མཆོད་འབུལ་ཚོགས་པ་ནི་ཟིང་ཆ་བསླང་དགོས་ཞེས་སྐུལ་སློང་བྱས་པ་ཞིག་མཚོན་མི་ཐུབ། ཉེན་རྟོག་པས་བཀག་སྡོམ་དེ་དག་ཧོང་ཀོང་མི་དམངས་ལ་སྨྲ་བརྗོད་དང་འདུ་འཛོམས་རང་དབང་གི་ཐོབ་ཐང་ཡོད་པར་རྒྱབ་འགལ་རེད། ངས་ཧོང་ཀོང་མི་དམངས་ལ་མར་མེའི་མཆོད་འབུལ་བྱེད་དགོས་ཟེར་བ་ནི་མི་ཚོགས་འདུ་བྱེད་དགོས་པའི་སྐུལ་སློང་བྱས་པ་ཞིག་མིན་ཞེས་རྩོད་པ་བརྒྱབ།།

དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཆའོ་ཧང་ཏུང་གིས་༢༠༢༠་ལོར་ཧོང་ཀོང་གཞུང་གི་ཆོག་མཆན་མེད་པར་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་ཞུས་པར་ཟླ་བ་༡༠་ཐམ་པའི་བཙོན་འཇུག་གི་ཉེས་ཆད་ཕོག ཁོ་མོས་༢༠༢༡་ལོར་ཧོང་ཀོང་གཞུང་གི་ཆོག་མཆན་མེད་པར་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱས་པར་ལོ་གཅིག་དང་ཟླ་བ་༣་གྱི་ཁྲིམས་ཐག་བཅད། དེས་ན་ཆའོ་ཧང་ཏུང་ལ་ལོ་གཉིས་ལྷག་གི་བཙོན་འཇུག་གི་ཉེས་ཆད་ཕོག ཁོ་མོ་ལོ་གཅིག་ཡས་མས་ཤིག་ལ་བཙོན་ཁང་དུ་བཀག་ཟིན་ཡོད་ཀྱང་ད་དུང་ལོ་གཅིག་ཙམ་ལ་བཙོན་ཁང་དུ་འདུག་དགོས་ཤིང་། གཟའ་མིག་དམར་ཉིན་ཆའོ་ཧང་ཏུང་ལ་ཁྲིམས་ཐག་བཅད་པའི་རྗེས་སུ་ཧོང་ཀོང་མི་དམངས་ལ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་དེར་གླེང་སློང་བྱེད་པའི་ཁོར་ཡུག་རྦད་དེ་མེད་པར་གྱུར་པ་རེད། གདུག་རྩུབ་ཅན་གྱི་ཧམ་སེམས་ནི་ཇེ་ཆེ་དང་བཀག་རྒྱ་ཇེ་མང་རེད་ཅེས་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ཚེ་སྲོག་ཤོར་བའི་སློབ་ཕྲུག་འདས་པོ་ཚོས་ཕ་མ་སོགས་ཀྱིས་བྲིས་པའི་དཔེ་དེབ་ཁག་ཅིག་རྗོད་ཚིག་ཁག་ཅིག་ལུང་དྲངས། སྔོན་ཆད་ཧོང་ཀོང་ནི་རྒྱ་ནག་གི་ས་ཐོག་ཏུ་༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུལ་སྤེལ་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བཅོས་གཏོང་དགོས། རྒྱ་ནག་ལ་དམར་ཤོག་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་ལམ་ལུགས་ཤིག་དར་ཡོད་པ་མཇུག་སྒྲིལ་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་རྗེས་དྲན་དང་གླེང་སློང་བྱེད་ཆོག་པའི་ས་གནས་འབའ་ཞིག་དེ་ཡིན་མོད། ༢༠༢༠་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་ལག་ལེན་བསྟར་ནས་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་མི་ཆོག་པའི་ཐག་བཅད།།

ཧོང་ཀོང་སློབ་གྲྭ་ཆེན་མོར་བཞེངས་པའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་རྗེས་དྲན་སྐུ་བརྙན་རྡོ་རིང་།
ཧོང་ཀོང་སློབ་གྲྭ་ཆེན་མོར་བཞེངས་པའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་རྗེས་དྲན་སྐུ་བརྙན་རྡོ་རིང་།

སྔ་ལོ་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་སློབ་ཆེན་ཁག་ཏུ་བཞེངས་ཡོད་པའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་རྗེས་དྲན་རྡོ་རིང་དང་དམངས་གཙོའི་ལྷ་མོའི་སྐུ་བརྙན། རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ལྕགས་ཁྲབ་འཁོར་ལོ་འགོག་གི་ཡོད་པ་དང་དམག་གིས་དྲག་གནོན་བྱེད་བཞིན་པ། སློབ་ཕྲུག་རྨས་མ་དང་འདས་པོ་རྣམས་ཀྱི་ཕུང་པོ་འཁྱེར་གྱི་ཡོད་པ་སོགས་རི་མོར་བརྐོས་པའི་རྩིག་གྱང་ཞིག་བཞེངས་ཡོད་པ་རྣམས་ཕྱིར་བསྡུ་བྱས་ནས་མེད་པར་བཏང་ཡོད་པ་སྟེ། ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་ཧོང་ཀོང་སློབ་གྲྭ་ཆེན་མོར་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་རྗེས་དྲན་སྐུ་བརྙན་རྡོ་རིང་ཞིག་བཙུགས་ཡོད་པ་ཕྱིར་བསྡུ། དེའི་རྗེས་སུ་༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་པེ་ཅིང་གནམ་བདེ་སྒོ་མོའི་ཁ་སྤྲོད་དུ་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་བཞེངས་པ་དེར་དཔེ་བལྟས་ནས་ཧོང་ཀོང་གི་རྒྱ་ཡིག་སློབ་གྲྭ་ཆེན་མོར་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་བཞེངས་ཡོད་པ་ཕྱིར་བསྡུ། ཧོང་ཀོང་གི་ལིང་ནན་སློབ་གྲྭ་ཆེན་མོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་གྱི་རྩིག་གྱང་ཞིག་བཞེངས་ཡོད་པ་ཕྱིར་བསྡུ། ཧོང་ཀོང་གི་སློབ་ཆེན་གཞན་པ་ཞིག་གི་ནང་དུའང་དམངས་གཙོའི་ལྷ་མོའི་སྐུ་བརྙན་ཞིག་བཞེངས་ཡོད་པ་ཕྱིར་བསྡུ་བྱེད་བཅུག་ཡོད་པའི་གནས་ཚུལ་ཚུལ་ཐོན་འདུག རྒྱ་ནག་གཞུང་གིས་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་དམར་གསོད་བྱས་པ་ལོ་རྒྱུས་ཀྱི་བྱུང་རབས་ཁོངས་ནས་ནག་སུབ་དང་མི་རབས་གསར་པ་ཚོར་དྲུག་བཞིའི་ལས་འགུལ་གྱི་བག་ཆགས་ཐེབས་མི་ཐུབ་པ། རྒྱ་ནག་གི་ས་ཐོག་ཏུ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ཞེས་གོ་ཐོས་མེད་པར་གཏོང་གི་ཡོད་པར་མ་ཟད། ཧོང་ཀོང་གི་ལས་འགུལ་བ་རྣམས་ཐེ་ཝན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བྲོས་བྱོལ་དུ་སོང་ནས་དྲུག་བཞིའི་ལས་འགུལ་གྱི་དུས་དྲན་སྲུང་བརྩི་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་ཏུ་གྱུར།།

རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་གྱུར་པ་དང་རང་བཙན་གྱི་གསར་འགྱུར་ལས་ཁང་ཁག་སྒོ་བརྒྱབ། ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་འཛིན་བཟུང་བྱས་པ་དང་རྒྱ་ནག་གི་ཕྱོགས་གཏོགས་པ་འབའ་ཞིག་ས་གནས་དེའི་གྲོས་ཚོགས་འཐུས་མིར་བདམས། དེ་བཞིན་ཧོང་ཀོང་གི་གསར་འགོད་པ་དང་སྤྱི་ཚོགས་ལས་འགུལ་བ། དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་ཅན་རྣམས་འཛིན་བྱས་པ་དང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་དུ་ཁ་བྲལ་དང་གྱེན་ལོག་སོགས་ལ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཆོག་ཅེས་བཀོད། ཧོང་ཀོང་གི་སློབ་དེབ་དང་གློག་བརྙན། དྲྭ་ཚིགས་སོགས་ཀྱི་བརྗོད་བྱ་ཁག་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱ་རྒྱུ་འགོ་ཚུགས། ཧོང་ཀོང་གི་ས་ཐོག་ཏུ་བཟོ་པ་དང་ངལ་རྩོལ་བ། དགེ་རྒན་དང་སྨན་པ། ཁྲིམས་རྩོད་པ་སོགས་ཀྱི་མཐུན་ཚོགས་འཛུགས་མི་ཆོག་པ་དང་མཐུན་ཚོགས་བཙུགས་ཡོད་པ་རྣམས་འཐོར་དགོས་པའི་བཀའ་ཕབ། རྒྱ་ནག་གཞུང་གིས་༡༩༩༧་ལོར་ཧོང་ཀོང་རྩིས་ལེན་བྱས་པའི་སྐབས་སུ་མངའ་ཁུལ་དེའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མིན་པ་དང་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་༥༠་ཐམ་པའི་རིང་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞེས་དབྱིན་རྒྱ་གཉིས་ཀྱིས་གྲོས་མཐུན་བཞག་པའི་འབྲུ་དོན་ཁག་ལ་བརྩི་མེད་བཏང་ཞིང་། ད་ལྟ་ཧོང་ཀོང་ནི་རྒྱ་ནག་གི་གྲོང་ཁྱེར་ཁག་དང་འདྲ་བར་འཇིགས་སྣང་དང་དྲག་གནོན། སྔོན་ཆད་དབྱིན་ཇིའི་དབང་སྒྱུར་དུས་སུ་ཧོང་ཀོང་ལ་རང་དབང་དང་དམངས་གཙོའི་ཐོབ་ཐང་ཡོད་པ་རྣམས་མེད་པར་བཏང་སྟེ་ཧོང་ཀོང་ལ་རྒྱལ་སྤྱིའི་ཐོག་ཏུ་ཐུན་མོང་མ་ཡིན་པའི་གནས་ཐོབ་ཅིག་ཡོད་པ་ཡོངས་སུ་ཉམས་ཡོད་པ་རེད།།

XS
SM
MD
LG